༤
ཨེ་ཧུད་ཚེ་འདས་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡང་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པར་སྤྱད་དོ། ༢ དེ་ནས་ཡ་ཧོ་ཝཱས་དེ་དག་ཧ་ཙོར་ཡུལ་དུ་སྲིད་བྱེད་པའི་ཀ་ན་ཨན་གྱི་རྒྱལ་པོ་ཡ་བིན་གྱི་དབང་དུ་བཙོངས་སོ། དེའི་དམག་དཔོན་ནི་ཕྱི་པའི་ཧ་རོ་ཤེད་ཅེས་བྱ་བའི་ཡུལ་དུ་གནས་པའི་སི་སེ་རཱ་བྱ་བ་དེ་ཡོད་པ་ཡིན། ༣ དེར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འོ་དོད་བོས་སོ། ཅི་ལ་ཟེར་ན། ཁོ་ལ་ལྕགས་ཀྱི་ཤིང་རྟ་དགུ་བརྒྱ་ཡོད་དེ། ཨིས་ར་ཨེལ་གྱི་བུ་རྣམས་ལོ་ཉི་ཤུའི་བར་དུ་དབང་གིས་མནན་ཏོ༎༤ དེའི་དུས་སུ་ལུང་སྟོན་མ། ལབ་པི་དོད་ཀྱི་ཆུང་མ་དེ་བོ་རཱས་ཨིས་ར་ཨེལ་ལ་ཁྲིམས་བཅད་དོ། ༥ མོ་ནི་ཨེབ་ར་ཨིམ་རི་ཁྲོད་ལ་རཱ་མཱ་དང་བེད་ཨེལ་གྱི་བར་དུ་དེ་བོ་རཱའི་ཁ་ཟུར་ཤིང་བྱ་བའི་འོག་ཏུ་གནས་ཏེ། ཨིས་ར་ཨེལ་གྱི་བུ་རྣམས་ཁྲིམས་ཞུ་བའི་ཕྱིར་དེའི་རྩར་ཡར་སོང་ངོ་། ༦ དེ་ནས་མོས་ཀེ་དེས་་ནབ་ཐ་ལི་ནས་ཨ་བི་ནོ་ཨམ་གྱི་བུ་བ་རག་ལ་འབོད་མི་བཏང་ནས་དེ་ལ། ལྟོས་ཤིག ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཁྱོད་ལ་འདི་སྐད་དུ། ད་སོང་ལ། ནབ་ཐ་ལི་པ་དང་། ཟེ་བུ་ལོན་པའི་ཁྲོད་ནས་མི་ཁྲི་ཚོ་གཅིག་ཁྲིད་དེ། ཐ་བོར་རིའི་ཕྱོགས་སུ་སོང་ཞིག ༧ ངས་ཡ་བིན་གྱི་དམག་དཔོན་སི་སེ་རཱ་དེའི་ཤིང་རྟ་རྣམས་དང་། དཔུང་ཚོགས་དང་བཅས་སུ་ཁྱོད་ཀྱི་མདུན་དུ་གཙང་པོ་ཀི་ཤོན་གྱི་འགྲམ་དུ་དྲང་སྟེ། ཁྱོད་ཀྱི་ལག་ཏུ་གཏད་པར་བྱའོ། ༨ ཞེས་སྨྲས་པའི་ལན་དུ་བ་རག་གིས། གལ་ཏེ་ཁྱོད་ང་དང་མཉམ་དུ་འགྲོ་ན། ང་ཡང་འགྲོ། ཁྱོད་མི་འགྲོ་ན། ང་ཡང་མི་འགྲོ་ཞེས་སྨྲས་སོ། ༩ མོས་ལན་དུ། ང་ཁྱོད་དང་མཉམ་དུ་འགྲོ་བར་དགའ་ཡང་། ཁྱོད་འགྲུལ་བའི་ལམ་གྱི་སྙན་གྲགས་དེ་ཁྱོད་རང་ལ་འབྱུང་བར་མི་འགྱུར་གྱི། བུད་མེད་ཅིག་གི་ལག་ཏུ་ཡ་ཧོ་ཝཱས་སི་སེ་རཱ་བཙོང་བར་འགྱུར་ཞེས་སྨྲས་ནས། དེ་བོ་རཱ་ལངས་ཏེ། བ་རག་དང་མཉམ་དུ་ཀེ་དེས་ལ་སོང་ངོ་། ༡༠ དེ་ནས་བ་རག་གིས་ཟེ་བུ་ལོན་དང་ནབ་ཐ་ལི་གཉིས་ཀ་ཀེ་དེས་ལ་བོས་པ་དང་། ཁོའི་རྗེས་སུ་མི་ཁྲི་ཚོ་གཅིག་ཡར་སོང་སྟེ། དེ་བོ་རཱ་ཁོ་དང་མཉམ་དུ་ཕྱིན་ཏོ༎
༡༡ འོན་ཀྱང་ཀེ་ནི་པ་ཧེ་བེར་ཞེས་བྱ་བ་དེ་གཞན་ཀེ་ནི་པ་རྣམས་མོ་ཤེའི་གྱོས་པོ་ཧོ་བཱབ་ཀྱི་བུ་རྣམས་དང་བྲལ་ཏེ། ཀེ་དེས་དང་ཐག་ཉེ་བའི་ཚ་ཨ་ནན་ནིམ་གྱི་བེ་ཤིང་གི་ཕྱོགས་སུ་རང་གི་གུར་ཕུབས་སོ༎
༡༢ དེ་དག་གིས་སི་སེ་རཱ་ལ། ཨ་བི་ནོ་ཨམ་གྱི་བུ་བ་རག་དེ་ནི་ཐ་བོར་ཞེས་ཟེར་བའི་རི་ལ་ཡར་སོང་ངོ་། ཞེས་ལོན་བསྐུར་ཏོ། ༡༣ དེར་སི་སེ་རཱས་རང་གི་ཤིང་རྟ། ལྕགས་ཀྱི་ཤིང་རྟ་དགུ་བརྒྱ་ཡོད་པ་དེ་ཐམས་ཅད་དང་། ཁོ་དང་མཉམ་དུ་ཡོད་པའི་མི་ཚོགས་ཕྱི་པའི་ཧ་རོ་ཤེད་ཅེས་ཟེར་ས་ནས་གཙང་པོ་ཀི་ཤོན་བར་དུ་བསྡུས་སོ། ༡༤ དེ་བོ་རཱས་བ་རག་ལ། ལོངས་ཤིག འདི་ནི་ཡ་ཧོ་ཝཱས་སི་སེ་རཱ་ཁྱོད་ཀྱི་ལག་ཏུ་གནང་བའི་ཉིན་མོ་ཡིན་པས། ཡ་ཧོ་ཝཱ་ནི་ཁྱོད་ཀྱི་སྔོན་དུ་མ་ཕེབས་སམ་ཞེས་སྨྲས་ནས། བ་རག་རི་ཐ་བོར་ནས་མར་བབ་སྟེ། མི་ཁྲི་ཚོ་གཅིག་ཁོའི་རྗེས་སུ་འབྲངས་སོ། ༡༥ དེར་ཡ་ཧོ་ཝཱས་སི་སེ་རཱ་དང་དེའི་ཤིང་རྟ་ཐམས་ཅད་དང་ཁོའི་དམག་དཔུང་ཚང་མ་བ་རག་གི་མདུན་དུ་རལ་གྲིའི་ཁ་ཡིས་འཁྲུག་ཏུ་བཅུག་པ་དང་། སི་སེ་རཱ་ཤིང་རྟ་ལས་བབ་ཅིང་། རྐང་ཐང་དུ་བྲོས་སོ། ༡༦ བ་རག་ནི་ཤིང་རྟ་རྣམས་དང་དམག་དཔུང་གི་རྗེས་སུ་ཕྱི་པའི་ཧ་རོ་ཤེད་ཀྱི་བར་དུ་དེད་དེ། སི་སེ་རཱའི་དམག་ཚོགས་ཐམས་ཅད་རལ་གྲིའི་ཁ་ཡིས་བསད་དེ། གཅིག་ཀྱང་མ་ལུས་སོ༎
༡༧ སི་སེ་རཱ་ནི་རྐང་ཐང་དུ་ཀེ་ནི་པ་ཧེ་བེར་གྱི་ཆུང་མ་ཡ་ཨེལ་གྱི་གུར་དུ་བྲོས་སོ། ཅི་ལ་ཟེར་ན། ཧ་ཙོར་གྱི་རྒྱལ་པོ་ཡ་བིན་དང་ཀེ་ནི་པ་ཧེ་བེར་གྱི་བརྒྱུད་གཉིས་མཐུན་ཡོད་པའི་ཕྱིར་རོ། ༡༨ དེར་ཡ་ཨེལ་ནི་སི་སེ་རཱ་བསུ་བར་ཐོན་ཏེ་དེ་ལ། ནང་དུ་ཕེབས་ཤིག བདག་གི་དཔོན་པོ། བདག་གི་རྩར་ནང་དུ་ཕེབས་ཤིག ཐུགས་མ་ཚབས་ཤིག ཅེས་ཟེར་བ་ལས། ཁོ་མོའི་རྩར་གུར་དུ་ཞུགས་ཏེ། མོས་ཉལ་གཟན་ཅིག་གིས་བཀབ་པ་དང་། ༡༩ ཁོས་མོ་ལ། ང་སྐོམ་པས་ང་ལ་ཆུ་ཅུང་ཟད་ཅིག་གནོང་ཞིག་ཅེས་ཞུས་པས། མོས་འོ་རྐྱལ་གྱི་ཁ་ཕྱེ་སྟེ། འཐུང་དུ་བཅུག་ནས་གོས་བཀབ་བོ། ༢༠ ཡང་ཁོས་མོ་ལ། གུར་གྱི་སྒོ་འགྲམ་ལ་ལངས་སྡོད་དང་། མི་ཞིག་འོང་སྟེ་ཁྱེད་ལ། འདི་རུ་སུ་ཞིག་ཡོད་ཅེས་འདྲི་ན། མེད་ཅེས་སྨྲོས་ཤིག་ཟེར་ཏོ། ༢༡ དེར་ཧེ་བེར་གྱི་ཆུང་མ་ཡ་ཨེལ་གྱིས་ལྕགས་ཕུར་བླང་སྟེ། ཐོ་བ་ཡང་རང་གི་ལག་པས་བཟུང་ནས། ཁོའི་མདུན་དུ་ཁ་རོག་ལ་ཕྱིན་པ་དང་། ལྕགས་ཕུར་དེ་སའི་ནང་དུ་ཚུད་པ་ཙམ་དུ་ཁོའི་བྱ་རུ་བའི་ནང་དུ་བརྒྱབ་བོ། ཅི་ལ་ཟེར་ན། ཁོ་ལ་གཉིད་ལྕི་བ་ཁུག་པས། དྲན་མེད་དུ་བརྒྱལ་ནས་ཤིའོ། ༢༢ ཡང་ལྟོས་ཤིག བ་རག་ནི་སི་སེ་རཱའི་རྗེས་སུ་དེད་པ་ལས། ཡ་ཨེལ་ཐོན་ཞིང་བསུ་བར་སོང་ནས་དེ་ལ། ཕེབས་ཤིག་དང་། ཁྱེད་ཀྱིས་འཚོལ་བའི་མི་དེ་ཁྱེད་ལ་སྟོན་པར་བྱ། ཞེས་ཟེར་བ་དང་། ཁོ་མོའི་རྩར་ནང་དུ་ཞུགས་ཏེ། ལྟོས་ཤིག དེ་རུ་སི་སེ་རཱ་ཤི་ཡོད་པ་དང་། ཁོའི་བྱ་རུ་བའི་ནང་ན་ལྕགས་ཕུར་དེ་མཐོང་ངོ་༎