༧
དེའི་འོག་ཏུ་ཡ་ཧོ་ཝཱས་ཕྱོགས་བཞིའི་ཕ་རོལ་པ་རྣམས་ནས་སེམས་དལ་གནང་སྟེ། རྒྱལ་པོ་ཉིད་ཀྱི་ཕོ་བྲང་ན་དལ་བའི་ཚེ་ན། ༢ རྒྱལ་པོས་ལུང་སྟོན་པ་ནཱ་ཐན་ལ། གཟིགས་ཤིག བདག་ནི་འགྱམ་ཤིང་གི་ཁྱིམ་ན་སྡོད་ཀྱི། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་ནི་ཡོལ་བའི་ནང་ན་མཆིས་སོ། ༣ ཞེས་སྨྲས་ནས། ནཱ་ཐན་གྱིས་རྒྱལ་པོ་ལ། ཡ་ཧོ་ཝཱ་ཁྱེད་དང་འགྲོགས་པས། ཁྱེད་སོང་ལ། ཁྱེད་ཀྱི་ཐུགས་ལ་ཅི་དང་ཅི་ཡོད་པ་བཞིན་བྱོས་ཤིག་ཅེས་བསྐུལ་ཏོ། ༤ དེའི་མཚན་མོ་ལ་ཡ་ཧོ་ཝཱའི་བཀའ་ནཱ་ཐན་ལ་བྱུང་ནས། འདི་སྐད་དུ། ༥ ཁྱོད་སོང་སྟེ། ངའི་བྲན་པོ་དཱ་བིད་ལ་འདི་ལྟར་སྦྲོན་ཞིག འདི་ནི་ཡ་ཧོ་ཝཱའི་བཀའ་ལགས། ཁོ་བོ་བཞུགས་བྱའི་ཁང་པ་ཞིག་ཁྱོད་ཀྱིས་བཞེང་དུ་འདོད་དམ། ༦ ཁོ་བོས་ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་ནས་ཡར་འཁྲིད་པ་ཚུན་ཆད། དེ་རིང་གི་བར་དུ། ཁང་པའི་ནང་དུ་གནས་པ་མ་ཡིན། གུར་རམ་རེ་བོའི་ནང་ན་འཁོར་བཞིན་གནས་ཏེ། ༧ ཁོ་བོ་ཨིས་ར་ཨེལ་གྱི་བུ་རྣམས་དང་མཉམ་དུ་གནས་ཀུན་ཏུ་འཁོར་བ་ལས། ཁོ་བོས། ཨིས་ར་ཨེལ་གྱི་སྡེ་རྣམས་འཚོ་བར་ཁྱེར་ཞིག་བསྐུལ་ཀྱང་། ངའི་དོན་དུ་ཁྱོད་ཅག་གིས་འགྱམ་ཤིང་གི་ཁང་བཟང་ཅིའི་ཕྱིར་མི་བཞེང་། ཞེས་གང་དུའང་བསྒོའམ།༨ དེའི་ཕྱིར་ཁྱོད་ཀྱིས་ངའི་བྲན་པོ་དཱ་བིད་ལ་འདི་སྐད་སྦྲོན་དགོས། དཔུང་ཆེན་གྱི་ཡ་ཧོ་ཝཱས་ཁྱོད་ལ། ཁོ་བོས་ཁྱོད་ལུག་འཚོ་བའི་ལུག་རའི་ནང་ནས་བླངས་ཏེ། ཁྱོད་ཁོ་བོའི་འབངས་ཨིས་ར་ཨེལ་གྱི་མངའ་བདག་ཏུ་བསྐོས་པ་ཡིན། ༩ ཁྱོད་གར་འགྲོ་ན་ཡང་། ཁོ་བོ་ཁྱོད་དང་སྡོངས་ཤིང་། ཁྱོད་ཀྱི་ཕ་རོལ་པ་ཐམས་ཅད་ཁྱོད་ཀྱི་མདུན་ནས་བསྐྲད་པ་ཡིན། ས་ཆེན་པོར་ཡོད་པའི་མི་མིང་ཆེན་པོ་རྣམས་དང་འདྲ་བར། ངས་ཁྱོད་ཀྱི་མིང་ཡང་ཆེན་པོར་བྱས་པ་ཡིན། ༡༠ ཡང་ངས་རང་གི་མི་བརྒྱུད་ཨིས་ར་ཨེལ་གྱི་དོན་དུ་ས་གནས་ཤིག་འདམས་པ་དང་། དེ་དག་དེར་འཛུགས་པར་བྱའོ། དེ་དག་རང་གི་ས་གནས་སུ་གནས་ཏེ། ལྷག་པར་འཁྱམ་པར་མི་འགྱུར་རོ། ཡང་འདས་པའི་དུས་ལྟར་ངན་པའི་བུ་རྣམས་ཀྱིས་དེ་དག་ལ་སླར་འཚེ་བར་མི་འགྱུར་རོ། ༡༡ གང་ཉིན་མོ་ཚུན་ཆད་དུ་ཁོ་བོས་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་དཔོན་པོར་ཁྲིམས་དཔོན་རྣམས་བསྐོས་པའི་ཞག་དང་འདྲ་བར་མི་འབྱུང་། ངས་ནི་ཁྱོད་ཀྱི་དགྲ་བོ་ཐམས་ཅད་ལས་ཁྱོད་ལ་སེམས་དལ་གནང་བར་བྱའོ། དེ་མ་ཟད། ཡ་ཧོ་ཝཱས་ཁྱོད་ལ། ང་ཡ་ཧོ་ཝཱས་ཁྱོད་ཀྱི་དོན་དུ་ཕོ་བྲང་ཞིག་བཞེང་བར་བྱ་ཞེས་གསུང་ངོ་། ༡༢ ཁྱོད་ཀྱི་ཞག་རྣམས་ཚང་སྟེ། ཁྱོད་ནི་རང་གི་ཕ་མེས་དང་ལྷན་ཅིག་ཏུ་གཉིད་ལོག་པའི་ཚེ་ན། ངས་ཁྱོད་ཀྱི་རྗེས་སུ་འོང་བའི་ས་བོན་ཁྱོད་ཀྱི་ཁོག་པ་ནས་འབྱུང་བ་དེ་ཡར་སྒྲེང་ཞིང་། དེའི་རྒྱལ་ཁམས་བརྟན་པོར་འཛུག་པར་བྱའོ། ༡༣ དེས་ཁོ་བོའི་མཚན་དང་ལྡན་པའི་ཁྱིམ་ཞིག་བཞེང་བ་དང་། ཁོ་བོས་དེའི་རྒྱལ་ཁམས་ཀྱི་རྒྱལ་ཁྲི་དུས་རྒྱུན་དུ་བརྟན་པོར་འཛུག་པར་བྱ། ༡༤ ང་དེའི་ཡབ་དང་། ཁོ་ངའི་སྲས་སུ་འགྱུར་བར་འགྱུར་རོ། གལ་ཏེ་ཁོས་ཉེས་སྡིག་བྱེད་ན། ཁོ་ལ་མིའི་དབྱུག་པ་དང་། མིའི་བུ་རྣམས་ཀྱི་རྟ་ལྕག་གིས་ངས་དེ་གཞུན་ནོ། ༡༥ ཇི་ལྟར་ཁྱོད་ཀྱི་མདུན་ལས་བསྐྲད་པའི་ཤ་ཨུལ་ལས་ངའི་ཐུགས་རྗེ་བྲལ་བར་གྱུར་པ་དེ་བཞིན་དུ་ཁོ་ལས་འབྲལ་བར་མི་འགྱུར་རོ། ༡༦ ཡང་ཁྱོད་ཀྱི་མདུན་དུ་ཁྱོད་ཀྱི་ཁྱིམ་དང་རྒྱལ་སྲིད་དུས་རྒྱུན་དུ་བརྟན་པོར་འཇག་ཅིང་། ཁྱོད་ཀྱི་རྒྱལ་ཁྲི་ལ་རྒྱུན་ནས་རྒྱུན་དུ་གཡོ་འབུབ་མི་འབྱུང་ཞེས་གསུངས་སོ༎
༡༧ བཀའ་ལུང་དེ་དང་སྣང་ལུགས་དེ་ཐམས་ཅད་བཞིན་དུ་ནཱ་ཐན་གྱིས་དཱ་བིད་ལ་བཤད་དོ༎
༡༨ དེ་ནས་རྒྱལ་པོ་དཱ་བིད་ནང་དུ་སོང་སྟེ། ཡ་ཧོ་ཝཱའི་དྲུང་དུ་བསྡད་ཅིང་ཁོང་ལ། ཀྱེ་ཡ་ཧོ་ཝཱ། དཀོན་མཆོག ཁྱེད་ཀྱིས་བདག་ད་ཙམ་གྱི་བར་དུ་ཁྲིད་པར་མཛད་པས། བདག་སུ་ཡིན། བདག་གི་རིགས་བརྒྱུད་ཅི་ཡིན། ༡༩ འདི་ཡང་ཁྱེད་ཀྱི་གཟིགས་ངོར་བྱ་བ་ཆུང་བ་ཞིག་ལགས་ཏེ། ཀྱེ་ཡ་ཧོ་ཝཱ། དཀོན་མཆོག དེ་མ་ཟད། ཁྱེད་ཀྱིས་ཉིད་ཀྱི་བྲན་པོའི་ཁྱིམ་གྱི་སྐོར་དུ་དུས་རིང་མོ་ཞིག་གི་ཕྱིར་བཀའ་ལུང་གནང་བ་ཡིན། ཀྱེ་ཡ་ཧོ་ཝཱ། དཀོན་མཆོག བྱ་བ་དེ་ནི་མིའི་ཚུལ་དུ་ལགས་སམ། ༢༠ ཀྱེ་ཡ་ཧོ་ཝཱ། དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་མཁྱེན་པས། དཱ་བིད་ལ་ལྷག་པར་ཞུ་རྒྱུ་ཅི་ཞིག་ཡོད། ༢༡ ཁྱེད་ཀྱི་བཀའ་མཆིད་དང་ཁྱེད་ཀྱི་ཐུགས་བཞིན་ཁྱེད་ཀྱིས་བྱ་བ་ཆེན་པོ་དེ་ཐམས་ཅད་བསྒྲུབ་པར་མཛད་པ་ཡིན། ཁྱེད་ཀྱི་བྲན་པོར་མངོན་པར་མཛད་པའི་ཕྱིར་དེ་ཡང་མཛད་པ་ཡིན། ༢༢ དེའི་ཕྱིར་ཁྱེད་ཆེ་བ་ལགས། ཀྱེ་ཡ་ཧོ་ཝཱ། དཀོན་མཆོག དེ་ཅིའི་ཕྱིར་ཞེ་ན། ཁྱེད་དང་འདྲ་བ་གང་ཡང་མེད་དེ། བདག་ཅག་གི་རྣ་བས་ཅི་ཐོས་པ་བཞིན་དུ། ཁྱེད་མིན་པར། དཀོན་མཆོག་གང་ཡང་མེད་དོ། ༢༣ ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་དང་འདྲ་བར་ས་གཞི་འདིའི་མི་བརྒྱུད་གཞན་མ་ཞིག་གང་དུ་ཡོད། དེ་ནི་སྒྲོལ་བ་དང་། ཁོང་ཉིད་ཀྱི་མི་བརྒྱུད་དུ་འཇོག་པ་དང་། ཁོང་ཉིད་ལ་མཚན་བཟང་འབྱུང་བའི་དོན་དུ་དཀོན་མཆོག་ཁོང་ཉིད་གཤེགས་སོ། ཁྱེད་ཀྱིས་དེ་དག་གི་དོན་དུ་ལྟས་ཆེ་བ་དང་། ཁྱེད་ཉིད་ཀྱི་ཡུལ་གྱི་དོན་དུ་ཕྲིན་ལས་འཇིགས་སུ་རུང་བ་མང་པོ་ཁྱེད་ཉིད་ཀྱི་མི་བརྒྱུད་ཀྱི་མདུན་མངོན་དུ་ཕྱུང་སྟེ། མི་བརྒྱུད་དེ་ནི་ཁྱེད་ཀྱིས་མི་སེར་པའི་བརྒྱུད་དང་དེ་དག་གི་ལྷ་རྣམས་ལས་བསྒྲལ་བ་ཡིན། ༢༤ ཡང་ཁྱེད་ཀྱིས་ཉིད་ཀྱི་མི་བརྒྱུད་ཨིས་ར་ཨེལ་དེ་ནི་དུས་རྒྱུན་དུ་ཉིད་ཀྱི་མི་བརྒྱུད་དུ་ལུས་པར་བཙུགས་པ་ཡིན། ཡང་ཁྱེད་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ཏུ་གྱུར་ཏོ། ༢༥ ད་ཡང་ཀྱེ་ཡ་ཧོ་ཝཱ། དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་དང་དེའི་ཁྱིམ་གྱི་དོན་དུ་གསུངས་པའི་བཀའ་དེ་ནི་དུས་རྒྱུན་དུ་ཆ་འཇོག་ཅིང་། ཁྱེད་ཀྱིས་གསུངས་པ་བཞིན་དུ་སྒྲུབ་པར་མཛོད་ཅིག ༢༦ ཡང་འདི་སྐད་དུ། དཔུང་ཆེན་གྱི་ཡ་ཧོ་ཝཱ་ནི་ཨིས་ར་ཨེལ་གྱི་དཀོན་མཆོག་ལགས་ཏེ། ཁྱེད་ཀྱི་བྲན་པོ་དཱ་བིད་ཀྱི་ཁྱིམ་ཁྱེད་ཉིད་ཀྱི་སྤྱན་སྔར་གཡོ་འབུབ་མེད་པར་ལས་པར་ཤོག དེའི་རྐྱེན་གྱིས་ཁྱེད་ཀྱི་མཚན་དུས་རྒྱུན་དུ་བཕགས་པར་ཤོག་ཅིག ༢༧ ཀྱེ་དཔུང་ཆེན་གྱི་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་ལ། ངས་ཁྱོད་ལ། ངས་ཁྱོད་ལ་ཁྱིམ་ཞིག་བཞེང་བར་བྱ་ཞེས་པའི་ལུང་བསྟན་པས། ཁྱེད་ཀྱི་བྲན་པོས་རང་གི་སྙིང་ནང་གསོལ་འདེབས་འདི་ཁྱེད་ལ་འབུལ་བར་བརྩམས་པ་ལགས།
༢༨ ད་ཡང་། ཀྱེ་ཡ་ཧོ་ཝཱ། དཀོན་མཆོག ཁྱེད་ནི་དཀོན་མཆོག་ཁོ་ན་ལགས་ཏེ། ཁྱེད་ཀྱི་གསུང་ཐམས་ཅད་བདེན་པ་ཡིན། ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་ལ་ཞལ་ཆད་བཟང་པོ་དེ་མཛད་པ་ཡིན། ༢༩ ད་ཡང་ཁྱེད་ཀྱི་གསུང་བཞིན་དུ་བྱིན་གྱིས་རློབས་ཤིང་། ཁྱེད་ཀྱི་བྲན་པོའི་ཁྱིམ་དུས་རྒྱུན་དུ་ཁྱེད་ཀྱི་ཞལ་ངོར་འཇགས་པར་མཛོད་ཅིག ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཉིད་ཀྱི་བྱིན་རླབས་ཀྱིས་ཉིད་ཀྱི་བྲན་པོའི་ཁྱིམ་ལ་དུས་རྒྱུན་དུ་བྱིན་གྱིས་རློབས་པར་གནོང་ཞིག་ཅེས་གསོལ་ཏོ༎