༧
དེ་ནས་ཡེ་རུབ་བ་ཨཱལ་ཟེར་བའམ་གིད་ཡོན་དང་ཁོ་དང་བཅས་སུ་ཡོད་པ་ཐམས་ཅད་སྔ་དྲོ་ལངས་ནས། ཧ་རོད་ཀྱི་ཆུ་དོང་གི་རྩར་གུར་ཕུབ་སྟེ། མིད་ཨན་གྱི་དམག་སྒར་ནི་བྱང་ཕྱོགས་སུ་མོ་རེའི་རི་དང་ཉེ་བའི་ཐང་དུ་ཡོད་པ་ཡིན།༢ དེ་ནས་ཡ་ཧོ་ཝཱས་གིད་ཡོན་ལ། ཁྱོད་དང་མཉམ་དུ་ཡོད་པའི་མི་རྣམས་ཤིན་ཏུ་མང་བས། ངས་མིད་ཨན་པ་རྣམས་དེ་དག་གི་ལག་ཏུ་གཏོང་མི་ཕོད། དེ་མིན། ཨིས་ར་ཨེལ་གྱིས་ངའི་དྲུང་དུ་ཡུས་བྱས་ཏེ། ང་རང་གི་ལག་གིས་ང་ཐར་བར་གྱུར་ཏོ་ཞེས་ཟེར་ཡོང་། ༣ དེ་བས་ན་ཁྱོད་སོང་ལ། མི་ཚོགས་ཀྱི་རྣ་བར་འདི་སྐད་དུ། སུ་ཞིག་སེམས་འཚབས་མཁན་དང་འཇིགས་མཁན་ཡོད་ན། དེ་ནི་ཕྱིར་ལོག་སྟེ་གིལ་ཨད་རི་ནས་འགྲོ་ཡང་རུང་ཞེས་སྨྲོས་ཤིག དེར་མི་ཚོགས་དེའི་ནང་ནས་མི་ཉི་ཁྲི་ཉི་སྟོང་ལོག་ནས། ཆིག་ཁྲི་ལུས་སོ༎
༤ ཡང་ཡ་ཧོ་ཝཱས་གིད་ཡོན་ལ། མི་རྣམས་ད་དུང་ཡང་ཤིན་ཏུ་མང་བས། ཁོ་རྣམས་ཆུའི་རྩར་ཁྲིད་ཤོག་དང་། ངས་ཁྱོད་ཀྱི་ཕྱིར་དེ་དག་ལ་ཚོད་ལེན་པར་བྱ། དེ་ནས་འདི་ལྟར་འབྱུང་ཡོང་དེ་རུ་ངས་ཁྱོད་ལ། ཁྱོད་དང་བཅས་འདི་འགྲོ་དགོས་ཟེར་ན། དེ་ཉིད་ཁྱོད་དང་བཅས་སུ་འགྲོ་བར་རུང་ངོ་། ཡང་སུ་ཞིག་ལ་རྟེན་ཏེ་ངས་ཁྱོད་ལ། འདི་ཁྱོད་དང་བཅས་འགྲོ་མི་ཆོག་ཟེར་ན། དེ་ཉིད་ཁྱོད་དང་བཅས་འགྲོ་བར་མི་རུང་ངོ་ཞེས་གསུངས་པས། ༥ ཁོས་མི་རྣམས་ཆུའི་རྩར་མར་ཁྲིད་ནས། ཡ་ཧོ་ཝཱས་གིད་ཡོན་ལ། སུས་ཀྱང་ཁྱི་ལྟར་ཆུ་ལྕེ་ཡིས་ལྡག་སྟེ་འཐུང་བ་རྣམས་ནི་རང་རང་སོ་སོར་ཞོག་དང་། དེ་བཞིན་དུ་སུས་ཀྱང་པུས་མོ་འཛུགས་ཤིང་ལག་པས་འཐུང་བ་རྣམས་སོ་སོར་ཞོག་ཅེས་གསུངས་པ་དང་། ༦ དེར་རང་གི་ཁ་རུ་ལག་པས་བཞག་ནས་ལྡག་སྟེ་འཐུང་བ་རྣམས་ཀྱི་གྲངས་ནི་མི་གསུམ་བརྒྱ་ཡོད་པ་ཡིན། གཞན་ཐམས་ཅད་ཀྱིས་ཆུ་འཐུང་བར་རང་གི་པུས་མོ་བཙུགས་སོ། ༧ དེ་ནས་ཡ་ཧོ་ཝཱས་གིད་ཡོན་ལ། ཆུ་ལྡག་སྟེ་བཏུངས་པའི་མི་གསུམ་བརྒྱ་དེའི་སྒོ་ནས་ངས་ཁྱོད་ཅག་ལ་སྐྱབས་བྱ་བ་དང་། མིད་ཨན་པ་རྣམས་ཁྱོད་ཀྱི་ལག་ཏུ་གཏོད་པར་བྱ། མི་གཞན་དེ་ཐམས་ཅད་རང་རང་གི་གནས་སུ་ལོག་པར་རུང་ངོ་ཞེས་གསུངས་པས། ༨ མི་རྣམས་ཀྱིས་རྒྱགས་དང་དུང་རང་གི་ལག་ཏུ་འཁུར་ཏེ། ཁོས་ཨིས་ར་ཨེལ་པ་གཞན་མ་རྣམས་རང་རང་གི་གུར་དུ་བཏང་ནས། མི་གསུམ་བརྒྱ་དེ་ནི་རང་གི་རྩར་བཞག་གོ། མིད་ཨན་གྱི་དམག་སྒར་ནི་ཁོའི་འོག་ཏུ་ཐང་ལ་ཡོད་པ་ཡིན།
༩ ཡང་མཚན་མོ་དེ་རང་ལ་ཡ་ཧོ་ཝཱས་ཁོ་ལ། ད་ལོངས་ལ། འོག་གི་དམག་སྒར་དུ་སོང་ཞིག་ངས་དེ་ནི་ཁྱོད་ཀྱི་ལག་ཏུ་བཏད་པ་ཡིན། ༡༠ གལ་ཏེ་ཁྱོད་འགྲོ་བར་འཚབ་ན། ཁྱོད་ཀྱི་གཡོག་པོ་ཕུ་རཱ་དང་བཅས་དམག་སྒར་དུ་སོང་ཞིག་དང་། ༡༡ དེ་རུ་དེ་དག་གིས་ཅི་ཟེར་བ་ལ་ཉན་ན། དམག་སྒར་དུ་འགྲོ་བར་ཁྱོད་ཀྱི་ལག་པ་ཤེད་ཅན་དུ་འགྱུར་ཡོང་གསུངས་པས། དེ་ནི་རང་གི་གཡོག་པོ་ཕུ་རཱ་དང་བཅས་དམག་སྒར་གྱི་མཐའ་མ་ན་ཡོད་པའི་དམག་མི་རྣམས་ཀྱི་རྩར་སོང་ངོ་། ༡༢ དེར་མིད་ཨན་པ་དང་ཨ་མ་ལེག་པ་དང་ཤར་ཕྱོགས་པ་ཐམས་ཅད་ཆ་ག་འབུའི་ཚོགས་ལྟར་ཐང་ལ་ཡོད་པ་དང་། དེ་དག་གི་རྔ་མོང་རྣམས་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལྟར་གྲངས་མེད་འདུག་གོ། ༡༣ ཡང་གིད་ཡོན་བསླེབས་པ་དང་། མི་ཞིག་གིས་རང་གི་གྲོགས་པོ་ལ་རྨི་ལམ་བཤད་དེ་འདི་སྐད་དུ། ལྟོས་ཤིག ངས་རྨི་ལམ་ཞིག་རྨིས་པ་འདི་ལྟ་སྟེ། ནས་ཕྱེའི་བག་ལེབ་ཅིག་མིད་ཨན་པའི་དམག་སྒར་དུ་འགྲིལ་གྱིན་འོང་སྟེ། གུར་གྱི་སྟེང་དུ་བསླེབ་ནས། དེ་ལ་ཕོག་སྟེ་གྱེལ། ཡང་གུར་དེ་མགོ་ལོག་ཏུ་སོང་། ༡༤ ཞེས་སྨྲས་པའི་ལན་དུ་མི་གཞན་དེས། འདི་ནི་ཨིས་ར་ཨེལ་པ་ཡོ་ཨས་ཀྱི་བུ་གིད་ཡོན་གྱི་རལ་གྲི་མ་གཏོགས་པར་གཞན་ཅིའང་མིན། དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མིད་ཨན་པ་དང་དམག་སྒར་ཐམས་ཅད་ཁོའི་ལག་ཏུ་གནང་བ་ཡིན་སྨྲས་སོ༎
༡༥ ཡང་འདི་ལྟར་བྱུང་། གིད་ཡོན་གྱིས་རྨི་ལམ་དང་དེའི་དོན་འཆད་པར་ཐོས་པས། ཕྱག་འཚལ་ནས། ཨིས་ར་ཨེལ་པའི་དམག་སྒར་དུ་ཕྱིར་ལོག་ནས་འདི་སྐད་དུ། ད་ལོངས་ཤིག ཡ་ཧོ་ཝཱས་མིད་ཨན་པའི་དམག་ཚོགས་ཁྱོད་ཅག་གི་ལག་ཏུ་གནང་བ་ཡིན། ༡༦ དེར་ཁོས་མི་གསུམ་བརྒྱ་དེ་ཚོ་གསུམ་དུ་བགོས་ནས། མི་རེའི་ལག་ཏུ་དུང་རེ་དང་། རྫ་སྟོང་རེ་དང་། རྫ་མའི་ནང་དུ་སྤ་འབར་རེ་བཏང་སྟེ། ༡༧ དེ་དག་ལ། ང་ལ་ལྟོས་ཤིག་དང་དེ་བཞིན་དུ་བྱོས་ཤིག དམག་སྒར་གྱི་མཐའ་མ་རུ་སླེབ་པའི་ཚེ། ངས་བྱེད་པ་བཞིན། ཁྱོད་ཅག་གིས་ཀྱང་བྱོས་ཤིག ༡༨ ང་རང་དང་ང་དང་མཉམ་ཡོད་པ་ཐམས་ཅད་ཀྱིས་དུང་འབུད་པའི་ཚེ། ཁྱོད་ཅག་གིས་ཀྱང་དམག་སྒར་གྱི་ཕྱོགས་ཚང་མ་ནས་དུང་ཕུས་ཏེ། ཡ་ཧོ་ཝཱ་དང་གིད་ཡོན་གྱི་རལ་གྲི། ཞེས་སྐད་ཆེན་པོ་རྒྱོབ་ཅིག་སྨྲས་སོ༎
༡༩ དེ་ནས་གིད་ཡོན་དང་ཁོ་དང་མཉམ་ཡོད་པའི་མི་བརྒྱ་པོ་དེ་དམག་སྒར་གྱི་མཐའ་མ་རུ་མར་འོངས་སོ། དེའི་དུས་སུ་སོ་པ་རྣམས་བཞག་ཡོད་པ་ཡིན། དེ་ནས་དེ་དག་གིས་དུང་ཕུས་ཏེ། ལག་ཏུ་ཡོད་པའི་རྫ་མ་རྣམས་བཅག་གོ། ༢༠ ཡང་ཚོ་གསུམ་ཀས་ལྷན་ཅིག་ཏུ་དུང་ཕུས། རྫ་མ་རྣམས་བཅག སྤ་འབར་རྣམས་ལག་གཡོན་པ་དང་། འབུད་པའི་ཕྱིར་དུང་རྣམས་ལག་གཡས་སུ་བཟུང་ངོ་། དེ་ནས་དེ་དག་གིས་སྐད་ཆེན་པོས། ཡ་ཧོ་ཝཱ་དང་གིད་ཡོན་གྱི་རལ་གྲི་ཞེས་བོས་སོ། ༢༡ དེ་ནས་དམག་སྒར་གྱི་ཕྱོགས་བཞི་རུ། མི་རེ་རེ་རང་རང་གི་ས་ཆ་ལ་ལངས་ཤིང་བསྡད་དེ། དམག་ཚོགས་ཐམས་ཅད་ཕར་ཚུར་རྒྱུག་སྟེ། སྐད་ཆེན་པོ་རྒྱབ་པ་དང་། བྲོས་སོ། ༢༢ མི་གསུམ་བརྒྱ་པོ་དེ་དག་གིས་དུང་ཕུས་པས། ཡ་ཧོ་ཝཱས་དམག་སྒར་གྱི་མི་རེའི་རལ་གྲི་རང་གི་གྲོགས་པོ་ལ་རྒྱབ་པར་གནང་བས། དམག་སྒར་གྱི་མི་ཐམས་ཅད་ཙེ་རེ་རཱའི་ཕྱོགས་སུ་བེད་ཧ་ཤིད་དཱ་དང་ཏ་བཱད་ཀྱི་འགྲམ་གྱི་ཨ་བེལ་མེ་ཧོ་ལཱའི་ས་མཚམས་ཀྱི་བར་དུ་བྲོས་སོ། ༢༣ དེ་ནས་ཨིས་ར་ཨེལ་པ་རྣམས་ནབ་ཐ་ལི་དང་ཨ་ཤེར་དང་མ་ན་ཤེ་ནས་ལྷན་ཅིག་ཏུ་འཛོམ་ནས། མིད་ཨན་པ་རྣམས་ཀྱི་རྗེས་སུ་དེད་དོ༎
༢༤ ཡང་གིད་ཡོན་གྱིས་ཨེབ་ར་ཨིམ་གྱི་རི་ཐམས་ཅད་དུ་བང་ཆེན་བརྫང་སྟེ་དེ་དག་ལ། མིད་ཨན་པ་རྣམས་ཀྱི་ཕྱིར་མར་ཤོག་ལ། དེ་དག་གི་སྔོན་དུ་བེད་བ་རཱ་དང་ཡོར་དན་གྱི་བར་དུ་ཆུ་རྣམས་ཟུང་ཞིག་ཅེས་བསྐུལ་བས། ཨེབ་ར་ཨིམ་གྱིས་མི་ཐམས་ཅད་འདུས་ཏེ། བེད་བ་རཱ་དང་ཡོར་དན་གྱི་བར་དུ་ཆུ་རྣམས་བཟུང་ངོ་། ༢༥ ཡང་དེ་དག་གིས་མིད་ཨན་པའི་རྒྱལ་ཕྲན་ཨོ་རེབ་དང་ཟེབ་གཉིས་ཀ་བཟུང་བ་དང་། ཨོ་རེབ་ནི་ཨོ་རེབ་ཀྱི་བྲག་གི་སྟེང་དུ་བསད། ཟེབ་ནི་ཟེབ་ཀྱི་རྒུན་འབྲུམ་འཚིར་ས་རུ་བསད་ནས། མིད་ཨན་པའི་རྗེས་སུ་དེད་པ་དང་། ཨོ་རེབ་དང་ཟེབ་གཉིས་ཀྱི་མགོ་ཡོར་དན་གྱི་ཕ་རོལ་དུ་གིད་ཡོན་གྱི་དྲུང་དུ་ཕུལ་ཏོ༎