དེ་ནས་ཤ་མུ་ཨེལ་རྒས་པའི་ཚེ། རང་གི་བུ་གཉིས་ཨིས་ར་ཨེལ་གྱི་ཁྲིམས་དཔོན་དུ་བསྐོས་སོ།  སྔོན་སྐྱེས་ཀྱི་མིང་ཡོ་ཨེལ་དང་། བུ་གཉིས་པའི་མིང་ཨ་བི་ཡཱ་བྱ་བ། དེ་གཉིས་ཀྱིས་བེ་ཨེར་ཤེ་བཱ་རུ་ཁྲིམས་དཔོན་བྱས་སོ།  ཡང་བུ་དེ་གཉིས་ནི་ཁོང་གི་ལམ་ལ་མ་འགྲུལ་ཏེ། ནོར་བརྣབ་ཅན་ཡིན་ཏེ། ཕག་སུག་བླངས་ནས། གཤགས་ལོག་བཏང་ངོ་༎
 དེ་ནས་ཨིས་ར་ཨེལ་གྱི་རྒན་མི་ཐམས་ཅད་འཛོམ་ནས། རཱ་མཱ་རུ་ཤ་མུ་ཨེལ་གྱི་དྲུང་དུ་བསླེབ་སྟེ།  དེ་དག་གིས་ཁོང་ལ། གཟིགས་ཤིག ཁྱེད་ནི་རྒས་པ་དང་། ཁྱེད་རང་གི་བུ་གཉིས་ནི་ཁྱེད་ཀྱི་ལམ་ལ་མི་འགྲུལ་བས། ད་བདག་ཅག་ལ་མི་བརྒྱུད་གཞན་མ་ཐམས་ཅད་ཀྱི་ཁྲིམས་བཞིན་དུ་ཞལ་ཆེ་གཅོད་པའི་ཕྱིར་རྒྱལ་པོ་ཞིག་གནོང་ཞིག་ཅེས་ཞུས་སོ།  དེ་དག་གིས། བདག་ཅག་ལ་ཞལ་ཆེ་གཅོད་པའི་ཕྱིར་རྒྱལ་པོ་ཞིག་གནོང་ཞིག་ཞུས་པས། ཤ་མུ་ཨེལ་གཏམ་དེ་ལ་མི་དགའ་བར་གྱུར་ཏེ། ཡ་ཧོ་ཝཱ་ལ་སྨོན་ལམ་བཏབ་བོ།  དེ་ནས་ཡ་ཧོ་ཝཱས་ཤ་མུ་ཨེལ་ལ། གཏམ་དེ་ཚང་མའི་ནང་ན་མི་རྣམས་ཀྱི་སྒྲ་ལ་ཉོན། དེ་དག་གིས་ཁྱོད་མ་སྤང་སྟེ། ང་ནི་དེ་དག་གི་སྟེང་དུ་རྒྱལ་པོ་མི་བྱེད་པའི་ཕྱིར་སྤངས་སོ།  ངས་མི་བརྒྱུད་འདི་ནི་མི་སེར་ཡུལ་ནས་ཁྲིད་པ་ནས་བཟུང་སྟེ། དེ་རིང་གི་བར་དུ་དེ་དག་གིས་ང་སྤང་སྟེ། ལྷ་གཞན་མ་རྣམས་ལ་བརྟེན་ཏོ། དེ་ལྟ་བུའི་བྱ་བ་བཞིན་དུ་དེ་དག་གིས་ཁྱོད་ལ་ཡང་བྱེད་དོ།  དེའི་ཕྱིར་མི་རྣམས་ཀྱི་སྒྲ་ལ་ཉོན། འོན་ཀྱང་དེ་དག་གི་གྲོས་དང་མ་མཐུན་པར། དེ་དག་ལ་སྲིད་བྱེད་པའི་རྒྱལ་པོའི་ཁྲིམས་ཐམས་ཅད་གསལ་པོར་ཤོད་ཅེས་གསུངས་སོ༎
༡༠ ཡང་ཤ་མུ་ཨེལ་གྱིས་ཡ་ཧོ་ཝཱའི་གསུང་ཐམས་ཅད་རྒྱལ་པོ་ཞུས་པའི་མི་རྣམས་ལ་བཤད་དེ། ༡༡ འདི་སྐད་དུ། ཁྱོད་རྣམས་ལ་སྲིད་བྱེད་པའི་རྒྱལ་པོའི་ཁྲིམས་ནི་འདི་ཡིན། ཁོང་གིས་ཁྱོད་ཅག་གི་བུ་རྣམས་འཛིན་ནས། རང་གི་ཤིང་རྟའི་མིའམ་རྟ་པར་བསྐོས་ཏེ། རྒྱལ་པོའི་ཤིང་རྟའི་མདུན་དུ་རྒྱུག་པར་འགྱུར་རོ། ༡༢ ཡང་རྒྱལ་པོ་དེས་མི་སྟོང་རེ་ལ་མི་དཔོན་དང་མི་ལྔ་བཅུ་རེ་ལ་མི་དཔོན་རེ་བསྐོ་བ་དང་། དེ་དག་གིས་ཁོང་གི་ཞིང་རྨོ་བ་དང་། སྟོན་ཐོག་རྔ་བ་དང་། དམག་ཆས་བཟོ་བ་དང་། ཤིང་རྟའི་ལག་ཆ་བཟོ་བར་བྱའོ། ༡༣ ཡང་ཁྱོད་ཅག་གི་བུ་མོ་རྣམས་ནི་སྤོས་ཆུ་འབྱུག་མཁན་དང་། གསོལ་ཐབ་པ་དང་། གཡོག་མོར་འཇུག་པར་བྱའོ། ༡༤ ཡང་ཁྱོད་རྣམས་ཀྱི་ཞིང་དང་རྒུན་ཚལ་དང་སྐྱུ་རུ་རའི་ཚལ་བཟང་པོ་རྣམས་ཕྲོགས་ནས། ཁོང་རང་གི་གཡོག་པོ་རྣམས་ལ་གཏོང་བར་བྱའོ། ༡༥ ཡང་ཁྱོད་རྣམས་ཀྱི་ས་བོན་དང་རྒུན་ཚལ་རྣམས་ནས་བཅུ་ཁག་ལེན་ནས། རང་གི་ལས་ཚན་པ་དང་གཡོག་པོ་རྣམས་ལ་གཏོང་བར་བྱའོ། ༡༦ ཡང་ཁྱོད་ཅག་གི་གཡོག་པོ་དང་གཡོག་མོ་དང་བྱད་གཟུགས་ལེགས་པའི་མི་གཞོན་ནུ་དང་། བོང་བུ་རྣམས་ཕྲོག་སྟེ། ཁོ་རང་གི་ལས་བྱེད་དུ་འཇུག་པར་འགྱུར་རོ། ༡༧ ཁྱོད་ཚོའི་ལུག་ཁྱུའི་ནང་ནས་བཅུ་ཁག་ལེན་ཏེ། ཁྱོད་རྣམས་ནི་ཁོང་གི་གཡོག་པོར་འགྱུར་བར་འགྱུར་རོ། ༡༨ ཉིན་དེ་ལ་ཁྱོད་རྣམས་ནི་རང་གིས་བསྐོས་པའི་རྒྱལ་པོའི་ཕྱིར་ངུ་སྟེ། ཡ་ཧོ་ཝཱས་ཉིན་དེ་ལ་ཁྱོད་རྣམས་ཀྱི་ངུ་སྐད་ལ་གསན་པར་མི་བྱའོ༎
༡༩ ཤ་མུ་ཨེལ་གྱིས་དེ་ལྟར་སྨྲས་ཀྱང་། མི་རྣམས་ཀྱིས་དེའི་སྒྲ་ལ་མ་ཉན་ཏེ། མིན། བདག་ཅག་གི་སྟེང་དུ་རྒྱལ་པོ་ཞིག་ཡོད་པར་དགའ། ༢༠ བདག་ཅག་མི་བརྒྱུད་གཞན་ཐམས་ཅད་དང་འདྲ་བར་འགྱུར་ཅིང་། བདག་ཅག་ལ་རང་གི་རྒྱལ་པོས་ཞལ་ཆེ་བཅད་དེ། ཁོང་བདག་ཅག་གི་མདུན་དུ་འགྲོ་ཞིང་། བདག་ཅག་གི་དོན་དུ་དམག་རྒྱག་པར་བྱའོ། ༢༡ ཡང་ཤ་མུ་ཨེལ་གྱིས་མི་བརྒྱུད་ཀྱི་གཏམ་ཐམས་ཅད་ཐོས་ནས། ཡ་ཧོ་ཝཱའི་སྙན་ལམ་དུ་ཡང་སྐྱར་ཞུས་པ་དང་། ༢༢ ཡ་ཧོ་ཝཱས་ཤ་མུ་ཨེལ་ལ། དེ་དག་གི་སྒྲ་ལ་ཉན་ཏེ། དེ་དག་ལ་རྒྱལ་པོ་ཞིག་སྐོས་ཤིག་ཅེས་གསུངས་པས། ཤ་མུ་ཨེལ་གྱིས་ཨིས་ར་ཨེལ་པ་རྣམས་ལ། ཁྱེད་མི་རེ་རང་གི་གྲོང་ཁྱེར་དུ་སོང་ཞིག་ཅེས་སྨྲས་སོ༎