༩
དེའི་ཚེ་བེན་ཡ་མིན་པ་དབང་ཅན་དང་ཕྱུག་པོ། མིང་ལ་ཀིས་བྱ་བ་ཞིག་ཡོད་དེ། དེ་ནི་ཨ་བི་ཨེལ་གྱི་བུ། དེ་ནི་ཙེ་རོར་གྱི་བུ། དེ་ནི་བེ་ཁོ་རད་ཀྱི་བུ། དེ་ནི་བེན་ཡ་མིན་པ་ཨ་ཕི་ཡཱ་ཡི་བུ་ཡོད་པ་ཡིན། ༢ དེ་ལ་བུ་ཞིག་ཡོད་དེ། དེའི་མིང་ཤ་ཨུལ་ཞེས་ཟེར་རོ། དེ་ནི་གཞོན་ནུ་དང་བྱད་གཟུགས་ལེགས་པའི་མི་ལགས་ཏེ། དེ་བས་བྱད་གཟུགས་ལེགས་པའི་མི་ཞིག་ཨིས་ར་ཨེལ་པའི་ཁྲོད་ན་མེད་པ་ཡིན། མི་བརྒྱུད་ཐམས་ཅད་ལས་དེའི་དཔུང་པ་མཐོ་བ་ཡོད་པ་ཡིན་ནོ༎༣ ཡང་ཤ་ཨུལ་གྱི་ཕ་ཀིས་ཀྱི་བོང་བུ་རྣམས་སྟོར་བས། ཀིས་ཀྱིས་རང་གི་བུ་ཤ་ཨུལ་ལ། གཡོག་པོའི་ནང་ནས་གཅིག་མཉམ་དུ་ཁྲིད་དེ། ལོང་ལ། བོང་བུ་རྣམས་འཚོལ་བར་སོང་ཞེས་བསྒོ་བས། ༤ དེ་གཉིས་ཨེབ་ར་ཨིམ་གྱི་རི་བརྒྱུད་དང་ཤ་ལི་ཤཱ་ཡུལ་རྒྱུད་དེ་འགྲོ་ན་ཡང་མ་བརྙེད་དོ། དེ་ནས་ཤ་ལིམ་ཡུལ་བརྒྱུད་དེ་འགྲོ་ན་ཡང་། དེ་རུ་ཡང་བོང་བུ་མེད་པས། བེན་ཡ་མིན་པའི་ཡུལ་རྒྱུད་དེ་ཕྱིན་ན་ཡང་། མ་བརྙེད་དོ༎
༥ དེ་དག་ཙུབ་ཡུལ་གྱི་བར་དུ་བསླེབ་ཙ་ན། ཤ་ཨུལ་གྱིས་མཉམ་དུ་ཡོད་པའི་གཡོག་པོ་ལ། ད་ཤོག་དང་། ངེད་གཉིས་ལོག་འགྲོ། མ་ལོག་ན། ཕ་ནི་བོང་བུའི་ཕྱིར་སེམས་འཁྲལ་བར་སྤང་སྟེ། ངེད་གཉིས་ཀྱི་ཕྱིར་སེམས་འཁྲལ་བར་འགྱུར་རོ། ཞེས་སྨྲས་པ་དང་། ༦ དེས་ཤ་ཨུལ་ལ། ད་གཟིགས་ཤིག གྲོང་ཁྱེར་འདི་ན་དཀོན་མཆོག་གི་མི་ཞིག་བཞུགས། མི་དེས་ཅི་ཞིག་གསུང་ན་ཡང་། བདེན་པར་འགྲུབ། ད་ངེད་དེ་རུ་འགྲོ་སྟེ། མི་དེས་ངེད་ལ་འགྲོ་འོས་པའི་ལམ་སྟོན་པར་བྱའོ་ཞེས་ཞུས་སོ། ༧ ཤ་ཨུལ་གྱིས་རང་གི་གཡོག་པོ་ལ། ལྟོས་དང་། ངེད་དེ་རུ་འགྲོ་ན། མི་དེ་ལ་ཅི་དབུལ། ངེད་ཀྱི་སྣོད་ཀྱི་ནང་ན་ཡོད་པའི་བག་ལེབ་ནི་རྫོགས་ཚར། དཀོན་མཆོག་གི་མི་དེ་ལ་དབུལ་བའི་ནོར་གཅིག་ཀྱང་མེད། ངེད་ལ་ཅི་ཡོད་ཅེས་འདྲིས་པས། ༨ གཡོག་པོས་ཤ་ཨུལ་ལ་ལན་བཏབ་ཅིང་ཞུས་པ། ད་གཟིགས་ཤིག འདི་རུ་བདག་གི་ལག་ལ་དངུལ་གྱི་ཊམ་ཀའི་བཞི་ཆ་གཅིག་ཡོད། དེ་ནི་ངེད་ལ་ལམ་སྟོན་པའི་ཕྱིར་དཀོན་མཆོག་གི་མི་དེ་ལ་འབུལ་བར་བྱ། ༩ སྔོན་དུས་ཨིས་ར་ཨེལ་གྱི་ཁྲོད་ན་མི་ཞིག་གིས་དཀོན་མཆོག་ནས་གྲོས་འདྲི་བར་འགྲོ་བའི་ཚེ། འདི་ལྟར་ཞེས་སྨྲས་པ། ཤོག་དང་། ངེད་རྣམས་གཟིགས་མཁན་དེའི་དྲུང་དུ་འགྲོ་བར་བྱ། དེང་སང་ལུང་སྟོན་པ་སུ་ལ་ཟེར་ན། སྔོན་དུས་སུ་གཟིགས་མཁན་ཞེས་བཏགས་སོ། ༡༠ དེ་ནས་ཤ་ཨུལ་གྱིས་རང་གི་གཡོག་པོ་ལ། ཁྱོད་ཀྱིས་སྨྲས་པ་ནི་ལེགས་སོ། ད་ཤོག་དང་། ངེད་འགྲོ་བར་བྱ། དེ་ལྟར་དེ་དག་དཀོན་མཆོག་གི་མི་བཞུགས་ཡོད་སའི་གྲོང་ཁྱེར་དུ་སོང་ངོ་༎
༡༡ གྲོང་ཁྱེར་དེའི་རི་ལ་ཡར་འཛེགས་པ་དང་། གཞོན་ནུ་མ་ཆུ་བཅུ་བའི་ཕྱིར་འཐོན་པ་རྣམས་དང་ཐུག་པས། དེ་དག་ལ་གཟིགས་མཁན་འདི་རུ་འདུག་གམ་ཞེས་འདྲིས་པས། ༡༢ དེ་དག་གིས་ལན་དུ། ཁོང་འདུག ལྟོས་ཤིག ཁོང་ནི་ཁྱེད་ཀྱི་མདུན་དུ་བཞུགས་འདུག ད་རྒྱུག་ཅིག དེ་རིང་གནས་མཐོ་བ་རུ་ཡུལ་མི་རྣམས་ཀྱི་དོན་དུ་མཆོད་པ་དབུལ་བའི་ཕྱིར། ཁོང་ནི་གྲོང་ཁྱེར་དུ་ཕེབས་སོ། ༡༣ ཁྱེད་གཉིས་གྲོང་ཁྱེར་དུ་སླེབ་པར་ཙམ་གྱིས། ཁོང་རི་ལ་གསོལ་བ་བཞེས་སུ་མ་ཕེབས་པའི་སྔོན་དུ་ཁོང་དང་མགྱོགས་པར་མཇལ་བར་འགྱུར་རོ། མི་ཚོགས་ཀྱིས་ཁོང་མ་ཕེབས་བར་དུ་ཟས་བཟའ་མི་འོང་། རྗེས་སུ་ཁོང་གིས་མཆོད་པ་ལ་བྱིན་རླབས་གནང་ནས། མགྲོན་དུ་བོས་པ་རྣམས་ཀྱིས་ཟ་བར་འགྱུར། དེའི་ཕྱིར་ལོངས་ལ། དུས་འདི་ཉིད་དུ་ཁོང་དང་མཇལ་བར་འགྱུར་རོ་ཞེས་སྨྲས་སོ། ༡༤ དེ་ནས་དེ་གཉིས་ཡར་གྲོང་ཁྱེར་དུ་སོང་སྟེ། གྲོང་ཁྱེར་གྱི་ནང་ན་བསླེབ་པའི་ཚེ། ལྟོས་ཤིག ཤ་མུ་ཨེལ་ནི་གནས་མཐོ་བའི་རི་ལ་ཕེབས་ཤིང་། མི་དེ་གཉིས་ཀྱི་ཕྱོགས་སུ་འགྲུལ་ཏོ༎
༡༥ ཤ་ཨུལ་འོང་བའི་ཉི་མ་གཅིག་གི་སྔོན་ལ་ཡ་ཧོ་ཝཱས་ཤ་མུ་ཨེལ་ལ། གསུང་སྟེ་འདི་སྐད་དུ། ༡༦ སང་ཉིན་ཆུ་ཚོད་འདིའི་དུས་སུ་ངས་ཁྱོད་ཀྱི་མདུན་དུ་བེན་ཡ་མིན་ཡུལ་གྱི་མི་ཞིག་གཏོང་བར་བྱ། མི་དེས་ང་རང་གི་མི་བརྒྱུད་ཨིས་ར་ཨེལ་ནི་ཕེ་ལེ་ཤེད་པའི་ལག་པ་ནས་སྒྲོལ་བའི་ཕྱིར་མི་དཔོན་དུ་འབྱུག་པར་རུང་། ངས་རང་གི་མི་བརྒྱུད་ལ་བལྟས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ངུ་སྐད་ང་རང་གི་མདུན་དུ་འོང་བ་ཡིན་ནོ། ༡༧ ཡང་ཤ་མུ་ཨེལ་གྱིས་ཤ་ཨུལ་མཐོང་བར་ཙམ་གྱིས། ཡ་ཧོ་ཝཱས་དེ་ལ། ངས་ཁྱོད་ལ་སྨྲས་པའི་མི་འདི་ལ་ལྟོས། དེས་ནི་ང་རང་གི་མི་བརྒྱུད་ལ་རྒྱལ་སྲིད་སྐྱོང་བར་བྱ་ཞེས་གསུངས་སོ། ༡༨ དེ་ནས་ཤ་ཨུལ་རྒྱལ་སྒོའི་ནང་ན་ཤ་མུ་ཨེལ་དང་ཉེ་བར་འོངས་ནས། གཟིགས་མཁན་གྱི་ཁང་པ་གང་དུ་ཡོད་ང་ལ་སྟོན་པར་མཛོད། ཅེས་ཞུས་པ་དང་། ༡༩ ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། གཟིགས་མཁན་དེ་ནི་ང་ཡིན། ཁྱོད་ངའི་སྔོན་དུ་གནས་མཐོ་བ་ལ་སོང་ཞིག་དང་། དེ་རིང་ཁྱོད་ང་དང་མཉམ་དུ་ཟས་ཟ་བར་འགྱུར། སང་སྔ་པོ་ངས་ཁྱོད་འགྲོ་འཇུག་སྟེ། ཁྱོད་ཀྱི་སྙིང་ལ་གང་ཡོད་པ་ཁྱོད་ལ་འཆད་པར་བྱའོ། ༢༠ ཡང་ཁྱོད་ཀྱི་བོང་བུ་ཞག་གསུམ་གྱི་སྔོན་དུ་སྟོར་བ་དེའི་ཕྱིར་བསམ་བློ་མ་ཐོང་། བོང་བུ་དེ་རྣམས་རྙེད་ཟིན་ནོ། ཡང་ཨིས་ར་ཨེལ་ཐམས་ཅད་ནི་སུའི་ཕྱིར་དགའ་ཟེར་ན། ཁྱོད་རང་དང་ཁྱོད་ཀྱི་ཕ་ཡི་བརྒྱུད་ཀྱི་ཕྱིར་དགའ་ཞེས་སྨྲས་སོ། ༢༡ ཤ་ཨུལ་གྱིས་དེའི་ལན་དུ། བདག་ནི་ཨིས་ར་ཨེལ་གྱི་ཁྲོད་ན་ཐམས་ཅད་ལས་ཆུང་བའི་བེན་ཡ་མིན་གྱི་སྡེ་ཡི་མི་ཞིག་མ་ཡིན་ནམ། བདག་གི་ཕ་ཡི་བརྒྱུད་ནི་བེན་ཡ་མིན་གྱི་སྡེ་ཡི་ཁྲོད་ན་ཐམས་ཅད་ལས་དམའ་བ་མ་ཡིན་ནམ། ཁྱེད་ཀྱིས་བདག་ལ་དེ་ལྟ་བུའི་གཏམ་ཅིའི་ཕྱིར་སྨྲས་ཤེས་ཞུས་པས།
༢༢ ཤ་མུ་ཨེལ་གྱིས་ཤ་ཨུལ་དང་དེའི་གཡོག་པོ་ལ་བོས་ནས། ཁང་པར་ཁྲིད་པ་དང་། མགྲོན་དུ་བོས་པ་རྣམས་ཀྱི་ཁྲོད་དུ་གྲལ་མགོ་རུ་སྡོད་དུ་བཅུག་གོ། དེ་དག་གི་གྲངས་ནི་སུམ་ཅུ་ཙམ་ཡིན་ནོ། ༢༣ དེ་ནས་ཤ་མུ་ཨེལ་གྱིས་གསོལ་དཔོན་ལ། སྔར་ངས་ཁྱོད་ལ། འདི་ནི་སོ་སོར་ཞོག་ཅེས་ལབ་པའི་ཤའི་སྐལ་བ་འདི་རུ་ཁྱེར་ཤོག་ཅེས་བསྐུལ་བས། ༢༤ གསོལ་དཔོན་གྱིས་རྐང་པ་ལ་སོགས་པའི་ཤ་བླངས་ནས། ཤ་ཨུལ་གྱི་མདུན་དུ་བཞག་གོ། ཡང་ཤ་མུ་ཨེལ་གྱིས། ད་ལྟོས་ཤིག འདི་ནི་སོ་སོར་བཞག་པ་ཡིན། ད་ལེན་ཏེ་ཟོ། ངས་ཁྱོད་ལ། མི་རྣམས་མགྲོན་དུ་བོས་པ་ཡིན་ཞེས་སྨྲས་པའི་དུས་ནས་ད་ལྟའི་བར་དུ་འདི་ནི་ཁྱོད་ཀྱི་ཕྱིར་སོ་སོར་བཞག་གོ་ཞེས་སྨྲས་པས།
དེའི་ཉིན་པར་ཤ་ཨུལ་ནི་ཤ་མུ་ཨེལ་དང་མཉམ་དུ་བཟས་སོ༎
༢༥ དེ་ནས་དེ་དག་གནས་མཐོ་བ་ནས་གྲོང་ཁྱེར་དུ་བབ་ནས། ཤ་མུ་ཨེལ་གྱིས་ཤ་ཨུལ་དང་མཉམ་དུ་ཁང་པའི་ཐོག་གི་ཁར་གཏམ་བྱས་སོ། ༢༦ སྐྱ་རེངས་ཀྱི་དུས་སུ་ཤ་མུ་ཨེལ་གྱིས་ཐོག་གི་ཁར་ཉལ་བའི་ཤ་ཨུལ་ལ། ད་ལོངས་ལ། ངས་ཁྱོད་ནི་འགྲོ་བར་འཇུག་གོ་ཞེས་སྨྲས་པས། ཤ་ཨུལ་ལངས་ནས། ཁོ་དང་ཤ་མུ་ཨེལ་གཉིས་ཡུལ་གྱི་ཕྱི་རོལ་ཏུ་སོང་ངོ་། ༢༧ དེ་གཉིས་གྲོང་ཁྱེར་གྱི་མཐའ་ལ་བསླེབ་པའི་ཚེ། ཤ་མུ་ཨེལ་གྱིས་ཤ་ཨུལ་ལ། ཁྱོད་ཀྱི་གཡོག་པོ་ལ། ངེད་ཀྱི་སྔོན་དུ་སོང་ཞེས་སྐུལ་ཞིག་སྨྲས་ནས། ཤ་ཨུལ་ལ། ད་ལྟ་ཁྱོད་ཅུང་ཟད་ཅིག་སྡོད། ངས་ཁྱོད་ལ་དཀོན་མཆོག་གི་གསུང་ཞིག་འཆད་པར་བྱའོ་ཞེས་སྨྲས་སོ༎