ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་སྤྱན་སྔར་སྤྱོད་པ་ངན་པ་སྤྱད་པས། ཡ་ཧོ་ཝཱས་དེ་དག་ལོ་བདུན་གྱི་བར་དུ་མིད་ཨན་གྱི་ལག་ཏུ་གནང་བ་དང་།  མིད་ཨན་གྱི་ལག་པ་ཨིས་ར་ཨེལ་གྱི་ཐོག་ཏུ་དབང་ཅན་དུ་གྱུར་ཏོ། མིད་ཨན་གྱི་ཕྱིར་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རི་གསེབ་ཏུ་སྡོད་ས་དང་བྲག་ཕུག་དང་རྫོང་བཟོས་སོ།  ཡང་ཨིས་ར་ཨེལ་གྱིས་ས་བོན་བཏབ་ཟིན་པའི་ཚེ། མིད་ཨན་པ་དང་ཨ་མ་ལེག་པ་དང་ཤར་ཕྱོགས་ཀྱི་བུ་ཐམས་ཅད་བསླེབ་སྟེ། དེ་རྣམས་ཀྱི་རྩར་འོངས་པ་དང་།  དེ་རྣམས་ཀྱི་ཐོག་ཏུ་དམག་སྒར་བརྒྱབས་ནས། ག་ཟཱའི་བར་དུ་ཡུལ་གྱི་ལོ་ཐོག་མེད་པར་བྱས་ཏེ། ཨིས་ར་ཨེལ་གྱི་ནང་ན་ཟ་རྒྱུ་དང་ལུག་དང་བ་གླང་དང་བོང་བུ་ཡང་མ་བཞག་གོ།  ཅི་ལ་ཟེར་ན། དེ་དག་ཁྱུ་དང་གུར་རྣམས་དང་བཅས་སུ་ཡར་འོང་སྟེ། དེ་དག་གི་གྲངས་ནི་ཆ་ག་འབུ་རྣམས་དང་འདྲའོ། དེ་དག་དང་དེ་དག་གི་རྔ་མོང་གི་གྲངས་མེད་དེ། ཡུལ་དེ་འཇོམས་པའི་ཕྱིར་འོངས་པ་དང་།  ཨིས་ར་ཨེལ་ནི་མིད་ཨན་གྱི་དྲུང་དུ་ཤིན་ཏུ་དམའ་བར་གྱུར་པས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་འོ་དོད་བོས་སོ༎
 ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་མིད་ཨན་གྱི་ཕྱིར་ཡ་ཧོ་ཝཱ་ལ་འོ་དོད་བོས་པས།  ཡ་ཧོ་ཝཱས་ལུང་སྟོན་པ་ཞིག་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་རྩར་སྩལ་ཏེ་དེ་དག་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་ཅེས་གསུང་། ངས་ཁྱེད་ཚོ་མི་སེར་ཡུལ་ནས་ཡར་ཁྲིད་དེ། གཡོག་བྱེད་པའི་ཁང་པའི་ནང་ནས་བཏོན།  མི་སེར་པའི་ལག་པ་དང་། ཁྱོད་ཅག་གནན་པ་རྣམས་ཀྱི་ལག་པ་ནས་བསྒྲལ། དེ་དག་ཁྱོད་ཅག་གི་མདུན་ནས་བསྐྲད་ནས། དེ་དག་གི་ཡུལ་ཁྱོད་རྣམས་ལ་གནང་བ་ཡིན། ༡༠ ཡང་ངས་ཁྱོད་རྣམས་ལ། ང་ནི་ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་ལགས་སོ། ཁྱོད་རྣམས་གནས་སའི་ཨ་མོར་པའི་ཡུལ་གྱི་ལྷ་རྣམས་ལ་རིམ་གྲོ་མ་བྱེད་ཅིག ཅེས་སྨྲས་ཀྱང་། ཁྱོད་ཚོས་ངའི་གསུང་སྐད་ལ་ཉན་པ་མ་ཡིན་ཞེས་གསུངས་སོ༎
༡༡ དེ་ནས་ཡ་ཧོ་ཝཱའི་ཕོ་ཉ་ཕེབས་ཏེ། ཨ་བི་ཨེས་རི་པ་ཡོ་ཨས་བྱ་བའི་ཨོབ་རཱ་ཟེར་བའི་གནས་ལ་ཡོད་པའི་བེ་ཤིང་གི་འོག་ཏུ་བཞུགས་པ་ལས། དེའི་བུ་གིད་ཡོན་གྱིས་རྒུན་འབྲུམ་བཙིར་བའི་འཆག་ཞོང་གི་ནང་དུ་གྲོ་བརྡུངས་སོ། ཅི་ལ་ཟེར་ན། མིད་ཨན་པ་རྣམས་ལས་སྲུང་བའི་ཕྱིར་རོ། ༡༢ ཡང་ཁོས་ཡ་ཧོ་ཝཱའི་ཕོ་ཉ་མཐོང་བར་གྱུར་ཏེ། དེས་ཁོ་ལ། ཡ་ཧོ་ཝཱ་ཁྱོད་དང་མཉམ་དུ་བཞུགས་ཤིག ཁྱོད་དཔའ་བོ་སྙིང་སྟོབས་ཅན་ནོ་ཅེས་གསུངས་སོ། ༡༣ དེར་གིད་ཡོན་གྱིས་ཁོང་ལ། བདག་གི་གཙོ་བོ་ལགས། གལ་ཏེ་ཡ་ཧོ་ཝཱ་བདག་ཅག་དང་འགྲོགས་ན། འདི་ཐམས་ཅད་བདག་ཅག་ལ་ཅི་ལ་བྱུང་། ཡང་བདག་ཅག་གི་ཕ་མེས་རྣམས་ཀྱིས་བདག་ཅག་ལ། ཡ་ཧོ་ཝཱས་བདག་ཅག་མི་སེར་ཡུལ་ནས་ཡར་ཁྲིད་པར་མ་མཛད་དམ། ཞེས་སྨྲས་ཤིང་བཤད་པའི་ཡ་མཚན་ཆེ་བའི་ཕྲིན་ལས་རྣམས་ག་རེ། ད་ཡ་ཧོ་ཝཱས་བདག་ཅག་བོར་བར་མཛད་ཅིང་མིད་ཨན་པའི་ལག་ཏུ་གནང་ངོ་། ༡༤ ཡང་ཡ་ཧོ་ཝཱས་ཁོ་ལ་གཟིགས་ཏེ་གསུངས་པ། ཁྱོད་ཀྱི་མཐུ་སྟོབས་འདིའི་ངང་ན་སོང་ལ། ཨིས་ར་ཨེལ་་མིད་ཨན་པའི་ལག་ནས་སྐྱོབ་ཅིག ངས་ཁྱོད་བཏང་བ་མ་ཡིན་ནམ། ༡༥ དེར་ཁོས། གཙོ་བོ་ལགས། བདག་གིས་ཨིས་ར་ཨེལ་ཐབས་གང་གིས་བསྐྱབ། ཀྱེ་ཧོ། བདག་གི་བརྒྱུད་ནི་མ་ན་ཤེའི་ནང་ན་ཐམས་ཅད་ལས་ཆུང་བ་ཡིན་ཏེ། བདག་ཀྱང་ཕའི་ཁང་པའི་ནང་ཚང་མ་ལས་ཆུང་ངོ་ཞེས་ཞུས་པ་དང་། ༡༦ ཡ་ཧོ་ཝཱས་དེ་ལ་གསུངས་པ། ང་ཁྱོད་དང་མཉམ་དུ་ཡོད་པར་ངེས་པས། ཁྱོད་ཀྱིས་མིད་ཨན་པ་རྣམས་མི་གཅིག་དང་འདྲ་བར་འཕམ་པར་བྱའོ། ༡༧ ཁོས་ཞུས་པ། གལ་ཏེ་ཁྱེད་ཀྱི་སྤྱན་གྱིས་བདག་ལ་ཐུགས་རྗེས་གཟིགས་ན། བདག་ལ་བཀའ་གནང་མཁན་དེ་ཁྱེད་ཡིན་པའི་རྟགས་ཤིག་བདག་ལ་གནོང་ཞིག ༡༨ བདག་ཁྱེད་ཀྱི་སྐུ་དྲུང་དུ་འོང་སྟེ། བདག་གི་འབུལ་བ་ཁྱེར་ཞིང་མ་ཕུལ་བའི་བར་དུ་འདི་ནས་ཕར་མ་ཕེབས་ཤིག ཁོང་གིས་གསུངས་པ། ཁྱོད་ཚུར་མ་ལོག་པའི་བར་དུ་ང་འདི་རུ་སྒུག་པར་བྱའོ་གསུངས་སོ༎
༡༩ དེར་གིད་ཡོན་ནང་དུ་སོང་ནས། ར་ཕྲུག་གཅིག་དང་། གྲོ་ཞིབ་བྲེ་གང་གི་རུ་མ་མེད་པའི་བག་ལེབ་གཡོས་ཏེ། ཤ་དེ་ནི་སློ་མ་ཞིག་གི་ནང་དུ་བཞག ཤ་ཁུ་ནི་སྣོད་སྤྱད་ཀྱི་ནང་དུ་བླུགས་ནས། ཁོང་གི་སྐུ་དྲུང་དུ་བེ་ཤིང་གི་འོག་ཏུ་ཁྱེར་ཏེ་ཕུལ་ལོ། ༢༠ དེར་དཀོན་མཆོག་གི་ཕོ་ཉས་ཁོ་ལ། ཤ་དང་རུ་མ་མེད་པའི་བག་ལེབ་རྣམས་ཁྱེར་ཏེ། ཕ་བོང་དེའི་ཁར་བཞག་ནས། ཤ་ཁུ་བླུགས་ཤིག་གསུངས་པས། ཁོས་དེ་བཞིན་དུ་བྱས་སོ། ༢༡ དེ་ནས་ཡ་ཧོ་ཝཱའི་ཕོ་ཉས་རང་གི་ཕྱག་ན་ཡོད་པའི་ཕྱག་འཁར་གྱི་མགོ་ཡིས་ཤ་དང་རུ་མ་མེད་པའི་བག་ལེབ་རྣམས་ལ་རེག་པས། ཕ་བོང་དེ་ནས་མེ་འཐོན་ཏེ། ཤ་དང་རུ་མ་མེད་པའི་བག་ལེབ་རྣམས་འཚིག དེ་ནས་ཡ་ཧོ་ཝཱའི་ཕོ་ཉ་དེ་ཁོའི་མཐོང་ས་ནས་བཞུད་དོ། ༢༢ དེར་གིད་ཡོན་གྱིས་དེ་ནི་ཡ་ཧོ་ཝཱའི་ཕོ་ཉ་ཞིག་ཡིན་པར་ཤེས་ཏེ། གིད་ཡོན་གྱིས། ཀྱེ་མ། ཀྱེ་གཙོ་བོ་ཡ་ཧོ་ཝཱ། བདག་གིས་ཡ་ཧོ་ཝཱའི་ཕོ་ཉ་ཞིག་ངོས་སུ་མཇལ། ཞེས་ཞུས་པས། ༢༣ ཡ་ཧོ་ཝཱས་དེ་ལ། ཞི་བདེ་བར་གྱུར་ཅིག མ་འཇིགས་ཤིག ཁྱོད་འཆི་བར་མི་འགྱུར་ཞེས་གསུངས་སོ། ༢༤ དེ་ནས་གིད་ཡོན་གྱིས་ཡ་ཧོ་ཝཱའི་ཆེད་དུ་དེར་མཆོད་ཁྲི་ཞིག་བརྩིགས་ནས། དེ་ལ། ཡ་ཧོ་ཝཱ་ནི་སྐྱབས་ལགས་སོ་ཞེས་བཏགས། དེ་ནི་དེ་རིང་གི་བར་དུ་ཨ་བི་ཨེས་རི་པ་རྣམས་ཀྱི་ཨོབ་རཱ་ན་ཡོད་དོ༎
༢༥ ཡང་མཚན་མོ་དེ་རང་ལ་ཡ་ཧོ་ཝཱས་ཁོ་ལ། ཁྱོད་ཀྱི་གཡོག་པོའི་ནང་ནས་མི་བཅུ་དང་། ལོ་བདུན་པའི་གླང་གཅིག་ཁྲིད་ལ། ཁྱོད་ཀྱི་ཕ་ལ་ཡོད་པའི་བ་ཨཱལ་གྱི་མཆོད་ཁྲི་དེ་བཤིག་སྟེ། དེའི་འགྲམ་ལ་ཡོད་པའི་ཨ་ཤེ་རཱ་དེ་ཆོད་ཅིག ༢༦ ཡང་རང་གི་དཀོན་མཆོག་ཡ་ཧོ་ཝཱའི་ཕྱིར་བསྐོས་པའི་གནས་སུ་ཕ་བོང་འདིའི་སྟེང་དུ་མཆོད་ཁྲི་ཞིག་བརྩིགས་ནས། གླང་གཉིས་པ་དེ་བླངས་ནས། ཁྱོད་ཀྱིས་བཅད་པའི་ཨ་ཤེ་རཱ་ཡི་ཤིང་གིས་སྦྱིན་སྲེག་གི་མཆོད་པར་ཕུལ་ཞིག་ཅེས་བསྒོ་བས། ༢༧ གིད་ཡོན་གྱིས་རང་གི་གཡོག་པོའི་ནང་ནས་མི་བཅུ་ཁྲིད་དེ། ཡ་ཧོ་ཝཱས་གསུངས་པ་བཞིན་དུ་བྱས་སོ། ལར་ཁོས་རང་གི་ཕ་ཡི་བརྒྱུད་དང་གྲོང་ཁྱེར་གྱི་མི་རྣམས་ལ་འཇིགས་པས། ལས་དེ་ནི་ཉིན་མོར་བྱེད་མ་ཐུབ་པར། མཚན་མོར་བྱས་སོ༎
༢༨ གྲོང་ཁྱེར་གྱི་མི་རྣམས་སྔ་དྲོ་ལངས་པའི་ཚེ། བ་ཨཱལ་གྱི་མཆོད་ཁྲི་བསློག་སྟེ། དེ་རུ་ཡོད་པའི་ཨ་ཤེ་རཱ་དེ་ནི་བཅད་དེ། མཆོད་ཁྲི་བརྩིགས་པའི་སྟེང་དུ་གླང་གཉིས་པ་དེ་མཆོད་པར་ཕུལ་བཞག་ཡོད་པ་ཡིན། ༢༩ དེར་དེ་དག་གིས་གཅིག་གིས་གཅིག་ལ། འདི་ནི་སུས་བྱས་འདྲིས་པ་དང་། དེ་དག་གིས་ཞིབ་དཔྱད་ནས་འདྲིས་པའི་ཚེ་མི་རྣམས་ཀྱིས། ཡོ་ཨས་ཀྱི་བུ་གིད་ཡོན་གྱིས་དེ་ལྟར་བྱས། ཤེས་སྨྲས་སོ། ༣༠ དེ་ནས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཡོ་ཨས་ལ། ཁྱོད་ཀྱི་བུ་ཕྱི་རོལ་ཏུ་ཁྲིད་ཤོག ཁོ་གསོད་པར་རུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ཁོས་བ་ཨཱལ་གྱི་མཆོད་ཁྲི་བསློགས་ནས། དེའི་མདུན་དུ་ཡོད་པའི་ཨ་ཤེ་རཱ་བཅད་དོ། ཞེས་སྨྲས་སོ། ༣༡ དེ་ནས་ཡོ་ཨས་ཀྱིས་རང་གི་མདུན་དུ་ལངས་བསྡད་པའི་མི་ཚོགས་ལ། ཁྱོད་ཅག་གིས་བ་ཨཱལ་གྱི་དོན་དུ་འཁྲབ་བམ། དེ་ལ་སྐྱབས་བྱེད་དམ། དེའི་དོན་དུ་འཁྲབ་མཁན་དེ་ནི་སྔ་དྲོའི་དུས་སུ་གསོད་པར་རུང་ངོ་། གལ་ཏེ་ཁོ་དཀོན་མཆོག་གཅིག་ལགས་ན། མི་ཞིག་གིས་ཁོའི་མཆོད་ཁྲི་བསློགས་པའི་ཕྱིར་ཁོས་ནི་འཁྲབ་པར་འོས་སོ་ཞེས་སྨྲས་སོ། ༣༢ དེའི་ཕྱིར་ཉིན་དེ་ནས་བཟུང་སྟེ། གིད་ཡོན་གྱི་མིང་ཡེ་རུབ་བ་ཨཱལ་ཞེས་བཏགས་སོ། ཅིའི་ཕྱིར་ཞེ་ན། ཁོས་བ་ཨཱལ་གྱི་མཆོད་ཁྲི་བསློགས་པས། བ་ཨཱལ་གྱིས་དེའི་ཕྱིར་ཁྲོབ་ཅིག་སྨྲས་པའི་ཕྱིར་རོ༎
༣༣ དེ་ནས་མིད་ཨན་པ་དང་། ཨ་མ་ལེག་པ་དང་། ཤར་ཕྱོགས་པ་དེ་ཐམས་ཅད་འདུས་ཏེ། ཕར་འཐོན་ཅིང་། ཡིས་རེ་ཨེལ་གྱི་ཐད་དུ་གུར་ཕུབས། ༣༤ དེ་རུ་ཡ་ཧོ་ཝཱའི་ཐུགས་ཉིད་གིད་ཡོན་ལ་བབ་པ་ལས། ཁོས་དུང་ཕུས་ཏེ། ཨ་བི་ཨེས་རི་པ་ནི་ཁོའི་རྗེས་སུ་འབྲངས་ཤིང་འཛོམ་མོ། ༣༥ ཡང་ཁོས་མ་ན་ཤེ་ལ་བང་ཆེན་བརྫང་སྟེ། དེ་དག་ཀྱང་ཁོའི་རྗེས་སུ་འབྲང་བར་འཛོམ་པ་དང་། ཡང་ཁོས་ཨ་ཤེར་དང་ཟེ་བུ་ལོན་དང་ནབ་ཐ་ལིའི་རྩར་བང་ཆེན་བརྫང་བས། དེ་དག་ཀྱང་ཁོ་རྣམས་བསུ་རུ་འོངས་སོ༎
༣༦ དེ་ནས་གིད་ཡོན་གྱིས་དཀོན་མཆོག་ལ། ཁྱེད་ཀྱིས་གསུངས་པ་བཞིན་དུ་བདག་གི་ལག་ནས་ཨིས་ར་ཨེལ་ལ་སྐྱབས་མཛད་པར་མཉེས་ན། ༣༧ གཟིགས་ཤིག བདག་གིས་བལ་རྒྱབ་བཤུས་ཞིག་གཡུལ་ཁ་ལ་གཞག གལ་ཏེ་ཟིལ་པ་ནི་བལ་གཅིག་པོའི་སྟེང་དུ་བབ་སྟེ། དེའི་འཁོར་གྱིས་ཐམས་ཅད་སྐམ་པོར་ལུས་ན། ཁྱེད་ཀྱིས་གསུངས་པ་བཞིན་དུ་ཁྱེད་ཀྱིས་ཨིས་ར་ཨེལ་ལ་བདག་གི་ལག་ནས་སྐྱབས་མཛད་པར་མཉེས་པར་བདག་གིས་ཤེས་པར་འགྱུར་ཞེས་ཞུས་སོ། ༣༨ དེ་བཞིན་དུ་གྱུར་ཏོ། ཁོ་སང་སྔ་དྲོ་ལངས་ཏེ། བལ་དེ་བསྡུས་ཏེ་བཙིར་བས། ཆུ་ཕོར་པ་གང་འཐོན་ནོ། ༣༩ དེར་གིད་ཡོན་གྱིས་དཀོན་མཆོག་ལ། བདག་གིས་ད་རུང་ལན་གཅིག་ཞུ་ན་ཡང་། ཁྱེད་ཀྱི་ཐུགས་ཁྲོ་བདག་གི་ཐོག་ཏུ་མ་སྦར་ཞིག ད་དུང་ལན་གཅིག་བལ་གྱི་སྒོ་ནས་ཚོད་ལྟ་བར་བྱ། ད་ལྟ་བལ་དེ་གཅིག་པོ་སྐམ་པོར་ལུས་དེ། ས་ཚང་མའི་སྟེང་དུ་ཟིལ་པ་འབེབས་པར་གནོང་ཞིག་ཅེས་ཞུས་པས། ༤༠ དཀོན་མཆོག་གིས་མཚན་མོ་དེ་རང་ལ་དེ་ལྟར་མཛད་དེ། བལ་དེ་གཅིག་པོ་སྐམ་པོར་ལུས་ཏེ། ས་ཚང་མའི་སྟེང་དུ་ཟིལ་པ་བབས་སོ༎