༨
དེའི་རྗེས་སུ་དཱ་བིད་ཀྱིས་ཕེ་ལེ་ཤེད་པ་རྣམས་འགེམས་པར་བྱས་ནས་བཏུལ་ཏོ། ཡང་དཱ་བིད་ཀྱིས་མེ་ཐེག་ཨམ་མཱ་ཞེས་བྱ་བའི་གྲོང་ཁྱེར་ཕེ་ལེ་ཤེད་པའི་ལག་ནས་བླངས་ཏེ་བདག་པར་བྱས་སོ། ༢ ཡང་མོ་ཨབ་འགེམས་པར་བྱས་ནས། མོ་ཨབ་པ་རྣམས་སའི་ཁར་བསྙལ་ཏེ། ཐག་པས་བཏབ་ཅིང་། གསད་བྱ་རྣམས་ཐག་སྐར་གཉིས་དང་། ཚེ་ཐར་དུ་འབུད་བྱ་རྣམས་ཐག་པ་གང་པོ་གཅིག་གིས་བཏབ་པ་དང་། མོ་ཨབ་པ་རྣམས་དཱ་བིད་ཀྱི་བྲན་པོར་གྱུར་ཏེ། འབུལ་བ་རྣམས་དྲངས་སོ༎༣ ཡང་དཱ་བིད་ཀྱིས་ཙོ་བཱ་ཡི་རྒྱལ་པོ་རེ་ཧོབ་ཀྱི་བུ་ཧ་དད་ཨེ་ཟེར་འགེམས་པར་བྱས་སོ། རྒྱལ་པོ་དེ་ནི་གཙང་པོའི་ཕྱོགས་སུ་རང་གི་ཡུལ་ཁག་ལ་བདག་རྒྱབ་ཏུ་འགྲོ་བའི་སྐབས་སུ་བཏུལ་ཏོ། ༤ དཱ་བིད་ཀྱིས་དེའི་རྟ་པ་སྟོང་ཕྲག་གཅིག་དང་བདུན་བརྒྱ་དང་། རྐང་དམག་ཁྲི་གཉིས་བཟུང་ནས། ཤིང་རྟའི་རྟ་ཐམས་ཅད་གྲི་བསྣུན་པས་བསད་ཀྱང་། དེའི་ཁྲོད་ནས་ཤིང་རྟ་བརྒྱ་ཕྲག་གཅིག་ལ་ལྡང་བ་གསོན་པོར་བཞག་གོ།
༥ ཡང་ད་མཱ་སེག་གི་ཨ་རམ་པ་རྣམས་ཙོ་བཱ་ཡི་རྒྱལ་པོ་ཧ་དད་ཨེ་ཟེར་གྱི་ར་མདར་འོང་བའི་དུས་སུ། དཱ་བིད་ཀྱིས་ཨ་རམ་པ་མི་ཁྲི་གཉིས་དང་སྟོང་གཉིས་བསད་དོ། ༦ དཱ་བིད་ཀྱིས་ད་མཱ་སེག་གི་ཨ་རམ་ཡུལ་དུ་ཡུལ་སྲུང་པ་རྣམས་བཞག་པ་དང་། ཨ་རམ་པ་རྣམས་དཱ་བིད་ཀྱི་བྲན་དུ་གྱུར་ཏེ། འབུལ་བ་རྣམས་དྲངས་སོ། ཡང་དཱ་བིད་གང་དུ་འགྲོ་ན་ཡང་། ཡ་ཧོ་ཝཱས་དེ་ལ་སྐྱབས་མཛད་དོ། ༧ དེའང་དཱ་བིད་ཀྱིས་ཧ་དད་ཨེ་ཟེར་གྱི་འཁོར་གཡོག་རྣམས་ལ་ཡོད་པའི་གསེར་གྱི་ཕུབ་ཐམས་ཅད་ཕྲོག་པ་དང་། ཡེ་རུ་ཤ་ལེམ་དུ་ཁྱེར་ཏོ། ༨ ཡང་ཧ་དད་ཨེ་ཟེར་གྱི་གྲོང་ཁྱེར་བེ་ཏཱ་དང་བེ་རོ་ཐཱའི་གཉིས་ནས། རྒྱལ་པོ་དཱ་བིད་ཀྱིས་ར་གན་དཔག་ཏུ་མེད་པ་དྲངས་སོ༎
༩ དཱ་བིད་ཀྱིས་ཧ་དད་ཨེ་ཟེར་གྱི་དམག་དཔུང་ཐམས་ཅད་འགེམས་པའི་གཏམ་ནི། ཧ་མད་ཀྱི་རྒྱལ་པོ་ཏོ་ཨི་བྱ་བ་དེས་ཐོས་པར་ཙམ་གྱིས། ༡༠ ཏོ་ཨིས་རང་གི་སྲས་ཡོ་རམ་བྱ་བ་དེ་ཕྱག་འབུལ་བ་དང་། བཀྲ་ཤིས་པའི་ཚིག་བརྗོད་དུ་རྒྱལ་པོ་དཱ་བིད་ཀྱི་དྲུང་དུ་མངགས་སོ། ཅིའི་ཕྱིར་ཞེ་ན། སྔར་ཧ་དད་ཨེ་ཟེར་དང་ཏོ་ཨི་གཉིས་ཀྱི་བར་ལ་དམག་རྒྱབ་ནས། དཱ་བིད་ཀྱིས་ཧ་དད་ཨེ་ཟེར་བཏུལ་བའི་ཕྱིར་རོ། ཡང་ཡོ་རམ་གྱིས་རང་གི་ལག་ཏུ་དངུལ་གྱི་ཡོ་བྱད་དང་། གསེར་གྱི་ཡོ་བྱད་དང་། ར་གན་གྱི་ཡོ་བྱད་མང་པོ་འཁྱེར་འོངས་ནས་ཕུལ་ཏོ། ༡༡ རྒྱལ་པོ་དཱ་བིད་ཀྱིས་དེ་དག་ཡ་ཧོ་ཝཱ་ལ་བསྔོ་སྟེ། ཁོང་གིས་བཏུལ་བའི་མི་སྡེ་ཐམས་ཅད་ནས་བརྙེད་པའི་དངུལ་དང་གསེར་དང་མཉམ་དུ་བསྔོས་པར་བྱས་སོ། ༡༢ གང་ནས་བརྙེད་ཞེ་ན། ཨ་རམ་པ་དང་། མོ་ཨབ་པ་དང་། ཨམ་མོན་གྱི་བུ་རྣམས་དང་། ཕེ་ལེ་ཤེད་པ་དང་། ཨ་མ་ལེག་པ་དང་། ཙོ་བཱ་ཡི་རྒྱལ་པོ་རེ་ཧོབ་ཀྱི་བུ་ཧ་དད་ཨེ་ཟེར་དེ་ཐམས་ཅད་ལས་བླངས་པའི་བཅོམ་ནོར་ཡིན་ནོ༎
༡༣ ཡང་དཱ་བིད་ཀྱིས་ཨ་རམ་པ་སྟོང་ཕྲག་བཅོ་བརྒྱད་ཚྭའི་ལུང་པར་འགེམས་པར་བྱས་ནས། ཕྱིར་ལོག་སྐབས་སུ་དཱ་བིད་ཀྱི་མཚན་གྲགས་ཆེན་པོར་གྱུར་ཏོ། ༡༤ ཡང་ཁོང་གིས་ཨེ་དོམ་ཡུལ་དུ་ཡུལ་སྲུང་པ་རྣམས་བཞག་ཅིང་། ཨེ་དོམ་ཡུལ་ཀུན་ཏུ་ཡུལ་སྲུང་པ་རྣམས་བཞག་པས། ཨེ་དོམ་པ་རྣམས་དཱ་བིད་ཀྱི་བྲན་པོར་གྱུར་ཏོ། དཱ་བིད་གར་སོང་སར། ཡ་ཧོ་ཝཱས་དེ་ལ་སྐྱབས་མཛད་དོ། ༡༥ དཱ་བིད་ཀྱིས་ཨིས་ར་ཨེལ་ཐམས་ཅད་ལ་མངའ་མཛད་ཅིང་། རང་གི་འབངས་ཐམས་ཅད་ལ་ཞལ་ཆེ་བཅད་པ་དང་། ཁྲིམས་དྲང་པོ་བཅད་དོ། ༡༦ དམག་ཚོགས་ཀྱི་དཔོན་པོར་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་། རྒྱལ་རབས་ཀྱི་ཡིག་དཔོན་དུ་ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་དང་། ༡༧ བླ་མར་ཨ་ཧི་ཏུབ་ཀྱི་བུ་ཙ་དོག་དང་། ཨབ་ཡ་ཐར་གྱི་བུ་ཨ་ཧི་མེ་ལེག་གཉིས་དང་། མཁན་པོར་སེ་ར་ཡཱ་དང་། ༡༨ ཀེ་རེད་པ་དང་པེ་ལེད་པ་རྣམས་ཀྱི་དཔོན་པོར་ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་དང་། དཱ་བིད་ཀྱི་སྲས་རྣམས་བཀའ་བློན་དུ་བཞག་གོ།