དེ་ནས་ཕྲུ་གུ་ཤ་མུ་ཨེལ་གྱིས་ཨེ་ལིའི་མདུན་དུ་ཡ་ཧོ་ཝཱ་ལ་ཞབས་ཏོག་བྱས་སོ། དེའི་དུས་སུ་ཡ་ཧོ་ཝཱའི་བཀའ་ནི་དཀོན་པ་ཡིན་ཏེ། ཞལ་གཟིགས་ཀྱང་མངོན་སུམ་དུ་མ་བྱུང་ངོ་།  དེ་ནས་[འདི་ལྟར་བྱུང་ངོ་།]ཨེ་ལི་ནི་རང་གི་མལ་ས་ལ་ཉལ་ཞིང་ཁོའི་མིག་ཤེད་ཉམས་ནས་མཐོང་མ་ཐུབ་པའི་ཚེ་ན།  ཡ་ཧོ་ཝཱའི་མཆོད་ཁང་ན་དཀོན་མཆོག་གི་སྒྲོམ་ཡོད་ས་རུ། དཀོན་མཆོག་གི་སྒྲོན་མེ་བསྣམས་མ་ཟིན་པར། ཤ་མུ་ཨེལ་དེར་གཉིད་ལོག་པའི་ཚེ།  ཡ་ཧོ་ཝཱས། ཤ་མུ་ཨེལ་ཞེས་བཀའ་སྩལ་བས་དེས་ལན་དུ། ང་འདིར་ཡོད་ཞུས་ནས།  ཨེ་ལིའི་མདུན་དུ་བརྒྱུགས་ནས། ང་འདི་རུ་ཡོད། ཁྱེད་ཀྱིས་ང་ལ་བོས་པ་ཡིན། ཞེས་ཞུས་པའི་ལན་དུ་དེས་ནི། ངས་མ་བོས། སླར་ཡང་གཉིད་ལོག་ཏུ་སོང་ཞིག་ཅེས་བསྐུལ་བས། ཁོ་སོང་སྟེ་གཉིད་ལོག་གོ།  ཡ་ཧོ་ཝཱས་སླར་ཡང་ཤ་མུ་ཨེལ་ཅེས་བོས་སོ། ཡང་ཤ་མུ་ཨེལ་ལངས་ནས། ཨེ་ལིའི་མདུན་དུ་སོང་སྟེ། ང་འདི་རུ་ཡོད། ཁྱེད་ཀྱིས་ང་ལ་བོས་པ་ཡིན། ཞེས་ཞུས་སོ། དེས་ལན་དུ། ངའི་བུ། ངས་མ་བོས། སླར་ཡང་གཉིད་ལོག་ཏུ་སོང་ཞིག་ཅེས་བསྒོའོ།  ཤ་མུ་ཨེལ་གྱིས་དེའི་བར་དུ་ཡ་ཧོ་ཝཱ་ངོ་མ་ཕྲོད་པ་མ་ཟད། ཡ་ཧོ་ཝཱའི་བཀའ་ཡང་དེའི་བར་དུ་ཁོ་ལ་མ་བབས་སོ།  ཡང་ལན་གསུམ་པ་རུ་ཡ་ཧོ་ཝཱས་ཤ་མུ་ཨེལ་ལ་བོས་པས། ཁོ་ལངས་ནས། ཨེ་ལིའི་མདུན་དུ་སོང་སྟེ། ང་འདི་རུ་ཡོད། ཁྱེད་ཀྱིས་ང་ལ་བོས་པ་ཡིན་ཞེས་ཞུས་སོ། དེར་ཨེ་ལིས། ཕྲུ་གུ་ལ་འབོད་མཁན་དེ་ནི་ཡ་ཧོ་ཝཱ་ལགས་པར་བརྟགས་སོ།  དེའི་ཕྱིར་ཨེ་ལིས་ཤ་མུ་ཨེལ་ལ། ད་སོང་ལ། ཉལ་ནས་སྡོད། ཕྱིར་ཡང་ཁྱོད་ལ་སྐད་ཅིག་འབྱུང་ཞིང་འབོད་ན། འདི་ལྟར་ཞུས་ཤིག ཀྱེ་ཡ་ཧོ་ཝཱ། གསུང་བར་མཛོད། ཁྱེད་ཀྱི་བྲན་པོས་ཉན་ནོ་ཞེས་སྨྲོས་ཤིག་བསྐུལ་བས། ཤ་མུ་ཨེལ་སོང་སྟེ། རང་གི་མལ་ས་ལ་ཉལ་ཏོ༎
༡༠ ཡང་ཡ་ཧོ་ཝཱ་ཕེབས་ཏེ་བཞེངས་ནས། སྔོན་མ་ལྟར། ཤ་མུ་ཨེལཤ་མུ་ཨེལ་ཞེས་བོས་སོ། དེར་ཤ་མུ་ཨེལ་གྱིས། གསུང་བར་མཛོད། ཁྱེད་ཀྱི་བྲན་པོས་ཉན་ནོ་ཞེས་ཞུས་སོ། ༡༡ ཡང་ཡ་ཧོ་ཝཱས་ཤ་མུ་ཨེལ་ལ་འདི་སྐད་དུ། ཀྱེ་ཧོ། ངས་ཨིས་ར་ཨེལ་གྱི་ཁྲོད་དུ་བྱ་བ་ཞིག་བྱེད་པར་འགྱུར། བྱ་བ་དེའི་ལོན་ཐོས་པའི་མི་རེའི་རྣ་བ་གཉིས་ཀ་གཡའ་བར་འགྱུར། ༡༢ དེའི་ཉིན་པར་ངས་ཨེ་ལི་དང་དེའི་བརྒྱུད་ཀྱི་སྐོར་ལ་སྨྲས་པའི་གཏམ་ཐམས་ཅད་ཐོག་མ་ནས་མཐའ་མའི་བར་དུ་སྒྲུབ་པར་བྱའོ། ༡༣ དེ་ཅིའི་ཕྱིར་ཞེ་ན། ངས་ཁོ་ལ། ཁྱོད་ཀྱི་བརྒྱུད་ཀྱིས་བྱས་པའི་སྡིག་པ་ཐམས་ཅད་ཀྱི་ཕྱིར་ངས་རྒྱུན་ཆད་མེད་པར་ཞལ་ཆེ་གཅོད་པར་བྱ། སྔོན་དུ་སྨྲས་པ་བཞིན་དུ་བྱའོ་ཞེས་བསྐུལ་ཀྱང་། དེས་ནི་རང་གི་བུ་གཉིས་ཀྱིས་བྱ་བ་ངན་པ་བྱས་པ་དང་། ཁོང་ཁྲོ་ཕོག་འོས་པར་འགྱུར་བར་ཤེས་ཀྱང་མ་བཀག་གོ། ༡༤ དེའི་ཕྱིར་ངས་འདི་ལྟར་མནའ་བསྐྱེལ་བ་ཡིན། ཨེ་ལི་དང་དེའི་བརྒྱུད་ཀྱི་སྡིག་པ་ནི་མཆོད་པ་དང་སྦྱིན་སྲེག་གིས་ནམ་ཡང་སེལ་བར་མི་འགྱུར་རོ། ཞེས་གསུངས་སོ༎
༡༥ ཡང་ཤ་མུ་ཨེལ་སྔ་དྲོ་བར་དུ་ཉལ་ཏེ། ལངས་ནས། ཡ་ཧོ་ཝཱའི་མཆོད་ཁང་གི་སྒོ་ཕྱེས་སོ། ཤ་མུ་ཨེལ་ནི་ཨེ་ལི་ལ་ཞལ་གཟིགས་དེ་སྟོན་པར་འཇིགས་སོ། ༡༦ དེ་ནས་ཨེ་ལིས་ཤ་མུ་ཨེལ་ལ། ཀྱེ་ཤ་མུ་ཨེལ། ངའི་བུ། ཞེས་བོས་པའི་ལན་དུ་དེས་ནི། ང་འདི་རུ་ཡོད་ཅེས་ཞུས་སོ། ༡༧ ཡང་དེས་ནི། ཡ་ཧོ་ཝཱས་ཁྱོད་ལ་གསུངས་པའི་གསུང་དེ་ཅི་ཡིན་ཤོད། དེ་ནི་ང་ནས་མ་སྦེད། ཁྱོད་ལ་གསུངས་པའི་གསུང་དེ་ང་ནས་སྦེད་ན། དཀོན་མཆོག་གིས་ཁྱོད་ལ་བཀའ་ཆད་འདི་དང་འདི་ལས་ལྷག་པར་འཕོག་པར་མཛོད་ཅིག་ཅེས་སྨྲས་པས། ༡༨ ཤ་མུ་ཨེལ་གྱིས་གསུང་ཐམས་ཅད་བཤད་ནས། གང་ཡང་མ་སྦས་སོ། ཡང་ཨེ་ལིས། འདི་ནི་ཡ་ཧོ་ཝཱ་ལགས་པས། དཀོན་མཆོག་གིས་གང་ལེགས་པར་གཟིགས་པ་དེ་མཛོད་ཅིག་ཅེས་སྨྲས་སོ༎
༡༩ ཡང་ཤ་མུ་ཨེལ་ཆེ་རུ་སོང་ནས། ཡ་ཧོ་ཝཱ་ནི་ཁོ་དང་མཉམ་དུ་བཞུགས་ཏེ། ཁོང་གིས་གསུངས་པའི་བཀའ་གཅིག་ཀྱང་ས་ལ་འགྲིལ་མ་བཅུག་གོ། ༢༠ ཡང་དཱན་ནས་བེ་ཨེར་ཤེ་བཱ་ཡི་བར་དུ་ཨིས་ར་ཨེལ་ཐམས་ཅད་ཀྱིས། ཤ་མུ་ཨེལ་ནི་ཡ་ཧོ་ཝཱས་བསྐོས་པའི་ལུང་སྟོན་པ་ཡིན་པར་ཤེས་སོ། ༢༡ ཡ་ཧོ་ཝཱ་ནི་སླར་ཡང་ཤི་ལོ་རུ་མངོན་སུམ་དུ་བྱུང་ངོ་། ཅི་ལྟར་བྱུང་ཞེ་ན། ཡ་ཧོ་ཝཱ་ཉིད་ཀྱི་བཀའི་སྒོ་ནས་ཤི་ལོ་རུ་ཤ་མུ་ཨེལ་ལ་མངོན་པར་མཛད་དོ༎