༦
ཡ་ཧོ་ཝཱའི་སྒྲོམ་ནི་ཟླ་བ་བདུན་གྱི་བར་དུ་ཕེ་ལེ་ཤེད་པའི་ཡུལ་དུ་ཡོད་པ་ཡིན། ༢ དེ་ནས་ཕེ་ལེ་ཤེད་པས་བླ་མ་དང་ལྷ་པ་རྣམས་ལ་བོས་ནས་དེ་དག་ལ། ཡ་ཧོ་ཝཱའི་སྒྲོམ་དེ་དང་ངེད་རྣམས་ཀྱིས་ཅི་བྱ། རང་གི་གནས་སུ་ཇི་ལྟར་གཏོང་བར་བྱ་སྟོན་ཅིག ༣ ཡང་དེ་དག་གིས། གལ་ཏེ་ཁྱོད་རྣམས་ཀྱིས་ཨིས་ར་ཨེལ་གྱི་དཀོན་མཆོག་གི་སྒྲོམ་གཏོང་ན། སྟོང་པར་མ་གཏོང་ཞིག ཉེས་པའི་མཆོད་པ་ཞིག་མཉམ་དུ་ཐོང་ཞིག དེ་ནས་ཁྱོད་རྣམས་ཀྱི་ནད་གསོས་པར་འགྱུར་ཏེ། ཁོང་གི་ཕྱག་ནི་ཁྱོད་རྣམས་ནས་ཅིའི་ཕྱིར་ད་དུང་མ་འཐེན་པ་ཤེས་པར་འགྱུར། ༤ དེ་དག་གིས་སྡིག་པའི་ཕྱིར་འབུལ་འོས་པའི་མཆོད་པ་དེ་ཅི་ཞིག་ཡིན། ཅེས་འདྲིས་པའི་ལན་དུ་དེ་རྣམས་ཀྱིས། ཕེ་ལེ་ཤེད་པའི་དཔོན་པོ་རྣམས་ཀྱི་གྲངས་བཞིན་དུ། གསེར་ནས་བཟོས་པའི་ཤ་བུར་ལྔ་དང་། གསེར་ནས་བཟོས་པའི་བྱི་བ་ལྔ་ཕུལ་ཞིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་དང་ཁྱོད་རྣམས་ཀྱི་དཔོན་པོ་རྣམས་ལ་ཕོག་པའི་ནད་ཡམས་གཅིག་རང་ཡིན། ༥ དེའི་ཕྱིར་ཁྱོད་རྣམས་ཀྱི་ཤ་བུར་དང་། ཡུལ་འདི་འཇིག་པར་བྱེད་པའི་བྱི་བའི་འདྲ་བཟོས་ནས། ཨིས་ར་ཨེལ་གྱི་དཀོན་མཆོག་ལ་སྟོད་པ་ཕུལ་ཞིག དེའི་སྒོ་ནས་ཁོང་ཉིད་ཀྱི་ཕྱག་ནི་ཁྱོད་རྣམས་དང་། ཁྱོད་རྣམས་ཀྱི་སྐུ་འདྲ་དང་། ཁྱོད་རྣམས་ཀྱི་ཡུལ་ནས་འཐེན་པར་འགྱུར། ༦ མི་སེར་པ་དང་རྒྱལ་པོ་ཕར་ཨོ་དེ་རྣམས་ཀྱིས་སྙིང་གྱོང་པོ་བྱས་པ་ལྟར། ཁྱོད་རྣམས་ཀྱིས་ཅིའི་ཕྱིར་སྙིང་གྱོང་པོ་བྱེད། ཁོང་གིས་ཕྲིན་ལས་ཡ་མཚན་ཅན་མཛད་ནས། དེ་དག་གིས་མི་བརྒྱུད་འགྲོ་མ་བཅུག་གམ། ཁོ་རྣམས་ནི་མ་སོང་ངམ། ༧ དེའི་ཕྱིར་ཤིང་རྟ་གསར་པ་ཞིག་བཟོས་ནས། འོ་མ་ཡོད་པའི་བ་གཉིས། གཉའ་ཤིང་གིས་ད་དུང་མ་གནན་མཁན་གཉིས་ཁྲིད་ནས། བ་གཉིས་པོ་དེ་ཤིང་རྟ་ལ་བཏགས་ཏེ། བེའུ་རྣམས་ཕྱིར་ཁང་པ་ལ་ཁྲིད་ཅིག ༨ ཡ་ཧོ་ཝཱའི་སྒྲོམ་བླང་སྟེ། ཤིང་རྟ་དེའི་ཁར་བཞག་ནས། ཉེས་པའི་མཆོད་པར་འབུལ་འོས་པའི་གསེར་གྱི་རིན་པོ་ཆེ་དེ་རྣམས་ནི་དེའི་ལོགས་སུ་སྒྲོམ་ཞིག་གི་ནང་དུ་བཞག་ནས། འགྲོ་བར་ཆུག་ཅིག ༩ ཡང་ལྟོས་ཤིག གལ་ཏེ་ཤིང་རྟ་དེ་རང་གི་ས་མཚམས་ཀྱི་ལམ་རྒྱུད་དེ་བེད་ཤེ་མེས་ཀྱི་ཕྱོགས་སུ་འགྲོ་ན། ཁོང་ཉིད་ཀྱིས་ངེད་རྣམས་ལ་སྡུག་བསྔལ་ཆེན་པོ་འདི་གནང་བ་ཡིན་པར་ཤེས་ཤིག གལ་ཏེ་དེར་མ་འགྲོ་ན། ཁོང་གི་ཕྱག་གིས་ངེད་རྣམས་ལ་རྡུང་བ་མིན་པར་ངེས་སོ། ངེད་རྣམས་ལ་བྱུང་བའི་འགལ་རྐྱེན་ཞིག་ཡོད་པར་ཤེས་ཤིག ཞེས་སྨྲས་པས།༡༠ མི་རྣམས་ཀྱིས་དེ་ལྟར་བྱས་ཏེ། འོ་མ་ཡོད་པའི་བ་གཉིས་ཁྲིད་ནས། ཤིང་རྟ་ལ་བཏགས་ཏེ། བེའུ་རྣམས་ཁང་པར་བཀག་གོ། ༡༡ དེ་ནས་ཡ་ཧོ་ཝཱའི་སྒྲོམ་དང་གསེར་ལས་བཟོས་པའི་བྱི་བ་དང་ཤ་བུར་གྱི་འདྲའི་སྒྲོམ་གཉིས་ཤིང་རྟའི་ཁར་བཞག་གོ། ༡༢ ཡང་བ་དེ་གཉིས་ནི་ལམ་དྲང་པོར་བེད་ཤེ་མེས་ཀྱི་ལམ་དུ་ཞུགས་ཤིང་། སྐད་རྒྱབ་ཀྱིན་རྒྱ་ལམ་གྱི་ཁར་འགྲུལ་ཏེ། གཡས་ཕྱོགས་སམ། གཡོན་ཕྱོགས་སུ་གང་དུ་ཡང་མ་གྱུར་ཏོ། ཕེ་ལེ་ཤེད་པའི་དཔོན་པོ་རྣམས་བེད་ཤེ་མེས་ཀྱི་ས་མཚམས་ཀྱི་བར་དུ་རྗེས་སུ་ཕྱིན་ཏོ། ༡༣ ཉིན་དེ་ལ་བེད་ཤེ་མེས་པ་རྣམས་ལུང་པ་རུ་གྲོའི་སྟོན་ཐོག་རྔ་གྱིན་ཡོད་པ་ལས། མིག་བཏེགས་ཏེ་སྒྲོམ་མཐོང་བས། དགའ་བར་གྱུར་ཏོ། ༡༤ ཤིང་རྟ་དེ་ནི་བེད་ཤེ་མེས་པ་ཡོ་ཤུ་ཨ་ཡི་ཞིང་དུ་བསླེབ་སྟེ། ཕ་བོང་ཆེན་པོ་ཞིག་གི་མདུན་དུ་བསྡད་དོ། དེ་ནས་དེ་དག་གིས་ཤིང་རྟའི་ཤིང་གཤག་ནས། བ་དེ་གཉིས་སྦྱིན་སྲེག་ཏུ་ཡ་ཧོ་ཝཱ་ལ་ཕུལ་ཏོ། ༡༥ དེ་ནས་ལེ་ཝི་པ་རྣམས་ཀྱིས་ཡ་ཧོ་ཝཱའི་སྒྲོམ་དང་དེར་ཡོད་པའི་གསེར་གྱི་རིན་པོ་ཆེའི་སྒྲོམ་ཕབ་ནས། ཕ་བོང་ཆེན་པོ་དེའི་ཁར་བཞག་གོ། ཉིན་དེ་ལ་བེད་ཤེ་མེས་པ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་མཆོད་པ་དང་མཆོད་པ་གཞན་ཡང་མང་པོ་ཕུལ་ཏོ། ༡༦ ཕེ་ལེ་ཤེད་པའི་དཔོན་པོ་ལྔ་ཡིས་དེ་མཐོང་སྟེ། དེའི་ཉིན་པར་ཨེག་རོན་དུ་ཕྱིར་ལོག་གོ།
༡༧ ཡང་ཕེ་ལེ་ཤེད་པས་ཡ་ཧོ་ཝཱ་ལ་ཉེས་པའི་མཆོད་པར་ཕུལ་བའི་གསེར་གྱི་ཤ་བུར་ནི་འདི་ཡིན། ཨས་དོད་ཀྱི་ཕྱིར་གཅིག ག་ཟཱ་ཡི་ཕྱིར་གཅིག ཨས་ཀ་ལོན་གྱི་ཕྱིར་གཅིག གད་ཀྱི་ཕྱིར་གཅིག ཨེག་རོན་གྱི་ཕྱིར་གཅིག་ཕུལ་ཏོ། ༡༨ ཡང་གསེར་གྱི་བྱི་བ་ནི་ཕེ་ལེ་ཤེད་པའི་དཔོན་པོ་ལྔ་ལ་ཡོད་པའི་ལྕགས་རིས་བསྐོར་བའི་གྲོང་ཁྱེར་དང་། ཡ་ཧོ་ཝཱའི་སྒྲོམ་བཞག་པའི་ཕ་བོང་ཆེན་པོའི་བར་ལ་ཡོད་པའི་ཡུལ་ཚོ་རྣམས་ཀྱི་གྲངས་བཞིན་དུ་ཕུལ་ཏོ། ཕ་བོང་དེ་ནི་དེ་རིང་གི་བར་དུ་ཡང་བེད་ཤེ་མེས་པ་ཡོ་ཤུ་ཨ་ཡི་ཞིང་ན་ཡོད་དོ༎
༡༩ བེད་ཤེ་མེས་པ་རྣམས་ཀྱིས་ཡ་ཧོ་ཝཱའི་སྒྲོམ་གྱི་ནང་དུ་བལྟས་པས། ཁོང་གིས་མི་དེའི་ནང་ནས་སྟོང་ལྔ་བཅུ་དང་བདུན་ཅུ་བསད་དོ། ཡ་ཧོ་ཝཱས་མི་བརྒྱུད་ལ་འདི་ལྟར་གསོད་གཅོད་ཆེན་པོས་བརྡུང་བས། མི་བརྒྱུད་ཀྱིས་མྱ་ངན་བྱས་སོ། ༢༠ ཡང་བེད་ཤེ་མེས་པ་རྣམས་ཀྱིས་འདི་སྐད་དུ། དམ་པའི་དཀོན་མཆོག་ཡ་ཧོ་ཝཱའི་སྤྱན་སྔར་སུ་གནས་པར་ནུས། ཁོང་ནི་ངེད་ཅག་གི་ཕྱོགས་ནས་སུའི་རྩར་ཕེབས་པར་བྱ་ཞེས་ཞུས་ནས། ༢༡ བང་ཆེན་འགའ་ཞིག་ཁིར་ཡད་ཡེ་ཨ་རིམ་གྱི་མི་རྣམས་ཀྱི་མདུན་དུ་བཏང་ནས་དེ་དག་ལ། ཕེ་ལེ་ཤེད་པས་ཡ་ཧོ་ཝཱའི་སྒྲོམ་ནི་འདི་རུ་ཁྱེར་ཏོ། དེའི་ཕྱིར་ཁྱེད་ཅག་འོངས་ནས། ཁྱེད་རང་གི་ཡུལ་དུ་ཁྱེར་ཞིག་ཅེས་བསྐུལ་ཏོ༎