ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་སེམས་ཚོད་བཞེས་པའི་ཕྱིར། བཞག་པར་མཛད་པའི་མི་བརྒྱུད་ཀ་ན་ཨན་གྱི་དམག་ཐམས་ཅད་མ་ཤེས་པ་རྣམས་འདི་ལྟ་སྟེ།  ཨིས་ར་ཨེལ་གྱི་བརྒྱུད་ཀྱི་ནང་ནས། སྔོན་དུ་དམག་མ་ཤེས་པ་རྣམས་ཀྱིས་དམག་བསླབ་སྟེ། ཤེས་ཐུབ་པའི་ཕྱིར་རོ།  མིང་གསལ་གྱིས་ཕེ་ལེ་ཤེད་པ་རྣམས་ཀྱི་རྗེ་བོ་ལྔ་དང་། ཀ་ན་ཨན་པ་དང་། ཚི་དོན་པ་རྣམས་དང་། རི་བ་ཨཱལ་ཧེར་མོན་ནས་བཟུང་སྟེ། ཧ་མད་དུ་འགྲོ་བའི་ལམ་གྱི་བར་དུ། རི་ལི་བ་ནོན་གྱི་འགྲམ་ལ་གནས་པའི་ཧི་ཝི་པ་རྣམས་སོ།  ཡང་དེ་དག་དེར་ཡོད་པའི་དོན་ནི། ཡ་ཧོ་ཝཱའི་བཀའ། མོ་ཤེའི་ལག་པའི་སྒོ་ནས་ཨིས་ར་ཨེལ་གྱི་མེས་པོ་རྣམས་ལ་གནང་བའི་བཀའ་ལ་ཉན་ནམ་མི་ཉན་སེམས་ཚོད་ལེན་ཞིང་ཤེས་པའི་དོན་ནོ།  དེར་ཨིས་ར་ཨེལ་གྱི་བུ་རྣམས་ཀ་ན་ཨན་པ་དང་། ཧེད་པ་དང་། ཨ་མོར་པ་དང་། ཕེ་རི་ཟི་པ་དང་། ཧི་ཝི་པ་དང་། ཡེ་བུས་པ་རྣམས་ཀྱི་ཁྲོད་དུ་གནས་པ་དང་།  དེ་དག་གི་བུ་མོ་རྣམས་ཆུང་མར་བླང་སྟེ། རང་གི་བུ་མོ་རྣམས་ཀྱང་དེ་དག་གི་བུ་རྣམས་ལ་བག་མར་བཏང་ཞིང་། དེ་དག་གི་སྐུ་འདྲ་རྣམས་ལ་རིམ་གྲོ་བྱས་སོ༎
 ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་སྤྱད་པ་དང་། ཡ་ཧོ་ཝཱ་རང་གི་དཀོན་མཆོག་བརྗེད་ནས། བ་ཨཱལ་དང་ཨ་ཤེ་རཱ་རྣམས་ལ་བསྙེན་བཀུར་བྱས་སོ།  དེ་ནས་ཡ་ཧོ་ཝཱའི་ཐུགས་ཁྲོ་ཨིས་ར་ཨེལ་གྱི་ཐོག་ཏུ་འབར་ཞིང་། ཆུ་བོ་གཉིས་འཛོམ་སའི་མེ་སོ་པོ་ཏ་མི་ཨ་ཡུལ་གྱི་རྒྱལ་པོ་ཀུ་ཤན་རིས་ཨ་ཏ་ཨིམ་གྱི་ལག་ཏུ་བཙོངས་ནས། དེ་རྣམས་ཀྱིས་ལོ་བརྒྱད་ཀྱི་བར་དུ་ཀུ་ཤན་རིས་ཨ་ཏ་ཨིམ་གྱི་གཡོག་བྱས་སོ།  དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འོ་དོད་བོས་པས། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ལ་ཀ་ལེབ་ཀྱི་ནུ་བོ་ཁེ་ནཱས་ཀྱི་བུ་ཨོད་ནི་ཨེལ་སྲོག་སྐྱོབ་ཏུ་བསྐོས་ནས། དེས་དེ་དག་ཐར་བར་བྱས་སོ། ༡༠ ཡ་ཧོ་ཝཱའི་ཐུགས་ཉིད་ཁོའི་སྟེང་དུ་བབ་ནས། ཨིས་ར་ཨེལ་ལ་ཁྲིམས་བཅད་དེ། དམག་ལ་ཡང་ཐོན་པ་དང་། ཡ་ཧོ་ཝཱས་མེ་སོ་པོ་ཏ་མི་ཨ་ཡུལ་གྱི་རྒྱལ་པོ་ཀུ་ཤན་རིས་ཨ་ཏ་ཨིམ་ཁོའི་ལག་ཏུ་གནང་ཞིང་། ཀུ་ཤན་རིས་ཨ་ཏ་ཨིམ་ཁོའི་ལག་ཏུ་གནང་ངོ་། ༡༡ ཡང་ཡུལ་དེ་ནི་ལོ་བཞི་བཅུའི་བར་དུ་དུས་བདེའི་ནང་དུ་གནས་ཤིང་། ཁེ་ནཱས་ཀྱི་བུ་ཨོད་ནི་ཨེལ་ཚེ་ལས་འདས་སོ༎
༡༢ སླར་ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་སྤྱད་པས། ཡ་ཧོ་ཝཱས་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་་ཨིས་ར་ཨེལ་གྱི་ཐོག་ཏུ་དབང་ཅན་དུ་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་སྤྱད་པའི་ཕྱིར་རོ། ༡༣ ཁོས་ཨམ་མོན་དང་ཨ་མ་ལེག་གི་བུ་རྣམས་རང་གི་རྩར་བསྡུས་ནས་སོང་བ་དང་། ཨིས་ར་ཨེལ་བཅོམ་སྟེ། ཁ་ཟུར་ཤིང་གི་གྲོང་ཁྱེར་དེ་བདག་ཏུ་བཟུང་ངོ་། ༡༤ དེ་ལྟར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ལོ་བཅོ་བརྒྱད་ཀྱི་བར་དུ་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་གྱི་གཡོག་བྱས་སོ༎
༡༥ དེ་ནས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འོ་དོད་བོས་པས། ཡ་ཧོ་ཝཱས་དེ་དག་ལ་བེན་ཡ་མིན་པ་གེ་རཱ་ཡི་བུ་ཨེ་ཧུད་ལག་གཡོན་དེ་སྲོག་སྐྱོབ་ཏུ་བསྐོས་ཏེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཁོ་རྒྱུད་དེ་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་ལ་ཕྱག་རྟགས་ཤིག་ཕུལ་ཏོ། ༡༦ དེ་ནས་ཨེ་ཧུད་ཀྱིས་རང་གི་ཕྱིར་རལ་གྲི་ཁ་གཉིས་མ་རིང་ཐུང་ཁྲུ་གཅིག་ཡོད་པ་ཞིག་བཟོས་ནས། རང་གི་གཞོགས་གཡས་ཀྱི་གོས་ཀྱི་འོག་ཏུ་བཏགས་སོ། ༡༧ དེ་བཞིན་དུ་མོ་ཨབ་ཀྱི་རྒྱལ་པོ་ཨེག་ལོན་གྱི་རྩར་ཕྱག་རྟགས་དེ་ཁྱེར་ཏོ། ཨེག་ལོན་ནི་མི་ཤིན་ཏུ་རྒྱགས་པ་ཞིག་ཡོད་པ་ཡིན། ༡༨ ཡང་ཁོས་ཕྱག་རྟགས་དེ་སྤྲད་ཚར་བ་དང་། ཕྱག་རྟགས་འཁུར་འོང་བའི་མི་རྣམས་སྐྱེལ་དུ་ཕྱིན་ནས། ༡༩ གིལ་གལ་དང་ཐག་ཉེ་བའི་སྐུ་འདྲ་རྣམས་ཡོད་ས་ནས་ཁོ་ཚུར་ལོག་འོང་སྟེ། ཀྱེ་རྒྱལ་པོ། ངས་ཁྱེད་ལ་གསང་གཏམ་ཞིག་ཞུ་རྒྱུ་ཡོད་ཅེས་ཞུས་པ་དང་། དེས་ཁ་རོག་སྡོད་ཅིག་སྨྲས་ཤིང་། ཁོའི་མདུན་དུ་ལངས་བསྡད་པའི་མི་ཐམས་ཅད་ཕྱི་རོལ་ཏུ་ཐོན་ནོ། ༢༠ ཁོ་ནི་རང་གི་རབ་གསལ་བསིལ་མོའི་ནང་ན་གཅིག་པུར་བསྡད་དེ། ཨེ་ཧུད་ཁོའི་མདུན་དུ་ནང་དུ་ཞུགས་ནས། ཨེ་ཧུད་ཀྱིས། དཀོན་མཆོག་གི་ཕྲིན་ཞིག་ཁྱེད་ལ་ཞུ་རྒྱུ་ཡོད་ཅེས་ཟེར་བ་ལས། ཁོ་ནི་རང་གི་ཤིང་ཁྲི་ནས་ལངས་སོ། ༢༡ དེ་ནས་ཨེ་ཧུད་ཀྱིས་རང་གི་ལག་པ་གཡོན་པ་བརྐྱངས་པ་དང་། གཞོགས་གཡས་པ་ནས་རལ་གྲི་བླངས་ནས། ༢༢ གྲིའི་ཁ་མ་ཟད་དེ། ཡུ་བ་ཡང་ནང་དུ་ནུབ་ཅིང་། ཚིལ་གྱིས་གྲི་བཀབ་བོ། ཅི་ལ་ཟེར་ན། རལ་གྲི་དེ་གྲོད་པའི་ནང་ནས་མ་བཏོན་ནོ། དེ་ནས་ཁོ་རྟ་སྒོ་ནས་ཐོན་སོང་ངོ་། ༢༣ ཨེ་ཧུད་ཀ་ཕིབས་ལ་ཐོན་ཏེ། རབ་གསལ་གྱི་སྒོ་བརྒྱབ་ནས། སྒོ་ལྕགས་བརྒྱབ་བོ༎
༢༤ ཁོ་ཐོན་ཚར་ནས། ཨེག་ལོན་གྱི་ཞབས་ཕྱི་རྣམས་འོང་སྟེ། བལྟས་པས། རབ་གསལ་གྱི་སྒོ་བརྒྱབས་ཡོད་པ་མཐོང་སྟེ། ཁོ་རབ་གསལ་གྱི་ནང་ན་བདེ་བར་ཡོད་པར་ངེས་སོ་ཞེས་སྨྲས་སོ། ༢༥ དེ་དག་སྒུག་སྲན་མ་ཚུགས་པའི་བར་དུ་སྒུག་བསྡད་ཀྱང་། ཁོས་རབ་གསལ་གྱི་སྒོ་མ་ཕྱེས་པས། དེ་དག་གིས་ལྡེ་མིག་བླངས་ཤིང་སྒོ་ཕྱེས་པ་དང་། ལྟོས་ཤིག དེ་དག་གི་དཔོན་པོ་སའི་ཁར་གྱེལ་ཞིང་ཤི་ཚར་འདུག་གོ།
༢༦ དེ་དག་འགོར་གཞི་ཆེ་བས། ཨེ་ཧུད་བྲོས་ཏེ། སྐུ་འདྲ་རྣམས་ཡོད་ས་ནས་ཕར་ཕྱིན་ཏེ། སེ་ཨི་རཱ་རུ་སོང་ནས་ཐར་རོ། ༢༧ དེ་རུ་བསླེབ་ཙ་ན། ཁོས་ཨེབ་ར་ཨིམ་རི་ལ་དུང་ཞིག་ཕུས་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཁོ་དང་མཉམ་དུ་རི་ནས་བབས་ཏེ། ཁོ་རང་དེ་དག་གི་སྔོན་དུ་ཕྱིན་ཏོ། ༢༨ ཡང་ཁོས་དེ་རྣམས་ལ་འདི་སྐད་དུ། ངའི་རྗེས་སུ་ཤོག་ཅིག ཅི་ལ་ཟེར་ན། ཡ་ཧོ་ཝཱས་མོ་ཨབ་པ་ཁྱོད་རྣམས་ཀྱི་དགྲ་བོ་དེ་དག་ཁྱོད་ཅག་ལག་ཏུ་གནང་བ་ཡིན། ཅེས་སྨྲས་པ་དང་། དེ་དག་ཁོའི་རྗེས་སུ་མར་ལ་འབྲངས་ནས། ཡོར་དན་གྱི་ཆུ་རབས་མོ་ཨབ་ཕྱོགས་སུ་ཡོད་པ་རྣམས་བཟུང་ཞིང་། མི་གཅིག་ཀྱང་ཕ་རོལ་དུ་འགྲོ་བར་མ་བཅུག་གོ། ༢༩ དེའི་དུས་སུ་ཁོ་རྣམས་ཀྱིས་མོ་ཨབ་པ་མི་སྟོབས་ཅན་དང་། དཔའ་རྩལ་ཅན་སྟོང་ཕྲག་བཅུ་ཙམ་གྱི་ནང་ནས་མི་གཅིག་ཀྱང་མ་ཐར་བར་འཕམ་པར་བྱས་སོ། ༣༠ དེ་བཞིན་དུ་མོ་ཨབ་ཉིན་དེ་ལ་ཨིས་ར་ཨེལ་གྱི་དབང་འོག་ཏུ་གྱུར་ནས། ཡུལ་དེ་ལ་ལོ་བརྒྱད་ཅུའི་བར་དུ་དུས་བདེ་ནང་གནས་སོ༎
༣༡ དེའི་རྗེས་སུ་ཨ་ནད་ཀྱི་བུ་ཤམ་གཱར་བྱུང་སྟེ། ཕེ་ལེ་ཤེད་པ་དྲུག་བརྒྱ་གླང་ལྕག་ཅིག་གིས་བརྡུངས་ཤིང་བསད་དོ། ཁོས་ཀྱང་ཨིས་ར་ཨེལ་ཐར་བར་བྱས་སོ༎