ཤ་ཨུལ་གྱི་སྲས་ཨིས་བོ་ཤེད་ཀྱིས། ཨབ་ནེར་་ཧེབ་རོན་དུ་གྲོངས་སོ་ཞེས་པའི་འཕྲིན་ཐོས་པ་ཙམ་གྱིས། དེའི་ལག་པའི་སྟོབས་ཉམས་པ་དང་། ཨིས་ར་ཨེལ་པ་ཐམས་ཅད་བག་ཚ་བར་གྱུར་ཏོ།  ཤ་ཨུལ་གྱི་སྲས་ལ་དམག་དཔོན་གཉིས་ཡོད་དེ། གཅིག་གི་མིང་དུ་བ་ཨ་ནཱ་དང་། གཞན་དེའི་མིང་དུ་རེ་ཁབ་བྱའོ། དེ་གཉིས་བེན་ཡ་མིན་གྱི་བུ་ལས་བེ་ཨེ་རོད་པ་རིམ་མོན་བྱ་བའི་བུ་ཡིན། བེ་ཨེ་རོད་ནི་བེན་ཡ་མིན་གྱི་ཁོངས་སུ་རྩིས་པ་ཡིན།  བེ་ཨེ་རོད་པ་རྣམས་ནི་གིད་ཐཱ་ཨིམ་ཡུལ་དུ་བྲོས་པ་དང་། དེ་རིང་གི་བར་དུ་དེ་རུ་ལུས་སོ༎
 ཡང་ཤ་ཨུལ་གྱི་སྲས་ཡོ་ན་ཐན་ལ་བུ་རྐང་པ་ཞ་བོ་ཡོད་པ་ཞིག་ཡོད་པ་ཡིན། ཡིས་རེ་ཨེལ་ནས་ཤ་ཨུལ་དང་ཡོ་ན་ཐན་གྱི་སྐད་ཆ་བསླེབ་པའི་དུས་སུ། བུ་དེ་ལོ་ལྔ་ནང་ཡོད་པ་ཡིན། ཁོའི་མ་མས་བུ་བླང་ནས་བྲོས་སོ། ཡང་བུ་མོ་དེ་བྲོས་ཤིང་རྟབ་རྟོབ་བྱས་པས། བུ་གྱེལ་ནས་ཞ་བོར་གྱུར་ཏོ། དེའི་མིང་ནི་མེ་ཕི་བོ་ཤེད་དོ༎
 དེ་ནས་བེ་ཨེ་རོད་པ་རིམ་མོན་གྱི་བུ་རེ་ཁབ་དང་བ་ཨ་ནཱ་གཉིས་སོང་ནས། ཉི་མ་ཚ་བའི་དུས་སུ་ཨིས་བོ་ཤེད་ཀྱི་ཁང་པར་ཕྱིན་པ་དང་། དེ་ནི་ཉིན་གུང་གི་ངལ་གསོ་བའི་ཕྱིར་མལ་ཁྲིར་ཉལ་ཡོད་པ་ཡིན།  དེར་དེ་གཉིས་ཁང་པའི་དཀྱིལ་དུ་གྲོ་ཁྱེར་བའི་མི་ལྟ་བུར་འོང་ནས། དེའི་རྩིབ་མ་ལྔ་པའི་མཆན་དུ་གྲི་བཙུགས་པ་དང་། རེ་ཁབ་དང་དེའི་སྤུན་བ་ཨ་ནཱ་གཉིས་བྲོས་ནས་ཐར་རོ།  དེ་གཉིས་དེའི་ཕོ་བྲང་ལ་བསླེབས་པའི་ཚེ། ཁོ་ནི་རང་གི་གཟིམ་ཆུང་ན་མལ་ཁྲིར་ཉལ་ཡོད་དེ། དེ་གཉིས་ཀྱིས་ཁོ་ལ་བརྡུངས་ནས་བསད་དེ་མགོ་བཅད་དེ། མགོ་བཀུར་ནས། ཨ་ར་བཱ་ཡི་ལམ་དུ་ཞུགས་ཏེ། མཚན་ཐོག་ཐག་སོང་ངོ་།  དེ་ནས་ཨིས་བོ་ཤེད་ཀྱི་མགོ་ནི་ཧེབ་རོན་དུ་དཱ་བིད་ཀྱི་དྲུང་དུ་ཁྱེར་ནས། རྒྱལ་པོ་ལ། ཁྱེད་ཀྱི་དགྲ་བོ་ཤ་ཨུལ་གྱི་བུ་ཨིས་བོ་ཤེད་ཀྱི་མགོ་འདི་ལ་གཟིགས་ཤིག དེས་ནི་ཁྱེད་ཀྱི་སྲོག་ལ་བརྔམས་ཀྱང་། དེ་རིང་གི་ཉིན་པར་ཡ་ཧོ་ཝཱས་བདག་གི་ཇོ་བོ་རྒྱལ་པོའི་དྲུང་དུ་ཤ་ཨུལ་དང་དེའི་བརྒྱུད་པ་ལ་ལན་གནང་བ་ཡིན། ཞེས་ཞུས་ནས།  དཱ་བིད་ཀྱིས་བེ་ཨེ་རོད་པ་རིམ་མོན་གྱི་བུ་རེ་ཁབ་དང་དེའི་སྤུན་བ་ཨ་ནཱ་གཉིས་ལ། ངའི་སེམས་ཉོན་མོངས་པ་ཀུན་ལས་སྐྱོབ་པར་མཛད་པའི་གསོན་པོའི་ཡ་ཧོ་ཝཱས་སྣམས་ཤིག ༡༠ མི་ཞིག་གིས་ང་ལ་འཕྲིན་བཟང་སྦྲོན་ནོ་བསྙམས་ཤིང་ང་ལ། གཟིགས་ཤིག ཤ་ཨུལ་གྲོངས་སོ། ཞེས་ཞུས་པའི་དུས་སུ་ངས་མི་དེ་བཟུང་ནས། ཙིག་ལག་ཏུ་བསད་པ་ཡིན། དེའི་ལོན་གྱི་དོད་དུ་ངས་དེ་ལ་དེ་ལྟ་བུའི་ལན་བྱིན་པ་ཡིན། ༡༡ ད་མི་ངན་གྱིས་ཆོས་དྲང་པོའི་མི་ཞིག་དེའི་ཁྱིམ་ནང་མལ་ཁྲིར་གསོད་ན། ངས་དེའི་སྲོག་ལན་ཅི་ནས་ཀྱང་ཁོ་ལས་ལེན་པར་མི་བྱའམ། ཁྱོད་གཉིས་ས་གཞི་ལས་མེད་པར་མི་བྱའམ་སྨྲས་ནས། ༡༢ དཱ་བིད་ཀྱིས་ཉིད་ཀྱི་གཞོན་ནུ་རྣམས་ལ་བཀའ་སྩལ་པ་དང་། དེ་དག་གིས་ཁོ་གཉིས་ཀ་བསད་དོ། དེ་ནས་དེ་གཉིས་ཀྱི་རྐང་ལག་བཅད་དེ། ཧེབ་རོན་གྱི་རྫིང་བུར་འཕྱར་ལ་བཏག་སྟེ། ཨིས་བོ་ཤེད་ཀྱི་མགོ་ཁྱེར་ཏེ། ཧེབ་རོན་དུ་ཨབ་ནེར་གྱི་དུར་ཁུང་དུ་དུར་དུ་བཙུད་དོ༎