༧
ཡང་ཁིར་ཡད་ཡེ་ཨ་རིམ་པ་རྣམས་འོངས་ནས། ཡ་ཧོ་ཝཱའི་སྒྲོམ་ཡར་གདན་དྲངས་ནས། རི་ན་གནས་པའི་ཨ་བི་ནཱ་དབ་ཀྱི་ཁང་པར་ཁྱེར་ཏེ། དེའི་བུ་ཨེལ་ཨ་ཟར་ལ་ཡ་ཧོ་ཝཱའི་སྒྲོམ་དེ་སྲུང་བར་དམ་པར་བྱས་སོ། ༢ སྒྲོམ་དེ་ཁིར་ཡད་ཡེ་ཨ་རིམ་དུ་དུས་ཡུན་རིང་ཞིག་ལུས་ཏེ། ཡུན་ཇི་ཙམ་ཞེ་ན། ལོ་ཉི་ཤུའི་བར་དེ་རུ་ལུས་སོ། ཡང་ཨིས་ར་ཨེལ་གྱི་བརྒྱུད་ཐམས་ཅད་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་མྱ་ངན་བྱས་སོ༎༣ དེ་རུ་ཤ་མུ་ཨེལ་གྱིས་ཨིས་ར་ཨེལ་གྱི་བརྒྱུད་ཐམས་ཅད་ལ། གལ་ཏེ་ཁྱོད་རྣམས་ཀྱིས་སྙིང་གི་གཏིང་ནས་ཡ་ཧོ་ཝཱའི་དྲུང་དུ་ལོག་འདོད་ན། མི་ཡན་པའི་སྐུ་འདྲ་དང་ཨས་ཐཱ་རོད་ཁྱོད་རྣམས་རང་གི་ཁྲོད་ནས་འདོན་པར་བྱས་ཏེ། སྙིང་ཚང་མ་ཡ་ཧོ་ཝཱ་ལ་འབུལ་ཞིང་། ཁོང་ཉིད་འབའ་ཞིག་ལ་ཞབས་ཏོག་ཞུ་ན། ཁོང་གིས་ཁྱོད་རྣམས་ཕེ་ལེ་ཤེད་པའི་ལག་ནས་སྒྲོལ་བར་བྱའོ་ཞེས་སྨྲས་སོ། ༤ དེ་ནས་ཨིས་ར་ཨེལ་པ་རྣམས་ཀྱིས་བ་ཨ་ལིམ་དང་ཨས་ཐཱ་རོད་ཀྱི་སྐུ་འདྲ་རྣམས་བཏོན་ནས། ཡ་ཧོ་ཝཱ་འབའ་ཞིག་ལ་བསྙེན་བཀུར་ཞུས་སོ༎
༥ ཡང་ཤ་མུ་ཨེལ་གྱིས། ཨིས་ར་ཨེལ་ཐམས་ཅད་མིས་པཱ་རུ་འཛོམ་དུ་ཆུག་ཅིག ངས་ཁྱོད་ཅག་གི་དོན་དུ་ཡ་ཧོ་ཝཱ་ལ་སྨོན་ལམ་འདེབས་པར་བྱ་ཞེས་སྨྲས་པས། ༦ དེ་དག་མིས་པཱ་རུ་འཛོམ་པ་དང་། ཆུ་བཅུས་ནས། ཡ་ཧོ་ཝཱའི་དྲུང་དུ་བླུགས་སོ། ཉིན་དེ་ལ་སྨྱུང་གནས་སྲུང་ཞིང་། ཡ་ཧོ་ཝཱའི་དྲུང་དུ་བདག་ཅག་གིས་སྡིག་པ་བྱས་པ་ཡིན་ཞེས་ཞུས་སོ། ཤ་མུ་ཨེལ་གྱིས་ཨིས་ར་ཨེལ་པ་རྣམས་ལ་མིས་པཱ་རུ་ཞལ་ཆེ་བཅད་དོ། ༧ ཡང་ཕེ་ལེ་ཤེད་པ་རྣམས་ཀྱིས་ནི། ཨིས་ར་ཨེལ་པ་རྣམས་མིས་པཱ་རུ་འཛོམས་སོ་ཞེས་ཐོས་པས། ཕེ་ལེ་ཤེད་པའི་དཔོན་པོ་རྣམས་ཀྱིས་ཨིས་ར་ཨེལ་པའི་ཕྱོགས་སུ་དམག་དྲངས་སོ། ཨིས་ར་ཨེལ་པས་དེ་ལྟ་བུའི་སྐད་ཆ་ཐོས་པས། ཕེ་ལེ་ཤེད་པ་ལ་འཇིགས་པར་གྱུར་ཏོ། ༨ ཨིས་ར་ཨེལ་པ་རྣམས་ཀྱིས་ཤ་མུ་ཨེལ་ལ། བདག་ཅག་ཕེ་ལེ་ཤེད་པའི་ལག་པ་ནས་སྒྲོལ་བའི་ཕྱིར། ཡ་ཧོ་ཝཱ་བདག་ཅག་གི་དཀོན་མཆོག་ལ་སྨོན་ལམ་འདེབས་པར་མ་སྤོངས་ཤིག་ཅེས་ཞུས་སོ། ༩ དེར་ཤ་མུ་ཨེལ་གྱིས་ལུག་གུ་འོ་འཐུང་ཞིག་བླངས་ནས། ཡོངས་སུ་ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་མཆོད་པར་ཕུལ་ཏེ། ཤ་མུ་ཨེལ་གྱིས་ཨིས་ར་ཨེལ་གྱི་དོན་དུ་ཡ་ཧོ་ཝཱ་ལ་སྨོན་ལམ་བཏབ་ནས། ཡ་ཧོ་ཝཱས་དེ་ལ་གསན་ནོ། ༡༠ ཡང་ཤ་མུ་ཨེལ་གྱིས་སྦྱིན་སྲེག་འབུལ་བར་ཙམ་གྱིས། ཕེ་ལེ་ཤེད་པ་རྣམས་ཨིས་ར་ཨེལ་ལ་དམག་རྒྱབ་ཏུ་འོངས་སོ། ཉིན་དེ་ལ་ཡ་ཧོ་ཝཱས་ཕེ་ལེ་ཤེད་པའི་སྟེང་དུ་འབྲུག་སྒྲ་ཆེན་པོ་དང་བཅས་ལྡིར་བས། དེ་དག་འཇིགས་སྐྲགས་ཏེ། ཨིས་ར་ཨེལ་གྱི་མདུན་དུ་ཕམ་པར་གྱུར་ཏོ། ༡༡ ཨིས་ར་ཨེལ་པ་རྣམས་ནི་མིས་པཱ་ནས་ཐོན་ཏེ། ཕེ་ལེ་ཤེད་པའི་རྗེས་སུ་འདེད་ཅིང་བསད་པ་དང་། བེད་ཀར་གྱི་འོག་ཏུ་བསླེབས་སོ༎
༡༢ ཡང་ཤ་མུ་ཨེལ་གྱིས་རྡོ་ཞིག་བླངས་ནས། མིས་པཱ་དང་ཤེན་གཉིས་ཀྱི་བར་ལ་བཞག་སྟེ། དུས་འདིའི་བར་དུ་ཡ་ཧོ་ཝཱས་བདག་ཅག་ལ་སྐྱབས་མཛད་དོ་ཞེས་སྨྲས་ཏེ། རྡོ་དེའི་མིང་ཨེ་བེན་ཨེ་ཟེར་ཞེས་བཏགས་སོ། ༡༣ དེ་ལྟར་ཕེ་ལེ་ཤེད་པ་རྣམས་ཕམ་ནས། དེ་དག་ཨིས་ར་ཨེལ་གྱི་ས་མཚམས་སུ་ཕྱིར་ལོག་སྟེ་འོང་རྒྱུ་མ་བྱུང་ངོ་། ཤ་མུ་ཨེལ་གྱི་ཚེ་གང་གི་རིང་ལ་ཡ་ཧོ་ཝཱའི་ཕྱག་གིས་ཕེ་ལེ་ཤེད་པ་རྣམས་བཀག་གོ། ༡༤ ཡང་ཕེ་ལེ་ཤེད་པས་བཟུང་བའི་ཨིས་ར་ཨེལ་གྱི་གྲོང་ཁྱེར། ཨེག་རོན་ནས་གད་ཀྱི་བར་དུ་ཨིས་ར་ཨེལ་ལ་ཕྱིར་ལོག་སྟེ་ཐོབ་ནས། དེ་དག་གི་ས་མཚམས་ནི་ཨིས་ར་ཨེལ་གྱིས་ཕེ་ལེ་ཤེད་པའི་ལག་པ་ནས་བསྒྲལ་ལོ། ཨིས་ར་ཨེལ་དང་ཨ་མོར་པ་གཉིས་མཐུན་པར་གྱུར་ཏོ༎
༡༥ ཤ་མུ་ཨེལ་གྱིས་ཁོང་ཉིད་ཀྱི་ཚེའི་རིང་ལ་ཨིས་ར་ཨེལ་ཐམས་ཅད་ལ་ཞལ་ཆེ་བཅད་དོ། ༡༦ ལོ་ནས་ལོ་འཁོར་བ་དང་། བེད་ཨེལ་དང་གིལ་གལ་དང་མིས་པཱ་ཡུལ་དུ་སོང་སྟེ། དེ་རྣམས་ཀྱི་གནས་ཐམས་ཅད་ཀྱི་ནང་ན་ཞལ་ཆེ་བཅད་དོ། ༡༧ རཱ་མཱ་རུ་ཤ་མུ་ཨེལ་གྱི་ཁང་པ་ཡོད་པས། དེར་ཕྱིར་ལོག་སྟེ། དེ་རུ་ཡང་ཨིས་ར་ཨེལ་ལ་ཞལ་ཆེ་བཅད་ཅིང་། ཡ་ཧོ་ཝཱ་ལ་མཆོད་ཁྲི་ཞིག་བརྩིགས་སོ༎