༤
ཤ་མུ་ཨེལ་གྱིས་ཨིས་ར་ཨེལ་ཐམས་ཅད་ལ་བོས་པས། ཨིས་ར་ཨེལ་པ་ནི་ཕེ་ལེ་ཤེད་པ་རྣམས་ལ་དམག་རྒྱབ་ཏུ་ཐོན་ནས། ཨེ་བེན་ཨེ་ཟེར་ན་གུར་ཕུབ་པ་དང་། ཕེ་ལེ་ཤེད་པ་རྣམས་ཀྱིས་ཨ་ཕེག་ཏུ་གུར་ཕུབ་བོ། ༢ ཡང་དེ་དག་གིས་ཨིས་ར་ཨེལ་པ་རྣམས་ལ་དམག་རྒྱབ་པའི་ཕྱིར། དམག་གི་རུ་སྒྲིག་བྱས་ནས། དམག་རྒྱབ་པ་དང་། ཨིས་ར་ཨེལ་པ་རྣམས་ནི་ཕེ་ལེ་ཤེད་པའི་མདུན་དུ་ཕམ་པ་དང་། དེའི་དམག་དཔུང་ནས་མི་བཞི་སྟོང་ཙམ་བསད་དོ། ༣ དེ་ནས་མི་ཐམས་ཅད་དམག་སྒར་གྱི་ནང་དུ་བསླེབ་ཙ་ན། ཨིས་ར་ཨེལ་པའི་རྒན་མི་རྣམས་ཀྱིས་སྨྲས་པ། དེ་རིང་ཡ་ཧོ་ཝཱས་ངེད་རྣམས་ཕེ་ལེ་ཤེད་པའི་མདུན་དུ་ཅིའི་ཕྱིར་ཕམ་པར་མཛད། ཤི་ལོ་ནས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་ལེན་དུ་སོང་ཞིག ཁོང་ནི་ངེད་རྣམས་ཀྱི་ཁྲོད་དུ་བཞུགས་ན། དེ་ནས་ངེད་རྣམས་དགྲ་བོའི་ལག་པ་ནས་ཐར་བར་འགྱུར་རོ་ཞེས་སྨྲས་སོ། ༤ དེའི་ཕྱིར་ཨིས་ར་ཨེལ་པ་རྣམས་ཀྱིས་ཡ་ཧོ་ཝཱ་ཀེ་རུ་བིམ་གྱི་གོང་དུ་བཞུགས་པའི་དཔུང་ཆེན་གྱི་ཞལ་ཆད་ཀྱི་སྒྲོམ་ནི་ཤི་ལོ་ནས་ལེན་པའི་ཕྱིར་མི་འགའ་ཞིག་བཏང་ངོ་། ཨེ་ལིའི་བུ་ཧོབ་ནི་དང་ཕི་ནེ་ཧས་གཉིས་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་སྲུང་ཞིང་ཡོད་པ་ཡིན།༥ ཡང་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་ནི་དམག་སྒར་དུ་བསླེབ་པར་ཙམ་གྱིས། ཨིས་ར་ཨེལ་པ་ཐམས་ཅད་ཀྱིས་ས་གཞི་གཡོ་བའི་བར་དུ་དྲག་པོར་འབོད་བསྒྲགས་སོ། ༦ ཡང་ཕེ་ལེ་ཤེད་པ་རྣམས་ཀྱིས་འུར་སྒྲ་དེ་ཐོས་པས། དེ་རྣམས་ཀྱིས། ཨིབ་རི་པའི་དམག་སྒར་གྱི་ནང་ན་འུར་སྒྲ་ཆེན་པོ་འབྱུང་བའི་དོན་ཅི་ལགས། འདྲིས་པ་ལས། ཡ་ཧོ་ཝཱའི་སྒྲོམ་ནི་ཨིས་ར་ཨེལ་པའི་དམག་སྒར་དུ་བསླེབ་ཡོད་པར་ཤེས་སོ། ༧ དེ་ནས་ཕེ་ལེ་ཤེད་པ་རྣམས་འཇིགས་སྐྲགས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས། དཀོན་མཆོག་ནི་[ཨིབ་རི་པའི་]དམག་སྒར་དུ་ཕེབས་པར་ཤེས་སོ། དེ་ནས་དེ་དག་གིས། ངེད་རྣམས་ལ་བཀྲ་མི་ཤིས། སྔོན་དུ་དེ་ལྟ་བུ་ཞིག་ནམ་ཡང་མ་བྱུང་། ༨ ངེད་རྣམས་ལ་བཀྲ་མི་ཤིས། ལྷ་དབང་ལྡན་དེ་དག་གི་ཕྱག་ནས་ངེད་རྣམས་ནི་སུས་སྒྲོལ་བར་བྱ། ལྷ་དེ་དག་གིས་འབྲོག་སྟོང་ན་མི་སེར་པ་རྣམས་རིམས་ནད་སྣ་ཚོགས་ཀྱིས་ཕམ་པར་བྱས་སོ། ༩ སྟོབས་ཅན་དུ་གྱུར་ཅིག མི་དཔའ་བོའི་ཚུལ་གྱིས་ཤིག ཀྱེ་ཕེ་ལེ་ཤེད་པ་རྣམས། སྔོན་དུ་ཨིབ་རི་པ་རྣམས་ཀྱིས་ཁྱོད་ཅག་གི་གཡོག་བྱས་པ་ལྟར། ཁྱོད་ཅག་ནི་དེ་དག་གི་བྲན་པོར་མི་འགྱུར་བའི་ཕྱིར་སྤོབས་པ་སྐྱེད་ཅིང་དམག་རྒྱོབ་ཅིག་བསྐུལ་ཏོ། ༡༠ དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་དམག་བརྒྱབ་ནས། ཡང་སྐྱར་ཨིས་ར་ཨེལ་ཕམ་སྟེ། མི་རྣམས་རེ་རེ་རང་གི་གུར་དུ་བྲོས་པས། གསོད་གཅོད་ཆེན་པོ་བྱུང་ངོ་། ཨིས་ར་ཨེལ་གྱི་ནང་ནས་རྐང་དམག་ཁྲི་གསུམ་དེར་ཤིའོ། ༡༡ ཡང་དཀོན་མཆོག་གི་སྒྲོམ་ནི་ཕེ་ལེ་ཤེད་པས་ཕྲོགས་ནས། ཨེ་ལིའི་བུ་ཧོབ་ནི་དང་ཕི་ནེ་ཧས་གཉིས་བསད་དོ༎
༡༢ དེར་བེན་ཡ་མིན་པ་ཞིག་དམག་དཔུང་ནས་བརྒྱུགས་ནས། ཉིན་དེ་ལ་ཤི་ལོ་རུ་བསླེབས་སོ། མི་དེའི་གོས་ཧྲལ་ཏེ། མགོའི་ཁར་ས་ཕུར་རོ། ༡༣ ཡང་མི་དེ་བསླེབ་པའི་ཚེ། ཨེ་ལིས་ནི། དཀོན་མཆོག་གི་སྒྲོམ་མིས་འཕྲོག་ཡོང་བསམ་ནས། སྙིང་འདར་ཞིང་ཤིང་ཁྲི་ཞིག་གི་ཁར་ལམ་གྱི་ཕྱོགས་སུ་སྒུག་གིན་བསྡད་དོ། མི་དེ་གྲོང་ཁྱེར་དུ་འོངས་ནས། བཤད་པར་ཙམ་གྱིས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་མྱ་ངན་གྱི་སྐད་ངན་བཏོན་ནོ། ༡༤ ཨེ་ལིས་མྱ་ངན་གྱི་སྐད་དེ་ཐོས་པས། སྐད་ངན་ཆེན་པོ་འདིའི་དོན་ཅི་ལགས་ཤེས་འདྲིས་སོ། མི་དེ་རྒྱུག་འོངས་ནས། ཐམས་ཅད་ཨེ་ལི་ལ་བཤད་དོ། ༡༥ ཨེ་ལི་ལོ་དགུ་བཅུ་གོ་བརྒྱད་ལོན་ཏེ། མིག་གྲིབ་ནས། མཐོང་མ་ཐུབ་བོ། ༡༦ མི་དེས་ཨེ་ལི་ལ། ང་ནི་དམག་དཔུང་ནས་འོངས་པ་དང་། དམག་དཔུང་ནས་དེ་རིང་བྲོས་འོང་བའི་མི་ཞིག་ཡིན། སྨྲས་པས་ཁོས་དེ་ལ། ངའི་བུ། དེ་རུ་ཅི་བྱུང་། འདྲིས་པ་དང་། ༡༧ དེའི་ལན་དུ་ལོན་ཁྱེར་འོང་བའི་མི་དེས། ཨིས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་མདུན་ནས་བྲོས་ཏེ། གསོད་གཅོད་ཆེན་པོ་ཞིག་བྱུང་ནས། ཁྱེད་ཀྱི་བུ་ཧོབ་ནི་དང་ཕི་ནེ་ཧས་གཉིས་ཀྱང་ཤི་སྟེ། དཀོན་མཆོག་གི་སྒྲོམ་ནི་ཕེ་ལེ་ཤེད་པ་རྣམས་ཀྱིས་ཕྲོག་གོ་ཞེས་ཞུས་སོ། ༡༨ མི་དེས་དཀོན་མཆོག་གི་སྒྲོམ་ཕྲོག་པའི་གཏམ་བཤད་པར་ཙམ་གྱིས། ཨེ་ལི་ཤིང་ཁྲི་ནས་གན་རྐྱལ་དུ་སྒོའི་འགྲམ་དུ་གྲིལ་བས། མཇིང་པ་ཆག་ནས་ཤིའོ། དེ་ཅིའི་ཕྱིར་ཞེ་ན། ཁོ་ལུས་ལྕི་ཞིང་རྒད་པོ་ལགས་པས་སོ། ཁོས་ཨིས་ར་ཨེལ་པ་རྣམས་ལ་ལོ་བཞི་བཅུའི་བར་དུ་ཁྲིམས་དཔོན་བྱས་སོ༎
༡༩ དུས་དེ་ལ་ཁོའི་མནའ་མ། ཕི་ནེ་ཧས་ཀྱི་ཆུང་མ་ནི་མངལ་དང་ལྡན་པ་ཡིན་ཏེ། ཕྲུ་གུ་སྐྱེ་བའི་དུས་ཉེ་བར་བསླེབས་སོ། མོས་དཀོན་མཆོག་གི་སྒྲོམ་ཕྲོག་པ་དང་། ཁྱོ་དང་གྱོས་པོ་གཉིས་ཤི་བའི་ལོན་ཐོས་པར་ཙམ་གྱིས། གཟུག་གཟེར་བྱུང་ནས་ལུས་དགུར་རོ། དེ་ཅིའི་ཕྱིར་ཞེ་ན། ཕྲུ་གུ་སྐྱེས་སོ། ༢༠ ཡང་མོ་འཆི་བའི་དུས་ཙམ་ལ། མོ་དང་ཉེ་བར་ཡོད་པའི་བུད་མེད་རྣམས་ཀྱིས། མ་འཇིགས་ཤིག ཁྱོད་ལ་བུ་ཞིག་སྐྱེས་སོ་སྨྲས་ཀྱང་། མོས་ལན་གང་ཡང་མ་བཏབ་སྟེ། གཏམ་དེ་ལ་སྣང་རྟགས་མ་བྱས་སོ། ༢༡ ཡང་མོས། དཔལ་འབྱོར་ཐམས་ཅད་ཨིས་ར་ཨེལ་ནས་ཡལ་ལོ་ཞེས་ཟེར་ནས། ཕྲུ་གུ་དེའི་མིང་ཨི་ཁ་བོད་ཅེས་བཏགས་སོ། དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་སྒྲོམ་ཕྲོག་པ་དང་། ཁྱོ་དང་གྱོས་པོ་གཉིས་ཤི་བའི་ཕྱིར་རོ། ༢༢ ཡང་མོས། དཀོན་མཆོག་གི་སྒྲོམ་ཕྲོག་པའི་ཕྱིར། ཨིས་ར་ཨེལ་ནས་དཔལ་འབྱོར་ཐོན་ཚར་ཞེས་སྨྲས་སོ༎