༥
དེའི་ཉིན་མོར་དེ་བོ་རཱ་དང་ཨ་བི་ནོ་ཨམ་གྱི་བུ་བ་རག་གཉིས་ཀྱིས་གླུ་དབྱངས་ལེན་ཅིང་འདི་སྐད་དུ།༢ ཨིས་ར་ཨེལ་གྱི་ནང་ན་དཔོན་པོ་རྣམས་ཀྱིས་ཁྲིད་ཅིང་། མི་བརྒྱུད་ཀྱང་དགའ་བར་གྱུར་པས། ཡ་ཧོ་ཝཱ་ལ་སྟོད་སྔོགས་ཤིག
༣ ཀྱེ་རྒྱལ་པོ་རྣམས་གསན་ཅིག ཀྱེ་རྗེ་བོ་རྣམས་ཟོན་གྱིས་ཤིག ངས་ཡ་ཧོ་ཝཱ་ལ་གླུ་དབྱངས་བླང་བར་བྱ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་རོལ་མོ་འཁྲོལ་བར་དགའོ༎
༤ ཡ་ཧོ་ཝཱ་ཁྱེད་སེ་ཨིར་ནས་ཐོན་ནས། ཨེ་དོམ་གྱི་ཐང་ལས་ཕེབས་པའི་ཚེ། ས་གཞི་གཡོས་ཤིང་ནམ་མཁའ་གཟགས། སྤྲིན་རྣམས་ལས་ཀྱང་ཆུ་གཟགས་སོ༎
༥ ཡ་ཧོ་ཝཱའི་ཞལ་ངོའི་དྲུང་དུ་རི་རྣམས་དང་། སི་ནཱ་རི་འདི་ནི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་དྲུང་དུ་གཡོས་སོ༎
༦ ཨ་ནད་ཀྱི་བུ་ཤམ་གཱར་གྱི་དུས་དང་། ཡ་ཨེལ་གྱི་དུས་སུ་རྒྱ་ལམ་རྣམས་སྟོང་པར་གྱུར་པ་དང་། ལམ་ཁར་འགྲུལ་མི་རྣམས་ཀྱོག་ལམ་རྣམས་སུ་ཞུགས་ཏེ་སོང་ངོ་༎
༧ ང་དེ་བོ་རཱ་ནི་ཨིས་ར་ཨེལ་གྱི་མ་བྱས་ཤིང་། མ་ལངས་པའི་བར་དུ། ཨིས་ར་ཨེལ་གྱི་རྗེ་བོ་རྣམས་ཀྱང་ཆད་པར་གྱུར་ཏོ༎
༨ ལྷ་གསར་པ་རྣམས་འདམས་པས། རྒྱལ་སྒོ་རྣམས་ཀྱི་མདུན་དུ་དམག་འཁྲུག་བྱུང་ངོ་། ཨིས་ར་ཨེལ་གྱི་ཁྲི་ཚོ་བཞིའི་ཁྲོད་ན། ཕུབ་བམ་མདུང་གཅིག་ཀྱང་མཐོང་བར་གྱུར་ཏམ།
༩ ཨིས་ར་ཨེལ་གྱི་དཔོན་པོ་རྣམས་དང་། མི་བརྒྱུད་ཀྱི་ཁྲོད་ནས་རང་དགའ་བར་བློས་གཏོང་བ་རྣམས་ཀྱི་ཕྱོགས་སུ་ངའི་སྙིང་ཡོད་དོ། ཡ་ཧོ་ཝཱ་ལ་སྟོད་པ་ཕུལ་ཞིག
༡༠ ཁྱེད་བོང་མོ་དཀར་པོ་ལ་ཞོན་མཁན་རྣམས་དང་། ཁྱེད་གོས་ཆེན་གྱི་གདན་གྱི་ཁར་སྡོད་མཁན་རྣམས་དང་། ལམ་ལ་འགྲོ་མཁན་ཁྱོད་རྣམས་ཀྱིས་གཏམ་བྱོས་ཤིག
༡༡ མདའ་པ་རྣམས་ཀྱིས་སྐད་དང་འབྲལ་བར་ཆུ་འཆུ་བའི་གནས་སུ། དེ་དག་གིས་ཡ་ཧོ་ཝཱའི་འཕྲིན་ལས་དང་པོ་རྣམས་དང་། ཨིས་ར་ཨེལ་གྱི་ཁྲོད་དུ་ཁོང་གི་མངའ་ཐང་གི་ཕྱག་ལས་རྣམས་འཆད་པར་བྱའོ། དེའི་དུས་སུ་ཡ་ཧོ་ཝཱའི་མི་བརྒྱུད་ནི་རྒྱལ་སྒོ་རྣམས་ཀྱི་རྩར་མར་བབ་བོ༎
༡༢ ལོངས་ཤིག ལོངས་ཤིག ཀྱེ་དེ་བོ་རཱ། ལོངས་ཤིག་ལོངས་ཤིག གླུ་ཞིག་ལེན་པར་གྱིས། ཀྱེ་བ་རག་་ཨ་བི་ནོ་ཨམ་གྱི་བུ། ཁྱེད་ལོངས་ཤིག ཁྱེད་ཀྱི་བཙོན་པ་རྣམས་བཙོན་དུ་ཁྲིད་ཅིག
༡༣ དེའི་དུས་སུ་མི་ཚོགས་དང་དཔོན་པོ་རྣམས་ཀྱི་ལྷག་མ་ཞིག་མར་འོང་སྟེ། ཡ་ཧོ་ཝཱ་ནི་དཔའ་བོ་རྣམས་ཀྱི་ཁྲོད་དུ་བདག་གི་རྩར་བབས་སོ༎
༡༤ ཨེབ་ར་ཨིམ་གྱི་ཁྲོད་ནས་ཨ་མ་ལེག་གི་བརྒྱུད་པ་ཡིན་པ་རྣམས་འོང་སྟེ། ཀྱེ་བེན་ཡ་མིན། དེ་དག་ཁྱེད་ཀྱི་མི་ཚོགས་ཀྱི་ཁྲོད་ན་ཁྱེད་ཀྱི་རྗེས་སུ་བྲངས་སོ། མ་ཀིར་ནས་མངའ་བདག་རྣམས་དང་། ཟེ་བུ་ལོན་ནས་ཁྲིམས་རྒྱུག་འཁུར་མཁན་རྣམས་བབ་བོ༎
༡༥ ཨིས་ར་ཨེལ་གྱི་རྗེ་བོ་རྣམས་དེ་བོ་རཱ་དང་འགྲོགས་ཤིང་། ཨི་ས་གར་དེ་ནི་བ་རག་དང་འདྲ་བར་གྱུར་ཏེ་རྐང་ཐང་དུ་ལུང་པ་རུ་བརྒྱུགས་སོ། རུ་བེན་གྱི་གཙང་པོ་རྣམས་ཀྱི་ལམ་ནས། གྲོས་བྱེད་པ་དཀའ་ལས་ཁགས་པོ་བྱུང་ངོ་༎
༡༦ ཁྱོད་ཅིའི་ཕྱིར་ལུག་རའི་ནང་དུ་བསྡད་པ་ཡིན། ཁྱུ་རྣམས་ཀྱི་དོན་དུ་གླིང་བུ་གཏོང་བ་ལ་ཉན་པའི་ཕྱིར་ཡིན་ནམ། རུ་བེན་གྱི་གཙང་པོ་རྣམས་ཀྱི་ལམ་ནས། གྲོས་བྱེད་པ་དཀའ་ལས་ཁགས་པོ་བྱུང་ངོ་༎
༡༧ གིལ་ཨད་ནི་ཡོར་དན་གྱི་ཕ་རོལ་ཏུ་གནས། དཱན་དེ་ནི་ཅིའི་ཕྱིར་གྲུ་རྣམས་ཀྱི་ནང་ན་བསྡད། ཨ་ཤེར་ནི་མཚོའི་ངོགས་སུ་སྡོད་ཅིང། ཆུའི་རབས་ཁ་ན་གནས་སོ༎
༡༨ ཟེ་བུ་ལོན་རང་སྲོག་འཆི་བར་བློས་གཏོང་བའི་མི་ཚོགས་ཡིན་ཏེ། ནབ་ཐ་ལིས་ཞིང་གི་ས་མཐོ་བའི་སྒང་ལ་དེ་ལྟར་བྱས།
༡༩ རྒྱལ་པོ་རྣམས་ཕེབས་ནས་འཐབ་འཛིང་བྱས། ཀ་ན་ཨན་གྱི་རྒྱལ་པོ་རྣམས་ཀྱིས། མེ་གིད་དོའི་གྲོག་ཆུ་རྣམས་ཀྱི་འགྲམ་དུ་ཡོད་པའི་ཐ་ཨ་ནག་ཟེར་བའི་གནས་སུ་འཐབ་འཛིང་བྱས་ཀྱང་། དངུལ་གྱི་ཁེ་སྤོགས་དེ་དག་གིས་བླངས་སོ༎
༢༠ གནམ་ནས་འཐབ་འཛིང་བྱས། སྐར་མ་རྣམས་ཀྱིས་རང་གི་ལམ་ནས་སི་སེ་རཱ་ལ་རྒོལ་བར་བྱས།
༢༡ ཀི་ཤོན་གྲོག་ཆུ་དེས་དེ་དག་ཁྱེར་ཏེ། ཀི་ཤོན་གྲོག་ཆུ་ནི་འཐབ་འཛིང་བྱེད་པའི་གྲོག་པོ་ལགས་སོ། ཀྱེ་ངའི་སེམས། དབང་དང་བཅས་སུ་འགོས་བར་བྱོས་ཤིག
༢༢ དེའི་དུས་སུ་དཔའ་བོ་རྣམས་རྒྱུག་པ་ལས། རྟའི་རྨིག་པ་རྡོག་པས་ས་ལ་བརྡུངས་སོ༎
༢༣ མེ་རོས་ལ་དམོད་མོ་རྒྱོབ་ཅིག་ཅེས་ཡ་ཧོ་ཝཱའི་ཕོ་ཉས་བཀའ་སྩལ་ཏོ། དེའི་ཡུལ་མི་ཐམས་ཅད་ལ་དམོད་མོ་ངན་པ་རྒྱོབ་ཅིག ཅི་ལ་ཟེར་ན། དེ་དག་ཡ་ཧོ་ཝཱའི་སྐྱབས་སུ་མ་འོངས། དཔའ་བོ་རྣམས་ཀྱི་ཁྲོད་དུ་ཡ་ཧོ་ཝཱའི་སྐྱབས་སུ་མ་འོངས་པའི་ཕྱིར་རོ༎
༢༤ ཀེ་ནི་པ་ཧེ་བེར་གྱི་ཆུང་མ་ཡ་ཨེལ་ནི། བུད་མེད་ཀུན་ལས་བཀྲ་ཤིས་པར་ཤོག གུར་གྱི་ནང་ན་བུད་མེད་ཐམས་ཅད་ལས་བཀྲ་ཤིས་པར་ཤོག
༢༥ ཁོས་ཆུ་ཞིག་གནོང་ཞིག་ཞུས་པས་འོ་མ་སྟེར་རོ། རིན་པོ་ཆེའི་སྐྱོགས་ཀྱི་ནང་ནས་བྱིན་ཏོ༎
༢༦ མོའི་ལག་པ་ལྕགས་ཕུར་གྱི་ཕྱོགས་དང་། ལག་གཡས་ནི་བཟོ་པའི་ཐོ་བའི་ཕྱོགས་སུ་བརྐྱངས་ནས། སི་སེ་རཱ་ལ་ཐོ་བས་བརྡུངས་ཤིང་དེའི་མགོ་ལ་བརྒྱབ་ནས། བྱ་རུ་བ་བཅག་སྟེ་བརྟོལ་ལོ༎
༢༧ མོའི་རྐང་པའི་མདུན་དུ་ཁོ་ཁ་འབུབ་ཏུ་གྱེལ་ཞིང་ཉལ། མོའི་རྐང་པའི་མདུན་དུ་ཁོ་ཁ་འབུབ་ཏུ་བཏུད་དེ་གྱེལ། གང་དུ་བཏུད་པའི་གནས་སུ་གྱེལ་ཞིང་ཤིའོ༎
༢༨ སི་སེ་རཱའི་མས་དཀར་ཁུང་ནས་བལྟ་སྟེ། དྲ་མིག་ནས་འོ་དོད་བོས་ཤིང་འདི་སྐད་དུ། ཁོའི་ཤིང་རྟ་སླེབ་པར་ཅིའི་ཕྱིར་ཡུན་རིང་པོར་འགོར། ཤིང་རྟ་རྣམས་ཀྱི་འཁོར་ལོ་ནི་ཅིའི་ཕྱིར་འགོར་ཞེས་ཟེར་རོ༎
༢༩ བཙུན་མོ་མཁས་པ་རྣམས་ཀྱིས་དེ་ལ་ལན་བཏབ་ཀྱང་། མོས་ནི་རང་གཏམ་རང་ལ་བཤད་ཅིང་འདི་སྐད་དུ།
༣༠ དེ་དག་ལ་བཅོམ་ནོར་ཐོབ་སྟེ་མ་བགོས་སམ། སྐྱེས་པ་རེ་ལ་ན་ཆུང་གཅིག་གམ་གཉིས། སི་སེ་རཱའི་ཕྱིར་ཚོས་སྣ་ཚོགས་ཡོད་པའི་གོས་ཀྱི་བཅོམ་ནོར། འཐགས་པའི་གོས་ཚོས་སྣ་ཚོགས་ཀྱི་བཅོམ་ནོར། ན་བཟའ་དང་རྒྱལ་མོའི་མགུལ་གྱི་ཕྱིར་གཟན་ཚོས་སྣ་ཚོགས་ཡོད་པའི་བཅོམ་ནོར།
༣༡ ཀྱེ་ཡ་ཧོ་ཝཱ། དེ་ལྟར་ཁྱེད་ཀྱི་དགྲ་བོ་ཐམས་ཅད་མེད་པར་གྱུར་ཅིག ཁོང་ལ་ཆགས་པ་རྣམས་ནི་རང་གི་ཤུགས་ཀྱིས་འཆར་བའི་ཉི་མ་དང་འདྲ་བར་གྱུར་ཅིག
ཡང་ཡུལ་དེ་ལོ་བཞི་བཅུའི་བར་དུ་དུས་བདེའི་ནང་གནས་སོ༎