དེ་ནས་ཧན་ནཱས་སྨོན་ལམ་འདེབས་ཤིང་འདི་སྐད་དུ། བདག་གི་སྙིང་ནི་ཡ་ཧོ་ཝཱའི་ནང་ན་སྤྲོ་བ་སྐྱེད། ཡ་ཧོ་ཝཱའི་ནང་ན་བདག་གི་རྭ་མཐོ་བ་ལགས། ཁྱེད་ཀྱིས་སྲོག་སྐྱོབ་པས་བདག་ལ་སྤྲོ་བ་བྱུང་། དགྲ་ཐམས་ཅད་ཀྱི་མདུན་དུ་བདག་གི་ཁ་འབྱེའོ༎
 ཁྱེད་ཡ་ཧོ་ཝཱ་མིན་པར་དམ་པ་གང་ཡང་མེད། བདག་གི་དཀོན་མཆོག་ལྟ་བུའི་བྲག་སུ་ཡང་མེད།
 དེའི་ཕྱིར་ང་རྒྱལ་གྱི་གཏམ་ལྷག་པར་མ་བྱེད། ང་རྒྱལ་བསྙེམས་པའི་ཚིག་ངན་ཁ་ནས་འདོན་མ་འཇུག ཡ་ཧོ་ཝཱ་ནི་ཐམས་ཅད་མཁྱེན་པའི་དཀོན་མཆོག་ལགས། བྱ་བ་ཐམས་ཅད་ལ་གཟིགས་པའི་དཀོན་མཆོག་ལགས།
 མི་དཔའ་བོའི་གཞུ་རྣམས་ཆག ཉམས་ཐག་པ་ནི་སྟོབས་ཀྱི་སྐ་རགས་དང་ལྡན་ནོ༎
 སྔོན་ལོངས་སྤྱོད་ཡོད་པའི་མི་ནི་བག་ལེབ་རྙེད་ཕྱིར་གླ་པར་གྱུར། སྔོན་བཀྲེས་པར་གྱུར་པའི་མི་ནི་དལ་བར་གནས་སོ། བུད་མེད་མོ་གཤམ་ལ་ཕྲུ་གུ་བདུན་སྐྱེས་པ་ལས། ཕྲ་གུ་མང་པོ་ཡོད་པའི་བུད་མེད་ཉམས་པར་གྱུར་ཏོ༎
 ཡ་ཧོ་ཝཱས་སྲོག་ཀྱང་གཅོད་གསོན་པོར་ཡང་མཛད། གཤིན་ཡུལ་དུ་ཁྲིད་ཀྱང་ཡར་ཡང་འཁྲིད་དོ༎
 ཡ་ཧོ་ཝཱས་མི་ནི་དབུལ་པོ་དང་ཕྱུག་པོར་མཛད། མངའ་བདག་གནོན་གྱི། དམའ་བ་རྣམས་མཐོ་བར་མཛད།
 ཁོང་གིས་དབུལ་ཕོངས་རྣམས་ནི་ཐལ་ཁྲོད་ནས་སློང་། ཁོང་གིས་དམན་པ་རྣམས་ནི་རྫབ་ནས་སློང་། རྒྱལ་པོ་རྣམས་ཀྱི་ཁྲོད་དུ་འཇོག་པའི་ཕྱིར། དེ་དག་ལ་དཔལ་འབྱོར་གྱི་ཁྲི་ནི་ནོར་སྐལ་དུ་སྩལ། འཇིག་རྟེན་གྱི་ཀ་བ་རྣམས་ཡ་ཧོ་ཝཱའི་ལགས། དེའི་སྟེང་དུ་ཁོང་གིས་ས་གཞི་བཙུགས།
 ཁོང་གིས་དམ་པ་རྣམས་ཀྱི་རྐང་པ་སྲུང་བར་མཛད། ངན་པ་རྣམས་ནི་མུན་པ་རུ་ཁ་རོག་ལུས་པར་འགྱུར། རང་སྟོབས་ཀྱིས་སུའང་རྒྱལ་བར་མི་འགྱུར་རོ༎
༡༠ ཡ་ཧོ་ཝཱ་ལ་དགྲ་བྱེད་པ་རྣམས་ཆག་ཅིང་དུམ་བུར་འགྱུར། དེ་དག་གི་ཐོག་ཏུ་གནམ་ནས་འབྲུག་ལྡིར་བར་བྱ། ས་གཞིའི་མཐའ་མའི་བར་དུ་ཡ་ཧོ་ཝཱས་ཞལ་ཆེ་གཅད། ཁོང་ཉིད་ཀྱི་རྒྱལ་པོ་ལ་དབང་སྐུར་བྱ། སྤོས་ཀྱིས་བྱུགས་པའི་རྭ་ནི་མཐུ་ལྡན་པར་གནང་ངོ་༎
༡༡ དེ་ནས་ཨེལ་ཀཱ་ནཱ་་རཱ་མཱ་རུ་རང་གི་ཁང་པར་ཕྱིན་ཏེ། ཤ་མུ་ཨེལ་གྱིས་བླ་མ་ཨེ་ལིའི་མདུན་དུ་ཡ་ཧོ་ཝཱ་ལ་བསྙེན་བཀུར་ཞུས་སོ༎
༡༢ ཨེ་ལིའི་བུ་གཉིས་ནི་ངན་བརྒྱུད་ལྟ་བུར་གྱུར་ནས། ཡ་ཧོ་ཝཱ་དང་མི་བརྒྱུད་ཀྱི་བླ་མ་ཞིག་ལ་འོས་པ་ཅི་ཡོད་དེ་མ་དྲན་ཏོ། ༡༣ ཡང་བླ་མ་རྣམས་དང་མི་ཚོགས་དང་མཉམ་དུ་ལུགས་སྲོལ་ཞིག་ཡོད་པ་ཡིན། མི་ཞིག་གིས་མཆོད་པ་འབུལ་བ་དང་ཤ་ཚོས་ཀྱིན་ཡོད་པའི་ཚེ། བླ་མའི་གཡོག་པོ་འོངས་ནས། ལག་པ་ལ་སོ་གསུམ་ཡོད་པའི་ཤ་འཛིན་ཞིག་ཁྱེར་ཏེ། ༡༤ སླང་ངའམ་ཟངས་སམ་ཁྲོའམ་ཁོག་མའི་ནང་དུ་བཙུག་སྟེ། ཤ་འཛིན་གྱིས་བཏོན་པའི་ཤ་ནི་བླ་མས་ཁྱེར་ཏོ། དེ་ལྟར་ཤི་ལོ་རུ་འོངས་པའི་ཨིས་ར་ཨེལ་པ་ཐམས་ཅད་ལ་བྱས་སོ། ༡༥ ཡང་ཚིལ་ལུ་སྲེག་པའི་སྔོན་དུ་བླ་མའི་གཡོག་པོ་འོངས་ནས། མཆོད་པ་འབུལ་བའི་མི་ལ། བླ་མ་ལ་རྔོད་པའི་ཕྱིར་ཤ་ཞིག་གནོང་། བླ་མ་ནི་བཙོས་པའི་ཤ་ལ་མི་དགའ་བས། རྗེན་པ་ལ་དགའ་ཞེས་སྨྲས་སོ། ༡༦ གལ་ཏེ་མི་དེས། དང་པོར་ཚིལ་ལུ་སྲེག་པའི་རིགས་སོ། དེ་ནས་ཁྱོད་ཀྱི་སེམས་ལ་ཅི་དགའ་བ་ཁྱེར་ཆོག་ཅེས་སྨྲས་ཀྱང་། དེས་ལན་དུ། མིན། ད་ལྟ་རང་གནོང་ཞིག མི་གནང་ན། འཕྲོག་པར་བྱ་ཞེས་ཟེར་བས། ༡༧ གཞོན་ནུ་དེ་དག་གིས་ཡ་ཧོ་ཝཱའི་མཆོད་པ་ལ་སྨད་པས། དེ་དག་གི་སྡིག་པ་ཡ་ཧོ་ཝཱའི་སྤྱན་སྔར་ཆེན་པོར་གྱུར་ཏོ༎
༡༨ འོན་ཀྱང་ཤ་མུ་ཨེལ་ནི་ཕྲུ་གུ་ཡིན་ཏེ། ཨེ་ཕོད་བྱ་བའི་རས་ཀྱི་བླ་གོས་གོན་ཏེ། ཡ་ཧོ་ཝཱའི་དྲུང་དུ་ཞབས་ཏོག་ཞུས་སོ། ༡༩ ད་དུང་ཡང་དེའི་མས་སྟོད་ཐུང་ཆུང་ངུ་ཞིག་བཟོས་ཏེ། རང་གི་ཁྱོ་དང་མཉམ་དུ་ལོ་རེའི་མཆོད་པ་འབུལ་དུ་འོང་སྐབས་དེ་ནི་མཉམ་དུ་ཁྱེར་ཏོ། ༢༠ དེ་ནས་ཨེ་ལིས་ཨེལ་ཀཱ་ནཱ་དང་དེའི་ཆུང་མ་ལ་བྱིན་རླབས་མཛད་ཅིང་འདི་སྐད་དུ། ཕྲུ་གུ་འདི་ཡ་ཧོ་ཝཱ་ལ་བུ་ལོན་དུ་ཕུལ་བ་དེའི་ཚབ་ཏུ་ཡ་ཧོ་ཝཱས་ཁྱོད་ལ་བུད་མེད་འདི་ནས་ད་དུང་ཡང་བརྒྱུད་འཛིན་གནོང་ཞིག་ཅེས་བརྗོད་ནས། དེ་དག་རང་གི་གནས་སུ་ཕྱིར་ལོག་གོ།
༢༡ ཡ་ཧོ་ཝཱས་ཧན་ནཱ་ལ་གཟིགས་པས། ཡང་མངལ་དང་ལྡན་པར་གྱུར་ཏེ། བུ་གསུམ་དང་བུ་མོ་གཉིས་སྐྱེས་པ་དང་། ཁྱེའུ་ཤ་མུ་ཨེལ་ནི་ཡ་ཧོ་ཝཱའི་དྲུང་དུ་སྐྱེད་དུ་འོངས་སོ༎
༢༢ ཨེ་ལི་ནི་ཤིན་ཏུ་རྒས་ནས། ཁོའི་བུ་གཉིས་ཀྱིས་ཨིས་ར་ཨེལ་པ་ཐམས་ཅད་ལ་ཅི་ལྟར་བྱས་པ་དང་། ཡ་ཧོ་ཝཱའི་གུར་མཆོག་གི་སྒོའི་འགྲམ་དུ་ལས་བྱེད་པའི་བུད་མེད་དང་འགྲོགས་པའི་སྐད་ཆ་ཐོས་པས། ༢༣ ཁོས་དེ་དག་ལ། ཅིའི་ཕྱིར་དེ་ལྟར་བྱེད། ཁྱོད་གཉིས་ཀྱིས་བྱས་པའི་བྱ་བ་ངན་པ་དེ་ངས་མི་བརྒྱུད་འདི་ཐམས་ཅད་ནས་ཐོས་སོ། ༢༤ ངའི་བུ་རྣམས། ངས་ཐོས་པའི་གཏམ་དེ་ནི་བཟང་པོ་མིན། ཁྱོད་གཉིས་ཀྱིས་ཡ་ཧོ་ཝཱའི་མི་བརྒྱུད་ནི་ཁོང་གི་བཀའ་ལས་འགལ་དུ་བཅུག་པ་ཡིན། ༢༥ གལ་ཏེ་མི་ཞིག་གིས་གཞན་མི་ཞིག་ལ་མི་རུང་བའི་ལས་བྱེད་ན། དཀོན་མཆོག་གིས་དེ་ལ་ཞལ་ཆེ་གཅོད་དོ། གལ་ཏེ་མི་ཞིག་གིས་ཡ་ཧོ་ཝཱའི་དྲུང་དུ་སྡིག་པ་བྱེད་ན། དེའི་དོན་དུ་སུས་ཞུ་བ་འབུལ་བར་འགྱུར། དེ་ལྟར་སྨྲས་ཀྱང་། དེ་དག་གིས་ཕའི་བཀའ་ལ་མ་ཉན་ཏོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་གཉིས་གསོད་པར་ཐག་བཅད་དོ༎
༢༦ ཡང་ཕྲུ་གུ་ཤ་མུ་ཨེལ་ནི་ཆེ་རུ་སོང་ནས། དཀོན་མཆོག་གི་ཐུགས་དགྱེས་པ་དང་། མིའི་ཕྱོགས་ནས་བློ་ཉེ་བ་འཕེལ་ལོ༎
༢༧ ཡང་དཀོན་མཆོག་གིས་མངགས་པའི་མི་ཞིག་ཨེ་ལིའི་མདུན་དུ་འོངས་ནས། དེ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱི་ཕ་མེས་མི་སེར་ཡུལ་གྱི་རྒྱལ་པོ་ཕར་ཨོའི་མདུན་དུ་གཡོག་བྱེད་པའི་ཚེ། ང་ནི་དེ་དག་གི་ཕྱིར་དངོས་སུ་མ་བྱུང་ངམ། ༢༨ ཁྱོད་ཀྱི་བརྒྱུད་ནི་ངའི་བླ་མ་བྱེད་པ་དང་། མཆོད་ཁྲིའི་ཁར་མཆོད་པ་འབུལ་བ་དང་། བདུག་སྤོས་ཀྱིས་བདུག་པ་དང་། ཨེ་ཕོད་གོན་པའི་ཕྱིར་བསྐོས་པ་མ་ཡིན་ནམ། ཨིས་ར་ཨེལ་པ་ཐམས་ཅད་ཀྱིས་འབུལ་བའི་སྦྱིན་སྲེག་རྣམས་ཁྱོད་ཀྱི་བརྒྱུད་ལ་གནང་བ་མ་ཡིན་ནམ། ༢༩ ངའི་མཆོད་ཁང་ན་འབུལ་འོས་པའི་ཡོན་དང་མཆོད་པ་ལ་ཅིའི་ཕྱིར་རྡོག་རྒྱག་གཞུ་ཞིང་སྨད། ཨིས་ར་ཨེལ་ངའི་མི་བརྒྱུད་ཀྱིས་ང་ལ་ཕུལ་བའི་མཆོད་པ་བཟང་པོ་དེ་རང་གིས་ཁྱོད་རྣམས་ཀྱི་ལུས་རྒྱགས་པར་བྱས། ཁྱོད་ཀྱིས་ང་བས་རང་གི་བུ་ལ་ལྷག་པར་བཀུར་སྟི་བྱེད་དམ། ༣༠ དེའི་ཕྱིར་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཕ་མེས་ཀྱི་བརྒྱུད་དང་ཁྱོད་ཀྱི་བརྒྱུད་རྟག་ཏུ་ངའི་མདུན་དུ་འགྲུལ་བར་དགོས། ཤེས་བཀའ་སྩལ་བར་ཡིན་པར་ངེས་ཀྱང་། ད་ལྟ་ཡ་ཧོ་ཝཱས། དེ་ལྟར་མིན། ང་ལ་བཀུར་སྟི་བྱེད་པའི་མི་ལ་ངས་ཀྱང་བཀུར་སྟི་བྱ། ང་ལ་སྨད་པའི་མི་ལ་ངས་ཀྱང་སྨད་པར་བྱའོ། ༣༡ ཀྱེ་ཧོ། ཁྱོད་ཀྱི་ལག་པ་དང་། ཁྱོད་ཀྱི་ཕ་མེས་ཀྱི་བརྒྱུད་ཀྱི་ལག་པ་གཅོད་པའི་ཉིན་མོ་ཞིག་འོང་བར་འགྱུར། ཁྱོད་ཀྱི་ཁྱིམ་ན་མི་རྒད་པོ་གཅིག་ཀྱང་རྙེད་པར་མི་འགྱུར་རོ། ༣༢ ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་ལོངས་སྤྱོད་གནང་བའི་དུས་སུ། ངའི་གནས་ཁང་ལ་དགྲ་བྱེད་པའི་མི་ནི་མཐོང་བར་འགྱུར། དེར་ཁྱོད་ཀྱི་ཁང་པར་མི་རྒད་པོ་ཞིག་ནམ་ཡང་རྙེད་པར་མི་འགྱུར་རོ། ༣༣ ཡང་ངས་ཁྱོད་ཀྱི་མི་གཅིག་ནི་ངའི་མཆོད་ཁྲི་ནས་མི་གཅོད་པར་ལུས་པ་དེས་ནི། ཁྱོད་ཀྱི་མིག་ལ་འཚིག་པ་དང་། ཁྱོད་ཀྱི་སེམས་ལ་སྡུག་བསྔལ་འགོད་པར་བྱའོ། ཡང་ཁྱོད་ཀྱི་བརྒྱུད་ནས་ཁག་ཆེ་བ་ཞིག་ལང་ཚོའི་དཔལ་གྱི་དུས་སུ་འཆི་བར་འགྱུར་རོ། ༣༤ ཡང་རྟགས་འདི་ལྟར་འབྱུང་། དེ་ནི་ཁྱོད་ཀྱི་བུ་ཧོབ་ནི་དང་ཕི་ནེ་ཧས་གཉིས་ཀྱི་སྟེང་དུ་འོང་བར་འགྱུར། དེ་གཉིས་ཀ་ཉིན་གཅིག་གི་ནང་ན་འཆི་བར་འགྱུར། ༣༥ ཡང་ངས་བླ་མ་གཡོ་སྒྱུ་མེད་པ་ཞིག་བསླང་བར་བྱ་སྟེ། བླ་མ་དེས་ངའི་སྙིང་དང་དགོངས་པ་བཞིན་དུ་གཡོག་བྱའོ། ཡང་ངས་དེ་ལ་ཁང་པ་བརྟན་པ་ཞིག་བརྩིགས་ནས། བླ་མ་དེ་ནི་ངས་བྱུག་པས་བྱུགས་པའི་མདུན་དུ་རྒྱུན་ཆད་མེད་པར་འགྲོ་བར་འགྱུར། ༣༦ ཡང་ཁྱོད་ཀྱི་བརྒྱུད་ནས་ལུས་པའི་མི་ནི་བླ་མ་དེའི་དྲུང་དུ་འོངས་ཏེ། དོང་ཙེའམ་བག་ལེབ་ཀྱི་ཆག་དུམ་ཞིག་རྙེད་པའི་ཕྱིར་ཕྱག་འཚལ་གྱིན་འདི་ལྟར་ཞུ་བར་བྱ། ངས་བག་ལེབ་ཁམ་ཅིག་ཟ་བའི་ཕྱིར། བླ་མའི་ལས་ཚན་ཞིག་གི་ནང་གཡོག་བྱེད་དུ་ཆུག་ཅིག་ཅེས་ཞུ་བར་འགྱུར་རོ། ཞེས་གསུངས་སོ༎