དེ་ནས་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ཧེབ་རོན་དུ་དཱ་བིད་ཀྱི་དྲུང་དུ་འོངས་ནས་ཁོང་ལ། གཟིགས་ཤིག བདག་ཅག་ནི་ཁྱེད་ཀྱི་གདུང་རུས་དང་སྐུ་ཤ་ཡིན།  སྔོན་དུ་ཤ་ཨུལ་ནི་བདག་ཅག་གི་རྒྱལ་པོར་བཞུགས་པའི་ཚེ། ཁྱེད་ཀྱིས་ཨིས་ར་ཨེལ་ནི་ཕྱི་ནང་གཉིས་ཀར་ཁྲིད་པ་ཡིན། ཡང་ཡ་ཧོ་ཝཱས་ཁྱེད་ལ། ཁྱོད་ཀྱིས་ངའི་ཨིས་ར་ཨེལ་གྱི་འབངས་འཚོ་ཞིང་། དེའི་དམག་དཔོན་དུ་གྱུར་ཅིག་གསུངས་སོ།  ཞེས་ཞུས་ནས། ཨིས་ར་ཨེལ་གྱི་རྒན་རབས་རྣམས་ཧེབ་རོན་དུ་རྒྱལ་པོའི་དྲུང་དུ་འོངས་པ་དང་། རྒྱལ་པོ་དཱ་བིད་ཀྱིས་དེ་དག་དང་བཅས་སུ་ཧེབ་རོན་དུ་ཡ་ཧོ་ཝཱའི་ཞལ་ངོར་ཆད་དོན་མཛད་ནས། དེ་དག་གིས་དཱ་བིད་་ཨིས་ར་ཨེལ་གྱི་རྒྱལ་པོར་སྐོ་རུ་སྣུམ་གྱིས་བྱུགས་སོ།  དཱ་བིད་ཀྱིས་རྒྱལ་སྲིད་འཛིན་པའི་ཚེ། ལོ་སུམ་ཅུ་ལོན་ནོ། དེ་ནས་ཁོང་གིས་ལོ་བཞི་བཅུའི་རིང་དུ་རྒྱལ་སྲིད་བསྐྱངས་སོ།  ཧེབ་རོན་དུ་ཡ་ཧུ་དཱ་ལ་ལོ་བདུན་དང་ཟླ་བ་དྲུག་དང་། ཡེ་རུ་ཤ་ལེམ་དུ་ཨིས་ར་ཨེལ་དང་ཡ་ཧུ་དཱ་གཉིས་ལ་ལོ་སུམ་ཅུ་སོ་གསུམ་གྱི་རིང་དུ་རྒྱལ་སྲིད་བསྐྱངས་སོ༎
 ཡང་རྒྱལ་པོ་ཉིད་ཀྱི་འབངས་དང་མཉམ་དུ་ཡེ་རུ་ཤ་ལེམ་དུ། ཡུལ་དེར་གནས་པའི་ཡེ་བུས་པའི་ཕྱོགས་སུ་སོང་ངོ་། དེ་དག་གིས་དཱ་བིད་ལ། མི་ལོང་བ་དང་ཞ་བོ་རྣམས་ཀྱིས་ཁྱོད་ཟློག་པར་བྱ། དེའི་ཕྱིར་ཁྱོད་འདིར་ནང་དུ་འོང་བར་མི་ནུས་སོ། ཞེས་སྨྲས་ཤིང་། དེ་དག་གི་བསམ་པ་ལ། དཱ་བིད་འདིར་ནང་དུ་འོང་བར་མི་ནུས་སོ་ཞེས་བསམས་ཀྱང་།  དཱ་བིད་ཀྱིས་ཙི་ཨོན་གྱི་རྫོང་བཟུང་ངོ་། དེ་ནི་དཱ་བིད་ཀྱི་གྲོང་ཁྱེར་དུ་གྱུར་ཏོ༎
 དེའི་ཉིན་པར་དཱ་བིད་ཀྱིས། ཡེ་བུས་པ་གསོད་མཁན་དེ་ནི་ཡུར་བ་རུ་འོང་ཞིག་དང་། དཱ་བིད་ཀྱི་སྲོག་ལ་སྡང་བའི་དགྲ་བོ། མི་ཞ་བོ་དང་། ལོང་བ་རྣམས་གསོད་ཅིག་བཀའ་སྩལ་ཏོ། དེའི་ཕྱིར་མི་རྣམས་ཀྱིས། དེ་རུ་ལོང་བ་དང་ཞ་བོ་རྣམས་བསྡད་པས། ཁང་པའི་ནང་དུ་འོང་བར་མི་ནུས་སོ་ཞེས་གཏམ་དཔེར་ཟེར་རོ༎
 དཱ་བིད་ནི་མཁར་དེའི་ནང་གནས་ཏེ། དེའི་མིང་དཱ་བིད་ཀྱི་གྲོང་ཁྱེར་ཞེས་བཏགས་སོ། ཡང་དཱ་བིད་ཀྱིས་མིལ་ལཱོའི་མཐའ་འཁོར་དང་། དེའི་དཀྱིལ་འཁོར་ཡང་བརྩིགས་ཏེ། བཞེངས་སོ། ༡༠ དཔུང་ཆེན་གྱི་དཀོན་མཆོག་ཡ་ཧོ་ཝཱ་ནི་དཱ་བིད་དང་འགྲོགས་པས། དཱ་བིད་ཀྱི་དབང་གོང་ནས་གོང་དུ་འཕེལ་ལོ༎
༡༡ དེ་ནས་ཚོར་གྱི་རྒྱལ་པོ་ཧི་རམ་གྱིས་དཱ་བིད་ཀྱི་དྲུང་དུ་ཕོ་ཉ་དང་བཅས་སུ་འགྱམ་ཤིང་དང་། ཤིང་མཁན་དང་། རྩིག་དཔོན་རྣམས་བརྫངས་ཏེ། དེ་དག་གིས་དཱ་བིད་ལ་མཁར་ཞིག་བཞེངས་སོ། ༡༢ དེར་དཱ་བིད་ཀྱིས། ཡ་ཧོ་ཝཱས་བདག་ནི་ཨིས་ར་ཨེལ་གྱི་རྒྱལ་པོར་འགྱུར་བ་དང་། ཨིས་ར་ཨེལ་གྱི་དོན་དུ་བདག་གི་རྒྱལ་སྲིད་བརྟན་པོར་བཙུགས་པ་ནི་བརྟགས་སོ༎
༡༣ ཧེབ་རོན་ནས་འོངས་ནས། དཱ་བིད་ཀྱིས་ཡེ་རུ་ཤ་ལེམ་ནས་ལྷག་པར་གྲོགས་མོ་དང་བཙུན་མོ་བླངས་པས། ད་དུང་ཡང་དཱ་བིད་ལ་སྲས་དང་སྲས་མོ་བལྟམས་སོ། ༡༤ ཡེ་རུ་ཤ་ལེམ་དུ་བཙས་པ་རྣམས་ཀྱི་མིང་འདི་ལྟ་སྟེ། ཤམ་མུ་ཨ་དང་། ཤོ་བབ་དང་། ནཱ་ཐན་དང་། ཤ་ལོ་མོ་དང་། ༡༥ ཡིབ་ཧར་དང་། ཨེ་ལི་ཤུ་ཨ་དང་། ནེ་ཕེག་དང་། ཡ་ཕི་ཡཱ་དང་། ༡༦ ཨེ་ལི་ཤ་མཱ་དང་། ཨེལ་ཡ་དཱ་དང་། ཨེ་ལི་ཕེ་ལེད་དེ་རྣམས་སོ༎
༡༧ དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་དཱ་བིད་ནི་ཨིས་ར་ཨེལ་གྱི་རྒྱལ་པོར་བྱུགས་པའི་གཏམ་ཐོས་པས། ཕེ་ལེ་ཤེད་པ་རྣམས་དཱ་བིད་འཚོལ་བར་སོང་ངོ་། དཱ་བིད་ཀྱིས་དེ་ཐོས་པར་ཙམ་གྱིས། མཁར་དུ་བབས་སོ། ༡༨ ཕེ་ལེ་ཤེད་པ་རྣམས་ནི་འོངས་ཤིང་། རེ་ཕ་ཨིམ་ཞེས་བྱ་བའི་ལུང་པ་ཁྱབ་བོ། ༡༩ དཱ་བིད་ཀྱིས་ཡ་ཧོ་ཝཱ་ལ། བདག་ཕེ་ལེ་ཤེད་པའི་ཕྱོགས་སུ་ཡར་འགྲོ་བར་བྱའམ། ཁྱེད་ཉིད་ཀྱིས་དེ་དག་ནི་བདག་གི་ལག་ཏུ་གཏོད་པར་མཛད་དམ། ཞེས་པའི་ཐུགས་བརྟག་ཞུས་པས། ཡ་ཧོ་ཝཱས་དཱ་བིད་ལ། ཡར་སོང་ཞིག ངས་ཕེ་ལེ་ཤེད་པ་རྣམས་ཁྱོད་ཀྱི་ལག་ཏུ་གཏོད་པར་བྱ་ཞེས་གསུངས་སོ༎
༢༠ དཱ་བིད་་བ་ཨཱལ་ཕེ་ར་ཙིམ་དུ་འོངས་པ་དང་། དཱ་བིད་ཀྱིས་དེ་དག་དེ་རུ་འཇོམས་པར་བྱས་ཏེ། ཁོང་གིས་འདི་སྐད་དུ། ཆུ་རྣམས་ཀྱིས་རྟོལ་བ་ལྟར། ཡ་ཧོ་ཝཱས་ངའི་དགྲ་བོ་རྣམས་ངའི་མདུན་དུ་བརྟོལ་བ་ཡིན་ཞེས་ཟེར་ནས། གནས་དེའི་མིང་དུ་བ་ཨཱལ་ཕེ་ར་ཙིམ་ཞེས་བཏགས་སོ། ༢༡ དེ་དག་གི་སྐུ་འདྲ་རྣམས་དེ་རུ་ལུས་པས། དཱ་བིད་དང་དེའི་མི་རྣམས་ཀྱིས་དེ་དག་བླངས་ཏེ་ཁྱེར་ཏོ༎
༢༢ སླར་ཡང་ཕེ་ལེ་ཤེད་པ་རྣམས་ཡར་འོངས་པ་དང་། རེ་ཕ་ཨིམ་གྱི་ལུང་པ་ཁྱབ་བོ། ༢༣ དཱ་བིད་ཀྱིས་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་པས། ཁོང་གིས་ནི། ཁྱོད་ཡར་མ་འགྲོ། དེ་དག་གི་རྒྱབ་ནས་བསྐོར་ཏེ། འོ་སེ་ཤིང་གི་ཐད་ཀར་དེ་དག་ལ་རྒོལ་ཞིག ༢༤ ཁྱོད་ཀྱིས་འོ་སེ་ཤིང་གི་རྩེ་ནས་དཔུང་ཚོགས་ཀྱི་རྐང་སྒྲ་ཐོས་ན། ཀྱེར་ལོངས་ཤིག དེ་ཅིའི་ཕྱིར་ཞེ་ན། དུས་དེ་ལ་ཡ་ཧོ་ཝཱ་ཁྱོད་ཀྱི་སྔོན་དུ་གཤེགས་ཏེ། ཕེ་ལེ་ཤེད་པའི་དམག་ཚོགས་འདུལ་བར་བྱ་ཞེས་གསུངས་སོ། ༢༥ ཡ་ཧོ་ཝཱས་བཀའ་སྩལ་པ་བཞིན་དུ་དཱ་བིད་ཀྱིས་བྱས་པ་དང་། ཕེ་ལེ་ཤེད་པ་རྣམས་གེ་བཱ་ནས་བཟུང་སྟེ། གེ་ཟེར་དུ་མ་སླེབ་པའི་བར་དུ་བཏུལ་བར་བྱས་སོ༎