༦
སླར་ཡང་དཱ་བིད་ཀྱིས་ཨིས་ར་ཨེལ་ལས་བསྡུས་པའི་མི་སྟོང་ཕྲག་སུམ་ཅུ་བསགས་ཏེ། ༢ དཱ་བིད་དང་དེ་དང་བཅས་སུ་ཡོད་པའི་མི་རྣམས་ལངས་ནས། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་ལེན་པར་བ་ཨཱལ་ཡ་ཧུ་དཱ་ནས་སོང་ངོ་། དེའི་མཚན་ལ། དཔུང་ཚོགས་ཀྱི་ཡ་ཧོ་ཝཱ་ཀེ་རུ་བིམ་གྱི་སྟེང་ན་བཞུགས་པ་ཞེས་མཚན་དུ་བྱ་བའོ། ༣ དེ་དག་གིས་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་ཤིང་རྟ་གསར་བ་ཞིག་ལ་བསྐྱོན་ནས། གི་བེ་ཨ་རུ་གནས་པའི་ཨ་བི་ནཱ་དབ་ཀྱི་ཁང་པ་ནས་བཏོན་ཏེ། ཨ་བི་ནཱ་དབ་ཀྱི་བུ་ཨུ་ཟཱ་དང་ཨ་ཧི་ཨོ་གཉིས་ཀྱིས་ཤིང་རྟ་གསར་པ་དེ་དེད་པ་ཡིན། ༤ དེ་ནི་དེ་དག་གིས་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དང་བཅས་སུ་གི་བེ་ཨ་རུ་གནས་པའི་ཨ་བི་ནཱ་དབ་ཀྱི་ཁང་པ་ནས་བཏོན་ནས། ཨ་ཧི་ཨོ་ནི་ཞལ་ཆད་ཀྱི་སྒྲོམ་གྱི་སྔོན་དུ་འགྲུལ་ཏོ། ༥ དེ་རུ་དཱ་བིད་དང་ཨིས་ར་ཨེལ་གྱི་ཁྱིམ་ཐམས་ཅད་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་འགྱམ་ཤིང་གི་རོལ་ཆས་དང་བཅས་སུ་གར་བརྩེས་ཏེ། པི་ཝང་དང་སྒྲ་སྙན་དང་རྔ་དང་དུང་དང་གསིལ་སྙན་སྒྲོག་ཅིང་བརྩེས་སོ༎༦ དེ་དག་ནཱ་ཁོན་གྱི་གཡུལ་འཐག་ཏུ་བསླེབ་པའི་ཚེ་ན། བ་གླང་སྣུར་བས། ཨུ་ཟཱ་ཡིས་རང་གི་ལག་པ་ཞལ་ཆད་ཀྱི་སྒྲོམ་གྱི་ཕྱོགས་སུ་བརྐྱངས་ནས་དེ་ལ་འཐམས་པ་དང་། ༧ ཡ་ཧོ་ཝཱའི་ཐུགས་ཁྲོ་ཨུ་ཟཱ་ཡི་ཐོག་ཏུ་འབར་ཞིང་། ཁོའི་བསམ་མེད་ཀྱི་ལས་ཀྱི་ཕྱིར་དུ་དཀོན་མཆོག་གིས་ཁོ་ལ་བརྡུངས་པར་མཛད་པ་དང་། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་གྱི་གན་དུ་ཤིའོ། ༨ ཡ་ཧོ་ཝཱའི་ཐུགས་ཁྲོ་ནི་ཨུ་ཟཱ་ཡི་ཐོག་ཏུ་དེ་ལྟར་བབ་པའི་ཕྱིར། དཱ་བིད་ཡི་ཆད་པར་གྱུར་ཏེ། ས་ཆ་དེའི་མིང་ཕེ་རེས་ཨུ་ཟཱ་ཞེས་བཏགས་ཏེ། དེ་རིང་གི་བར་དུ་ལུས་སོ༎
༩ དེའི་ཉིན་པར་དཱ་བིད་ཡ་ཧོ་ཝཱ་ལ་འཇིགས་ཏེ། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་བདག་གི་རྩར་ཇི་ལྟར་འབྱོན་པར་འགྱུར་ཞེས་སྨྲས་སོ། ༡༠ དེའི་ཕྱིར་དཱ་བིད་ཀྱིས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་རང་གི་རྩར་དཱ་བིད་ཀྱི་གྲོང་ཁྱེར་དུ་འཇོག་པར་མ་དགའ་བས། གད་པ་ཨོ་བེད་ཨེ་དོམ་ཞེས་བྱ་བའི་ཁང་པ་རུ་ཁྱེར་ཏོ། ༡༡ ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་ནི་གད་པ་ཨོ་བེད་ཨེ་དོམ་གྱི་ཁང་པ་རུ་ཟླ་བ་གསུམ་གྱི་བར་དུ་ལུས་པ་དང་། ཡ་ཧོ་ཝཱས་ཨོ་བེད་ཨེ་དོམ་རང་དང་། དེའི་ཁྱིམ་ཐམས་ཅད་ལ་བྱིན་གྱིས་བརླབས་སོ༎
༡༢ དེ་ནས་མི་རྣམས་ཀྱིས་རྒྱལ་པོ་དཱ་བིད་ལ། ཡ་ཧོ་ཝཱས་ཨོ་བེད་ཨེ་དོམ་གྱི་ཁྱིམ་དང་། དེ་ལ་གཏོགས་པ་ཐམས་ཅད་ལ་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་གྱི་ངང་ནས་བྱིན་གྱིས་བརླབས་པའི་གཏམ་བཤད་པས། དཱ་བིད་ཆས་ནས། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དེ་ནི་ཨོ་བེད་ཨེ་དོམ་གྱི་ཁྱིམ་ལས་དཱ་བིད་ཀྱི་གྲོང་ཁྱེར་དུ་དགའ་མགུ་རང་ཞིང་ཡར་དྲངས་སོ། ༡༣ སྤྱན་འདྲེན་ལུགས་ནི། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་ཐོགས་པ་རྣམས་ཀྱིས་གོམ་པ་དྲུག་རེ་རྒྱབ་མཚམས་སུ། དཱ་བིད་ཀྱིས་གླང་ཐོ་གཅིག་དང་ར་སྐྱེས་གཅིག་རེ་མཆོད་པར་ཕུལ་ཏོ། ༡༤ དེ་རུ་དཱ་བིད་རང་རས་ཀྱི་ཨེ་ཕོད་གོན་པ་དང་། ཤེད་ཙམ་ཡོད་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་གར་བྱེད་ཀྱིན་གཤེགས་སོ། ༡༥ དེ་ལྟར་དཱ་བིད་དང་ཨིས་ར་ཨེལ་གྱི་བརྒྱུད་ཐམས་ཅད་ཀྱིས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་རྒྱ་དུང་དང་ཀུ་སྒྲ་དང་བཅས་སུ་ཡར་དྲངས་སོ༎
༡༦ ཡང་འདི་ལྟར་བྱུང་། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དཱ་བིད་ཀྱི་གྲོང་ཁྱེར་དུ་ཆུད་པའི་ཚེ་ན། ཤ་ཨུལ་གྱི་སྲས་མོ་མི་ཁལ་གྱིས་དཀར་ཁུང་ནས་བལྟས་པས། རྒྱལ་པོ་དཱ་བིད་ཡ་ཧོ་ཝཱའི་དྲུང་དུ་མཆོང་བ་དང་། གར་བྱེད་པར་མཐོང་ངོ་། དེའི་ཕྱིར་བུ་མོ་དེས་རང་གི་སྙིང་ནས་ཁོ་ལ་ཁྱད་དུ་སད་དོ། ༡༧ དེ་ནས་དེ་དག་གིས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་ནང་དུ་གདན་ཞུས་པ་དང་། དཱ་བིད་ཀྱིས་དེའི་དོན་དུ་ཕུབས་པའི་གཟིམ་གུར་གྱི་དཀྱིལ་ན་མལ་དུ་བཞག་གོ། ཡང་དཱ་བིད་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་སྦྱིན་སྲེག་དང་བདེ་བའི་མཆོད་པ་ཕུལ་ཏོ། ༡༨ དཱ་བིད་ཀྱིས་སྦྱིན་སྲེག་དང་བདེ་བའི་མཆོད་པ་ཕུལ་འཕྲོ་རྫོགས་པའི་དུས་སུ། ཁོང་གིས་དཔུང་ཆེན་གྱི་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་མི་བརྒྱུད་ཐམས་ཅད་ལ་བྱིན་རླབས་མཛད་དོ། ༡༩ དེ་ནས་མི་ཐམས་ཅད་དང་། ཨིས་ར་ཨེལ་གྱི་དཔུང་ཚོགས་ཀྱི་ཕོ་མོ་རྣམས་ལ། རེ་རེ་བཞིན་བག་ལེབ་རེ་དང་། རྒྱ་རི་རེ་དང་། རྒུན་འབྲུམ་གྱི་བག་ལེབ་རེ་བཀྲམ་ནས། མི་ཐམས་ཅད་རང་རང་གི་ཁང་པར་སོང་ངོ་། ༢༠ དཱ་བིད་ནི་ཉིད་ཀྱི་ཁང་པའི་བརྒྱུད་ལ་བྱིན་རླབས་སྩོལ་བའི་ཕྱིར་འོང་ཙ་ན། ཤ་ཨུལ་གྱི་སྲས་མོ་མི་ཁལ་་དཱ་བིད་ལ་གདན་བསུར་འོང་སྟེ་ཁོང་ལ། དེ་རིང་གི་ཉིན་པར་ཨིས་ར་ཨེལ་གྱི་རྒྱལ་པོ་ཁྲོམ་མདོག་ཇི་ལྟར་ཆོད། གཟིག་པོའི་བུ་རྣམས་ཀྱིས་བག་མེད་པར་ངོ་ལོ་འཆར་བ་ལྟར། རྒྱལ་པོས་ཉིད་ཀྱི་བྲན་འཁོར་གྱི་བྲན་མོའི་མཐོང་སར་ངོ་ལོ་བཅར་ཏོ། ༢༡ ཞེས་སྨྲས་པའི་ལན་དུ་དཱ་བིད་ཀྱིས་མི་ཁལ་ལ། ཡ་ཧོ་ཝཱའི་སྤྱན་སྔར་དེ་ལྟར་བྱས་པ་ཡིན། ཡ་ཧོ་ཝཱས་བདག་ནི་ཉིད་ཀྱི་འབངས་དང་ཨིས་ར་ཨེལ་གྱི་མངའ་བདག་ཏུ་བསྐོས་ཏེ། བདག་ནི་ཁྱོད་ཀྱི་ཕ་དང་ཁྱོད་ཀྱི་ཕ་ཡི་བརྒྱུད་ཐམས་ཅད་ཀྱི་མདུན་དུ་འདམས་སོ། དེའི་ཕྱིར་བདག་གིས་ཡ་ཧོ་ཝཱའི་སྤྱན་སྔར་གར་རྩེད་པར་བྱའོ། ༢༢ འདི་ལས་ཀྱང་བདག་ལྷག་པར་དམའ་བར་འགྱུར་བ་དང་། རང་གི་མཐོང་ངོར་གུས་པར་འགྱུར་བར་འདོད་དོ། ཡང་ཁྱོད་ཀྱིས་ཟེར་བའི་བྲན་མོ་རྣམས་ཀྱིས་བདག་ལ་ཕུ་དུད་དུ་བྱའོ་ཞེས་སྨྲས་སོ། ༢༣ ཤ་ཨུལ་གྱི་སྲས་མོ་མི་ཁལ་ལ་འཆི་བའི་ཉིན་མོའི་བར་དུ་ཕྲུ་གུ་མ་སྐྱེས་སོ༎