༣
དེ་ནས་ཤ་ཨུལ་གྱི་ཁྱིམ་དང་དཱ་བིད་ཀྱི་ཁྱིམ་གཉིས་ཀྱི་བར་དུ་ཡུན་རིང་དུ་དམག་བྱུང་བ་དང་། དཱ་བིད་ཀྱི་སྟོབས་ནི་ཡར་ནས་ཡར་དུ་ཇེ་ཆེར་འཕེལ་གྱི། ཤ་ཨུལ་གྱི་ཁྱིམ་ནི་ཐུར་ནས་ཐུར་དུ་ཇེ་ཆེར་ཉམས་སོ༎༢ ཡང་ཧེབ་རོན་དུ་དཱ་བིད་ལ་སྲས་རྣམས་བྱོར་ཏོ། ཡིས་རེ་ཨེལ་མ་ཨ་ཧི་ནོ་ཨམ་ལས་ཆད་པའི་སྔོན་སྐྱེས་ཨམ་ནོན་དང་། ༣ བུ་གཉིས་པ་ནི་ཀར་མེལ་པ་ནཱ་བལ་གྱི་ཆུང་མ་ཨ་བི་ཀཱ་ཨིལ་ལས་ཆད་པའི་ཁིལ་ཡབ་དང་། བུ་གསུམ་པ་ནི་གེ་ཤུར་གྱི་རྒྱལ་པོ་ཏལ་མཱ་ཨི་ཡི་སྲས་མོ་མ་ཨ་ཀཱ་ལས་ཆད་པའི་ཨབ་ཤ་ལོམ་དང་། ༤ བུ་བཞི་པ་ནི་ཧ་གིད་ལས་ཆད་པའི་ཨ་དོ་ནི་ཡཱ་དང་། ལྔ་པ་ནི་ཨ་བི་ཏལ་ལས་ཆད་པའི་ཤེ་ཕད་ཡཱ་དང་། ༥ དྲུག་པ་ནི་དཱ་བིད་ཀྱི་ཆུང་མ་ཨེག་ལཱ་ལས་ཆད་པའི་ཡེད་རེ་ཨམ། འདི་རྣམས་ཧེབ་རོན་དུ་དཱ་བིད་ལ་བྱོར་བ་རྣམས་ཡིན་ནོ༎
༦ ཡང་ཤ་ཨུལ་གྱི་ཁྱིམ་དང་དཱ་བིད་ཀྱི་ཁྱིམ་གཉིས་ཀྱི་བར་ལ་དམག་བྱུང་བ་ལས། ཨབ་ནེར་་ཤ་ཨུལ་གྱི་ཁྱིམ་གྱི་ནང་ན་དབང་ཅན་དུ་གྱུར་ཏོ། ༧ སྔར་ཤ་ཨུལ་ལ་ཨ་ཡཱ་ཡི་བུ་མོ་རིས་པཱ་བྱ་བའི་གྲོགས་མོ་ཞིག་ཡོད་པ་ཡིན། ཡང་ཨིས་བོ་ཤེད་ཀྱིས་ཨབ་ནེར་ལ། ཁྱོད་ངའི་ཕ་ཡི་གྲོགས་མོའི་ནང་དུ་ཅིའི་ཕྱིར་སོང་བ་ཡིན། དྲིས་པས། ༨ ཨབ་ནེར་ནི་ཨིས་བོ་ཤེད་ཀྱི་ཚིག་འདིའི་རྐྱེན་གྱིས་ཤིན་ཏུ་ཚིག་པ་ཟོས་ནས་དེ་ལ། ང་ཁྱིའི་མགོ་ཞིག་ཡིན་ནམ། ངས་ཡ་ཧུ་དཱ་ལ་རྒོལ་ཏེ། དེ་རིང་གི་བར་དུ་ཁྱེད་ཀྱི་ཡབ་ཤ་ཨུལ་གྱི་ཁྱིམ་དང་། དེའི་སྤུན་ཟླ་དང་། དེའི་ཟླ་བོ་ཐམས་ཅད་ལ་སྙིང་རྗེ་བྱེད་ཅིང་། ཁྱེད་ནི་དཱ་བིད་ཀྱི་ལག་ཏུ་མ་བཏད་ཀྱང་། ཁྱེད་ཀྱིས་ང་ལ་བུད་མེད་འདིའི་སྐོར་དུ་སྙད་བཏགས་པས། ༩ ཇི་བཞིན་ཡ་ཧོ་ཝཱས་དཱ་བིད་ལ་མནའ་ཐོ་བཞག་པ་བཞིན་དུ། ངས་སྒྲུབ་ཏུ་མ་བཅུག་ན། ཡ་ཧོ་ཝཱས་ཨབ་ནེར་ལ་དེ་འདྲ་མ་ཟད། ལྷག་པ་ཡང་མཛོད་ཅིག ༡༠ གང་ལ་ཞེ་ན། རྒྱལ་སྲིད་ལས་ཤ་ཨུལ་གྱི་ཁྱིམ་ཕྲལ་ནས། དཱན་ནས་བེ་ཨེར་ཤེ་བཱ་ཡི་བར་དུ་ཨིས་ར་ཨེལ་དང་ཡ་ཧུ་དཱ་གཉིས་ཀྱི་ཐོག་ཏུ་དཱ་བིད་ཀྱི་རྒྱལ་ཁྲི་ཡར་འདེགས་པའི་ཕྱིར་རོ། སྨྲས་པས། ༡༡ ཁོ་ཨབ་ནེར་ལ་ཤིན་ཏུ་འཇིགས་པས། དེ་ལ་གཏམ་ལན་ཚིག་གཅིག་ཀྱང་ཟེར་བར་མ་སྤོབས་སོ༎
༡༢ དེ་ནས་ཨབ་ནེར་གྱིས་དཱ་བིད་ཀྱི་དྲུང་དུ་བང་ཆེན་བཏང་ཞིང་འདི་སྐད་དུ། ཡུལ་སུའི་ཡིན། ཁྱེད་ཀྱིས་བདག་དང་བཅས་སུ་ཆད་དོན་མཛོད་ཅིག ཀྱེ་ཧོ། ཨིས་ར་ཨེལ་ཐམས་ཅད་ཁྱེད་ཀྱི་ཕྱོགས་སུ་ཁ་སྒྱུར་དུ་བདག་གི་ལག་པ་ཁྱེད་དང་འདྲེ་བར་འགྱུར་རོ་ཞེས་སྨྲས་པས། ༡༣ ཁོང་གིས། ལེགས་སོ། ངས་ཁྱོད་དང་བཅས་སུ་ཆད་དོན་བྱ་ཡང་། ངས་ཁྱོད་ནས་དོན་ཞིག་འཚོལ་ལོ། ཁྱོད་ནི་ངའི་གདོང་མཐོང་བར་འོང་སྐབས་སུ། ཁྱོད་ཀྱིས་ཤ་ཨུལ་གྱི་སྲས་མོ་མི་ཁལ་ནི་མཉམ་དུ་མ་འཁྲིད་ན། ངའི་གདོང་མཐོང་བར་མི་འགྱུར་རོ་ཞེས་སྤྲིངས་ནས། ༡༤ དཱ་བིད་ཀྱིས་ཤ་ཨུལ་གྱི་སྲས་ཨིས་བོ་ཤེད་ཀྱི་མདུན་དུ་ཡང་བང་ཆེན་བརྫངས་ཤིང་དེ་ལ། ཕེ་ལེ་ཤེད་པའི་མདུན་ལྤགས་བརྒྱ་ཕྲག་གཅིག་རིན་ཐོར་སྤྲད་ནས། བག་མར་བླངས་པའི་ངའི་ཆུང་མ་མི་ཁལ་ང་ལ་ཐོང་ཞེས་སྨྲས་པས། ༡༥ ཨིས་བོ་ཤེད་ཀྱིས་མི་བཏང་ཞིང་། བུད་མེད་དེའི་ཁྱོ་བོ་ལ་ཨིས་ཀྱི་བུ་ཕལ་ཏི་ཨེལ་ནས་ཕྲོགས་ནས་ཁྱེར་ཏོ། ༡༦ ཡང་དེའི་ཁྱོ་ནི་མོའི་ཕྱི་བཞིན་བ་ཧུ་རིམ་གྱི་བར་དུ་ཕྱིན་ཏོ། དེ་ནས་ཨབ་ནེར་གྱིས་ཁོ་ལ། ཕྱིར་ལོག་ནས་སོང་ཞིག་བསྒོ་བ་དང་། ཁོ་ལོག་གོ།
༡༧ དེར་ཨབ་ནེར་གྱིས་ཨིས་ར་ཨེལ་གྱི་རྒན་རབས་རྣམས་ལ་གཏམ་བྱས་ཏེ་འདི་སྐད་དུ། སྔར་ནས་ཁྱོད་རྣམས་དཱ་བིད་རང་གི་རྒྱལ་པོར་འདོད་པ་ཡིན། ༡༨ ཡ་ཧོ་ཝཱས་དཱ་བིད་ཀྱི་དོན་དུ། ངའི་བྲན་པོ་དཱ་བིད་ཀྱི་ལག་པས་ངས་རང་གི་འབངས་ཨིས་ར་ཨེལ་ནི་ཕེ་ལེ་ཤེད་པའི་ལག་པ་དང་། དེ་དག་གི་དགྲ་བོ་ཡོངས་ཀྱི་ལག་ལས་སྐྱོབ་པར་བྱ་ཞེས་གསུངས་པས། ད་དེ་བཞིན་དུ་མཛོད་ཅིག་བསྐུལ་ཏོ། ༡༩ ཨབ་ནེར་གྱིས་བེན་ཡ་མིན་གྱི་རྣ་བ་རུ་ཡང་དེ་ལྟར་སྨྲས་སོ། དེ་ནས་ཨབ་ནེར་་ཧེབ་རོན་དུ་སོང་སྟེ། དཱ་བིད་ཀྱི་རྣ་བ་རུ། ཨིས་ར་ཨེལ་དང་བེན་ཡ་མིན་གྱི་སྣང་ངོར་ལེགས་པ་གང་ཡིན་པ་དེ་བཤད་དོ། ༢༠ དེ་ལྟར་ཨབ་ནེར་དང་། དེ་དང་བཅས་སུ་མི་ཉི་ཤུ་དཱ་བིད་ཀྱི་དྲུང་དུ་ཧེབ་རོན་དུ་སོང་བ་དང་། དཱ་བིད་ཀྱིས་ཨབ་ནེར་དང་དེ་དང་བཅས་སུ་ཡོད་པའི་མི་རྣམས་ལ་མགྲོན་བཏང་ངོ་། ༢༡ དེ་ནས་ཨབ་ནེར་གྱིས་དཱ་བིད་ལ། ད་ང་ལངས་ནས་སོང་སྟེ། ཨིས་ར་ཨེལ་ཐམས་ཅད་བདག་གི་ཇོ་བོ་རྒྱལ་པོའི་ཞལ་ངོར་འཛོམ་འཇུག་པར་བྱའོ། དེ་དག་གིས་ཁྱེད་ཉིད་དང་བཅས་སུ་ཆད་དོན་བྱས་ནས། ཁྱེད་ཉིད་ཀྱི་ཐུགས་འཐད་བཞིན་དུ་རྒྱལ་སྲིད་སྐྱོང་བར་འགྱུར་རོ་ཞེས་ཞུས་ནས། དཱ་བིད་ཀྱིས་ཨབ་ནེར་འགྲོར་བཅུག་སྟེ། དེ་ནི་ཐོགས་པ་མེད་པར་སོང་ངོ་༎
༢༢ དེའི་དུས་སུ་དཱ་བིད་ཀྱི་མི་རྣམས་དང་ཡོ་ཨབ་ནི་དམག་དཔུང་ཞིག་ལ་འདེད་ནས་ལོག་འོངས་ཏེ། འཕྲོག་ནོར་ཆེ་བ་ཞིག་མཉམ་དུ་ཁྲིད་དོ། ཨབ་ནེར་་དཱ་བིད་དང་བཅས་སུ་ཧེབ་རོན་དུ་མེད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དཱ་བིད་ཀྱིས་དེ་ནི་འགྲོར་བཅུག་ནས། ཉེ་ཞོ་མེད་པར་སོང་ངོ་། ༢༣ དེ་ནས་ཡོ་ཨབ་དང་། དེ་དང་བཅས་སུ་ཡོད་པའི་དམག་དཔུང་ཐམས་ཅད་བསླེབ་པ་དང་། དེ་དག་གིས་ཡོ་ཨབ་ལ། ནེར་གྱི་བུ་ཨབ་ནེར་རྒྱལ་པོའི་དྲུང་དུ་འོངས་ནས། ཉེ་ཞོ་མེད་པར་སོང་ངོ་། ༢༤ ཞེས་སྤྲིངས་པས། ཡོ་ཨབ་རྒྱལ་པོའི་དྲུང་དུ་སོང་སྟེ་དེ་ལ། ཁྱེད་ཀྱིས་ཅི་བྱས་པ་ཡིན། གཟིགས་ཤིག ཨབ་ནེར་ཁྱེད་ཀྱི་སྐུ་མདུན་དུ་བསླེབ་ན། ཁྱེད་ཀྱིས་དེ་ནི་ཅིའི་ཕྱིར་འགྲོར་བཅུག་པ་ཡིན། ད་ལྟ་ཁོ་སོང་ཚར་རོ། ༢༥ ཁྱེད་ལ་ནེར་གྱི་བུ་ཨབ་ནེར་གྱི་རྒྱུས་ཡོད། དེས་ནི་ཁྱེད་སླུ་བ་དང་། ཁྱེད་ཀྱི་ཡར་འགྲོ་མར་འགྲོ་དང་། ཁྱེད་ཀྱི་མཛད་རྒྱུ་ཐམས་ཅད་རྟོགས་པའི་ཕྱིར་དུ་འདིར་འོངས་སོ་ཞེས་སྨྲས་ནས།
༢༦ དཱ་བིད་ཀྱི་དྲུང་ནས་འཐོན་པ་ཙམ་གྱིས། དཱ་བིད་ལ་དེའི་ཆ་མེད་ཀྱང་། ཨབ་ནེར་གྱི་རྗེས་སུ་བང་ཆེན་བཏང་ཞིང་། དེ་དག་གིས་ཁོ་སི་རཱའི་ཆུ་དོང་ནས་ལོག་སྟེ་ཁྲིད་དོ། ༢༧ ཨབ་ནེར་་ཧེབ་རོན་དུ་ཕྱིན་པའི་ཚེ་ཡོ་ཨབ་ཀྱིས་ཕག་ཏུ་གཏམ་བྱེད་པའི་ཚུལ་གྱིས་ཁོ་རྟ་སྒོའི་གྲུ་ཞིག་ཏུ་ཁྲིད་ནས། དེར་རྩིབ་མ་ལྔ་པའི་མཆན་དུ་གྲི་བཙུག་ནས། ཁོ་ཤིའོ། དེ་ཅིའི་ཕྱིར་ཞེ་ན། རང་གི་ནུ་བོ་ཨ་ས་ཧེལ་གྱི་མི་ཤ་ལེན་དུ་དེ་ལྟར་བྱས་སོ། ༢༨ དེའི་རྗེས་སུ་འཕྲིན་ཐོས་པ་ཙམ་གྱིས། དཱ་བིད་ཀྱིས། ནེར་གྱི་བུ་ཨབ་ནེར་གྱི་ཁྲག་གི་ནང་ན་བདག་རང་གི་རྒྱལ་སྲིད་དང་བཅས་སུ་ཡ་ཧོ་ཝཱའི་དྲུང་དུ་ཡེ་ནས་ནོངས་མེད་དོ། ༢༩ དེ་ནི་ཡོ་ཨབ་དང་དེའི་ཕ་སྤད་ཀྱི་མགོའི་ཐོག་ཏུ་འབབ་པར་ཤོག་ཅིག ཡང་ཡོ་ཨབ་ཀྱི་ཁྱིམ་ལས་འཛག་མཁན་དང་། མཛེ་ཅན་དང་། སྨྱུག་བེར་ལ་བརྟེན་མཁན་དང་། གྲི་སོར་ལྟུང་བ་དང་། ཚེ་ཕྱིད་མི་ལྡང་བ་རྣམས་ནི་ནམ་ཡང་ཆད་པར་མ་གྱུར་ཅིག་གསུངས་སོ། ༣༠ དེ་ལྟར་ཡོ་ཨབ་དང་དེའི་ནུ་བོ་ཨ་བི་ཤཱ་ཨི་གཉིས་ཀྱིས་ཨབ་ནེར་བསད་དོ། དེ་ཅིའི་ཕྱིར་ཞེ་ན། དེས་ནི་དེ་དག་གི་སྤུན་ཨ་ས་ཧེལ་་གི་བེ་ཨོན་དུ་འཐབ་མོར་བསད་པའི་ཕྱིར་རོ༎
༣༡ དེར་དཱ་བིད་ཀྱིས་ཡོ་ཨབ་དང་དེ་དང་བཅས་ཡོད་པའི་མི་རྣམས་ལ། རང་གི་གོས་བཤག་ནས། སྡུག་གོས་གཡོགས་ཤིག ཨབ་ནེར་གྱི་མདུན་ལ་མྱ་ངན་བྱོས་ཤིག་སྨྲས་སོ། ཡང་རྒྱལ་པོ་དཱ་བིད་ཁྱོགས་ཀྱི་རྗེས་སུ་ཕྱིན་ཏོ། ༣༢ དེ་ནས་དེ་དག་གིས་ཨབ་ནེར་་ཧེབ་རོན་དུ་དུར་དུ་བཙུད་པ་དང་། རྒྱལ་པོ་སྐད་ཆེ་བ་དང་ཨབ་ནེར་གྱི་དུར་ཁུང་གི་མདུན་དུ་བཤུམ་སྟེ། མི་ཐམས་ཅད་ཀྱང་ངུས་སོ། ༣༣ རྒྱལ་པོས་ཨབ་ནེར་གྱི་དོན་དུ་བཤད་པ་བཏང་ནས་འདི་སྐད་དུ། བླུན་པོ་འཆི་བ་ལྟར་ཨབ་ནེར་ཁྱེད་གྲོངས་སམ། ༣༤ ཁྱེད་ཀྱི་ཕྱག་ཀྱང་མ་བཀྱིགས། ཁྱེད་ཀྱི་ཞབས་ལ་ལྕགས་སྒྲོག་ཀྱང་མ་བརྒྱབས། མི་ངན་མདུན་དུ་ལྟུང་བ་ལྟར། ཁྱེད་ཀྱང་ལྷུང་བ་ལགས། ཞེས་སྨྲས་ནས། མི་རྣམས་ཕྱིར་ཡང་ངུ་བར་བཞུགས་སོ། ༣༥ དེ་ནས་མི་རྣམས་འོངས་ཤིང་། དཱ་བིད་ལ་ཁ་ཟས་སྟེར་དུ་འདོད་པས། དཱ་བིད་ཀྱིས་མནའ་ཁུར་ཏེ། གལ་ཏེ་ངས་ཉི་མ་ཚང་དུ་མ་བསླེབ་པའི་སྔོན་དུ་བག་ལེབ་བམ་ཇི་ཞིག་ཀྱང་ཁ་ལ་རེག་ན། དཀོན་མཆོག་གིས་བདག་ལ་འདི་འདྲ་མཛད་པ་བས་འདི་ལས་ཀྱང་ལྷག་པ་མཛད་པར་ཤོག་ཅིག་ཅེས་གསུངས་པས། ༣༦ མི་བརྒྱུད་ཐམས་ཅད་ཀྱིས་རྣ་བ་བཏད་ནས། གཏམ་དེ་ལ་དགའ་བར་གྱུར་ཏོ། རྒྱལ་པོས་གང་མཛད་ཀྱང་། མི་བརྒྱུད་དགའ་བའི་རྒྱུར་གྱུར་ཏོ། ༣༧ དེའི་ཉིན་པར་མི་ཐམས་ཅད་དང་ཨིས་ར་ཨེལ་ཐམས་ཅད་ཀྱིས་ནེར་གྱི་བུ་ཨབ་ནེར་བསད་པ་ནི་རྒྱལ་པོའི་སྐྱོན་མེད་པར་ཁོང་དུ་ཆུད་པར་གྱུར་ཏོ། ༣༨ ཡང་རྒྱལ་པོས་ཉིད་ཀྱི་དྲུང་འཁོར་རྣམས་ལ། དེ་རིང་གི་ཉིན་པར་ཨིས་ར་ཨེལ་གྱི་ནང་ན་རྗེ་བོ་དང་སྐྱེས་མཆོག་གྲོངས་པར་ཁྱེད་ཚོས་མི་ཤེས་སམ། ༣༩ བདག་ནི་རྒྱལ་པོར་བྱུགས་པ་ཡིན་ཀྱང་། དེ་རིང་གི་ཉིན་པར་བདག་ནི་ཉམས་ཆུང་སྟེ། ཙེ་རུ་ཡཱ་ཡི་བུ་འདི་རྣམས་བདག་ལ་རབ་ཏུ་གྱོང་པོར་གྱུར་ཀྱང་། ཡ་ཧོ་ཝཱས་ངན་སྤྱོད་མི་ལ་དེའི་ངན་ལན་ཚང་པོར་གཞལ་ལོ་ཞེས་གསུངས་སོ༎