༥
དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་དཀོན་མཆོག་གི་སྒྲོམ་ཕྲོགས་ནས། ཨེ་བེན་ཨེ་ཟེར་ནས་ཨས་དོད་དུ་ཁྱེར་ཏོ། ༢ ཕེ་ལེ་ཤེད་པ་རྣམས་ཀྱིས་སྒྲོམ་དེ་ནི་དཱ་གོན་གྱི་ལྷ་ཁང་དུ་ཁྱེར་ནས། དཱ་གོན་གྱི་འགྲམ་དུ་བཞག་གོ། ༣ ཡང་ཨས་དོད་པ་རྣམས་སྔ་དྲོ་ལངས་པའི་ཚེ། ཀྱེ་ཧོ། དཱ་གོན་ནི་ཡ་ཧོ་ཝཱའི་སྒྲོམ་གྱི་མདུན་དུ་ས་ལ་ཁ་བུབ་ཏུ་འགྲིལ་ནས་ཡོད་པ་ཡིན། དེ་དག་གིས་དཱ་གོན་ལེན་ནས། ཡང་སྐྱར་རང་གནས་སུ་བཞག་གོ། ༤ དེ་ནས་དེ་དག་སང་ཉིན་སྔ་དྲོ་ལངས་པའི་ཚེ། ཀྱེ་ཧོ། དཱ་གོན་ནི་ཡ་ཧོ་ཝཱའི་སྒྲོམ་གྱི་མདུན་དུ་ས་ལ་ཁ་བུབ་ཏུ་འགྲིལ་ནས་ཡོད་པ་ཡིན། ཡང་དཱ་གོན་གྱི་མགོ་དང་ལག་པ་གཉིས་སྒོ་ཐེམ་གྱི་ཁར་ཆད་དེ། དཱ་གོན་གྱི་བྱང་ཁོག་འབའ་ཞིག་ལུས་སོ། ༥ དེའི་ཕྱིར་དེ་རིང་གི་བར་དུ། དཱ་གོན་གྱི་བླ་མའམ། ཨས་དོད་ན་ཡོད་པའི་དཱ་གོན་གྱི་ལྷ་ཁང་དུ་འོང་བའི་མི་སུས་ཀྱང་དཱ་གོན་གྱི་སྒོ་ཐེམ་ནམ་ཡང་མི་རྒལ་ལོ༎༦ འོན་ཀྱང་དཀོན་མཆོག་གི་ཕྱག་ནི་ཨས་དོད་པ་རྣམས་ཀྱི་སྟེང་དུ་ལྕི་བར་ཡོད་པས། ཁོང་གིས་ཨས་དོད་དང་དེའི་ས་མཚམས་ཀྱི་བར་དུ་གཉན་ནད་སྩལ་བས། དེ་དག་མེད་པར་མཛད་དོ། ༧ ཨས་དོད་པ་རྣམས་ཀྱིས་དེ་ལྟར་འབྱུང་བར་ཤེས་ནས་འདི་སྐད་དུ། ཨིས་ར་ཨེལ་པའི་དཀོན་མཆོག་གི་སྒྲོམ་ནི་ངེད་རྣམས་ཀྱི་ཁྲོད་དུ་མ་ཞོག་ཅིག ཁོང་གི་ཕྱག་ནི་ངེད་རྣམས་དང་ངེད་རྣམས་ཀྱི་ལྷ་དཱ་གོན་གྱི་ཁར་ལྕི་བ་ལགས་ཤེས་སྨྲས་སོ། ༨ དེའི་ཕྱིར་དེ་དག་གིས་མི་ཞིག་བཏང་ཞིང་། ཕེ་ལེ་ཤེད་པའི་དཔོན་པོ་རྣམས་དེ་དག་གི་མདུན་དུ་འཛོམ་པ་དང་འདི་སྐད་དུ། ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་ལ་ངེད་རྣམས་ཀྱིས་ཅི་བྱ། དེ་དག་གིས་ལན་དུ། ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་ནི་གད་ཡུལ་དུ་ཁྱེར་ཞིག་སྨྲས་པས། ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་དེ་རུ་ཁྱེར་ཏོ། ༩ ཡང་འདི་ལྟར་བྱུང་། དེ་རུ་ཁྱེར་བའི་རྗེས་སུ་ཡ་ཧོ་ཝཱའི་ཕྱག་ནི་གྲོང་ཁྱེར་དེའི་སྟེང་དུ་ལྕི་བར་གྱུར་ཏེ། འཇིགས་སྐྲགས་ཆེན་པོ་བྱུང་ནས། ཁོང་གིས་གྲོང་ཁྱེར་དེའི་མི་ཆུང་བ་དང་ཆེ་བ་གཉིས་ལ་ནད་སྩལ་བས། ཤ་བུར་ཐོན་ནོ། ༡༠ དེའི་ཕྱིར་དཀོན་མཆོག་གི་སྒྲོམ་ནི་ཨེག་རོན་དུ་བཏང་ངོ་། ཡང་འདི་ལྟར་བྱུང་། དཀོན་མཆོག་གི་སྒྲོམ་ནི་ཨེག་རོན་དུ་བསླེབ་པའི་ཚེ། ཨེག་རོན་པ་རྣམས་ཀྱིས་སྐད་དྲག་པོ་བཏོན་ཞིང་འདི་སྐད་དུ། ངེད་རྣམས་དང་ངེད་རྣམས་ཀྱི་ཡུལ་མི་ཐམས་ཅད་གསོད་པའི་ཕྱིར་དེ་དག་གིས་ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་ནི་ངེད་རྣམས་ཀྱི་མདུན་དུ་ཁྱེར་ཏེ་བསླེབས་སོ། ༡༡ དེའི་ཕྱིར་དེ་དག་གིས་མི་ཞིག་བཏང་སྟེ། ཕེ་ལེ་ཤེད་པའི་དཔོན་པོ་རྣམས་འཛོམ་དུ་བཅུག་ནས་དེ་དག་ལ། བདག་ཅག་དང་བདག་ཅག་གི་བརྒྱུད་མི་གསོད་པའི་ཕྱིར། ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་འདི་ནས་ཁྱེར་ཏེ། རང་གི་གནས་སུ་ཡང་སྐྱར་འགྲོ་རུ་ཆུག་ཅིག དེ་ཅིའི་ཕྱིར་ཞེ་ན། གྲོང་ཁྱེར་ཐམས་ཅད་ཀྱི་ནང་དུ་འཇིགས་སྐྲགས་འཆི་བ་ལ་ཐུག་པ་ཞིག་བྱུང་བ་དང་། དཀོན་མཆོག་གི་ཕྱག་དེ་རུ་ལྕི་བར་གྱུར་ཏོ། ༡༢ ཡང་མི་མ་ཤི་བ་ཐམས་ཅད་ལ་ཤ་བུར་ཐོན་ཏེ། གྲོང་ཁྱེར་དེའི་ངུ་སྐད་ནི་ནམ་མཁའ་ཡི་བར་དུ་བྱུང་ངོ་༎