དེ་ནས་ཡ་ཧོ་ཝཱའི་ཕོ་ཉ་ཞིག་གིལ་གལ་ནས་བོ་ཁིམ་དུ་ཡར་འོངས་ནས་གསུངས་པ། ངས་ཁྱོད་རྣམས་མི་སེར་ཡུལ་ནས་བཏོན་ཏེ། ཁྱོད་རྣམས་ཀྱི་ཕ་མེས་རྣམས་ལ་མནའ་སྐྱེལ་བའི་ཡུལ་འདིའི་ནང་དུ་ཁྲིད་པ་ཡིན། ཡང་ངས་རང་གི་ཞལ་ཆད་ནི་ནམ་ཡང་གཅོག་པར་མི་བྱ་ཞེས་གསུངས་པ་ཡིན།  ཡང་ཁྱོད་རྣམས་ཀྱིས་ཡུལ་འདིའི་མི་རྣམས་དང་ཁ་ཆད་མ་བྱེད་པར། དེ་དག་གི་མཆོད་ཁྲི་རྣམས་ཤིག་པར་བྱོས་ཅེས་གསུངས་ཀྱང་། ཁྱོད་རྣམས་ཀྱིས་ངའི་བཀའ་ལ་མ་ཉན་ཏོ། ཁྱོད་ཅག་གིས་ཅི་ལ་འདི་ལྟར་བྱས་པ་ཡིན།  དེའི་ཕྱིར་ངས་ཁྱོད་ཅག་ལ། ངས་དེ་དག་ཁྱོད་ཀྱི་མདུན་ནས་སྐྲོད་པར་མི་བྱ། དེ་དག་ཁྱོད་ཅག་གི་ཕྱིར་རྙི་རུ་འགྱུར་ཞིང་། དེ་དག་གི་སྐུ་འདྲ་རྣམས་ཁྱོད་ཅག་གི་ཕྱིར་ཞགས་པ་རུ་འགྱུར་འོང་ཞེས་གསུངས་སོ།  ཡང་ཡ་ཧོ་ཝཱའི་ཕོ་ཉས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བཀའ་འདི་གསུངས་ཟིན་ནས། མི་ཚོགས་ཀྱིས་སྐད་ཆེན་པོས་ངུས་སོ།  ཡང་དེ་དག་གིས་གནས་དེའི་མིང་བོ་ཁིམ་ཞེས་བཏགས་ཏེ། ཡ་ཧོ་ཝཱ་ལ་མཆོད་པ་ཕུལ་ལོ༎
 དེ་ནས་ཡོ་ཤུ་ཨས་མི་ཚོགས་འགྲོར་བཅུག་ནས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ནས་མི་རེ་རེ་རང་རང་གི་ས་སྐལ་གྱི་ས་ཆ་བདག་ཏུ་འཛིན་པར་ཕྱིན་ཏོ།  ཡང་ཡོ་ཤུ་ཨ་དང་། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་དོན་དུ་མཛད་པའི་འཕྲིན་ལས་ཆེ་བ་ཐམས་ཅད་མཐོང་བའི་མི་རྒད་པོ་རྣམས་ཀྱི་མི་ཚེའི་རིང་དུ། མི་ཚོགས་དེས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱས་སོ།  དེར་ནུན་གྱི་བུ་ཡ་ཧོ་ཝཱའི་ཞབས་ཕྱི་ཡོ་ཤུ་ཨ་ནི་ལོ་བརྒྱ་དང་བཅུ་ལོན་ནས། ཚེ་འདས་པ་དང་།  དེ་དག་གིས་གཱ་ཨས་ཟེར་བའི་རིའི་བྱང་ཕྱོགས་སུ་ཡོད་པའི་ཨེབ་ར་ཨིམ་གྱི་རིའི་གསེབ་ཏུ་ཁོང་རང་གི་ས་སྐལ་གྱི་ས་ཆ་ཐིམ་ནད་ཧེ་རེས་ཀྱི་འགྲམ་ལ་དུར་དུ་བཅུག་གོ། ༡༠ དེའང་མི་བརྒྱུད་དེ་ཐམས་ཅད་ནི་རང་གི་ཕ་མེས་རྣམས་ཀྱི་དྲུང་དུ་འཛོམས་པའི་རྗེས་སུ། ཡ་ཧོ་ཝཱ་དང་ཁོང་གིས་ཨིས་ར་ཨེལ་གྱི་དོན་དུ་མཛད་པའི་འཕྲིན་ལས་རྣམས་མ་ཤེས་པའི་མི་བརྒྱུད་གཞན་ཞིག་བྱུང་ངོ་༎
༡༡ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་སྤྱད་ཅིང་། བ་ཨཱལ་རྣམས་ལ་བསྙེན་བཀུར་བྱས་པ་ལས། ༡༢ དེ་དག་གིས་ཡ་ཧོ་ཝཱ་རང་གི་ཕ་མེས་རྣམས་ཀྱི་དཀོན་མཆོག་མི་སེར་ཡུལ་ནས་འཁྲིད་པར་མཛད་མཁན་དེ་སྤངས་ཏེ། རང་གི་མཐའ་འཁོར་གྱི་མི་བརྒྱུད་རྣམས་ཀྱི་ལྷ་རྣམས་ཀྱི་སྐུ་འདྲ་རྣམས་ཀྱི་རྗེས་སུ་འབྲངས་ཤིང་། དེ་དག་ལ་ཕྱག་བཙལ་ནས། ཡ་ཧོ་ཝཱ་ལ་ཐུགས་ཁྲོ་དཀྲུགས་སོ། ༡༣ དེ་དག་གིས་ཡ་ཧོ་ཝཱ་སྤངས་ཏེ། བ་ཨཱལ་དང་ཨས་ཐཱ་རོད་ཀྱི་རིམ་གྲོ་བྱས་སོ། ༡༤ དེ་ནས་ཡ་ཧོ་ཝཱའི་ཐུགས་ཁྲོ་ནི་ཨིས་ར་ཨེལ་གྱི་ཐོག་ཏུ་འབར་ཞིང་། ཁོང་གིས་དེ་དག་གི་ནོར་ཇག་པ་རྣམས་ཀྱི་ལག་ཏུ་གནང་སྟེ། ཁོང་གིས་དེ་རྣམས་ཀྱི་མཐའ་འཁོར་ལ་ཡོད་པའི་དེ་དག་གི་དགྲ་བོ་རྣམས་ཀྱི་ལག་ཏུ་བཙོངས་ནས། དེ་དག་རང་གི་དགྲ་བོ་རྣམས་ཀྱི་མདུན་དུ་འཚུགས་མ་ཐུབ་བོ། ༡༥ ཡ་ཧོ་ཝཱས་གསུངས་པ་དང་། ཡ་ཧོ་ཝཱས་དབུ་མནའ་བཞེས་པ་བཞིན་དུ་དེ་རྣམས་གར་སོང་ཡང་། ཡ་ཧོ་ཝཱའི་ཕྱག་ནི་དེ་དག་ལ་དགྲར་བཞེངས་པ་དང་། དེ་དག་ཤིན་ཏུ་སྡུག་བསྔལ་གྱིས་གདུངས་སོ༎
༡༦ འོན་ཀྱང་ཡ་ཧོ་ཝཱས་ཁྲིམས་དཔོན་རྣམས་བསྐོས་ཏེ། དེ་དག་གིས་ཁོ་རྣམས་ཇག་པ་རྣམས་ཀྱི་ལག་ནས་ཐར་བར་བྱས་སོ། ༡༧ ད་དུང་ཡང་དེ་དག་གིས་རང་གི་ཁྲིམས་དཔོན་རྣམས་ཀྱི་བཀའ་ལ་མི་ཉན་པ་མ་ཟད་དེ། སྐུ་འདྲ་གཞན་རྣམས་ཀྱི་རྗེས་སུ་འབྲངས་ཏེ། དེ་དག་དང་མཉམ་དུ་ལོག་གཡེམ་བྱས་ཏེ། དེ་དག་ལ་ཕྱག་བཙལ་ཏོ། མེས་པོ་རྣམས་ཡ་ཧོ་ཝཱའི་བཀའ་ལ་ཉན་ཅིང་འགྲོ་བའི་ལམ་ནས་ཁོ་རྣམས་མགྱོགས་པར་འཁྱར་ནས། དེ་དག་ལྟར་མ་བྱས་སོ། ༡༨ ཡ་ཧོ་ཝཱས་དེ་དག་གི་ཕྱིར་ཁྲིམས་དཔོན་རྣམས་བསྐོས་པའི་ཚེ། ཡ་ཧོ་ཝཱ་ནི་ཁྲིམས་དཔོན་དང་འགྲོགས་ཤིང་། ཁྲིམས་དཔོན་དེའི་མི་ཚེའི་རིང་ལ་དེ་རྣམས་རང་གི་དགྲ་བོའི་ལག་ནས་ཐར་དུ་འཇུག་པར་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱིས་རང་ལ་གནོད་ཅིང་བཙེས་པའི་མི་རྣམས་ཀྱི་ཕྱིར་སྨྲེ་སྔགས་བཏོན་པས། ཡ་ཧོ་ཝཱས་ཐུགས་འགྱོད་མཛད་དོ། ༡༩ ཁྲིམས་དཔོན་ཚེ་འདས་པའི་དུས་སུ་འདི་ལྟར་བྱུང་། ཁོ་རྣམས་ཕྱིར་ལོག་སྟེ། སྐུ་འདྲ་གཞན་རྣམས་ཀྱི་རྗེས་སུ་འབྲངས་ཤིང་། རིམ་གྲོ་བྱས་ཏེ། ཕྱག་འཚལ་གྱིན། རང་གི་ཕ་མེས་རྣམས་ལས་ལྷག་པར་སྤྱོད་པ་ངན་པ་སྤྱད་དོ། ཡང་དེ་དག་གིས་རང་གི་བྱེད་ཚུལ་དང་། སྤྱོད་པ་ངན་པ་མ་སྤངས་སོ། ༢༠ དེ་ནས་ཡ་ཧོ་ཝཱའི་ཐུགས་ཁྲོ་ཨིས་ར་ཨེལ་གྱི་ཐོག་ཏུ་འབར་ཞིང་ཁོང་གིས། ངས་འདི་དག་གི་ཕ་མེས་ལ་བཀའ་གནང་བའི་ཞལ་ཆད་དང་མི་བརྒྱུད་འདི་འགལ་ཏེ། ངའི་གསུང་སྐད་ལ་མ་ཉན་པས། ༢༡ ངས་ཀྱང་ཡོ་ཤུ་ཨ་ཚེ་འདས་པའི་དུས་སུ་ལུས་བཅུག་པའི་མི་བརྒྱུད་རྣམས་ཀྱི་ནང་ནས་སུའང་སྐྲོད་པར་མི་བྱའོ། ༢༢ དེ་ནས་ངས་དེ་རྣམས་ཀྱི་སྒོ་ནས་ཨིས་ར་ཨེལ་གྱི་མེས་པོ་རྣམས་ཀྱིས་བྱས་པ་ལྟར། ཁོ་རྣམས་ཀྱིས་ཀྱང་ཡ་ཧོ་ཝཱའི་ལམ་བསྲུང་སྟེ། དེ་ནང་འགྲུལ་ལམ་མི་འགྲུལ་ཚོད་ལེན་པར་བྱའོ་ཞེས་གསུངས་སོ། ༢༣ དེའི་ཕྱིར་ཡ་ཧོ་ཝཱས་མི་བརྒྱུད་དེ་དག་མགྱོགས་པར་མ་བསྐྲད་པར། ལུས་བཅུག་སྟེ། ཡོ་ཤུ་ཨ་ཡི་ལག་ཏུ་ཡང་མ་གནང་ངོ་༎