༩
ཡང་དཱ་བིད་ཀྱིས། ངས་ཡོ་ན་ཐན་གྱི་ཕྱིར་ཐུགས་རྗེ་སྟོན་པའི་དོན་དུ། ད་དུང་ཤ་ཨུལ་གྱི་ཁྱིམ་ལས་མི་རེ་ལུས་སམ། ཞེས་འདྲིས་པས། ༢ ཤ་ཨུལ་གྱི་ཁྱིམ་གྱི་གཡོག་པོ་ཙི་བཱ་བྱ་བ་དེར་ཡོད་པ་དེ་དཱ་བིད་ཀྱི་དྲུང་དུ་བོས་ནས། རྒྱལ་པོས་དེ་ལ། ཁྱོད་ཙི་བཱ་ཡིན་ནམ་ཞེས་དྲིས་པས་དེས་ནི། ཁྱེད་ཀྱི་བྲན་པོ་ནི་དེ་རང་ངོ་ཞེས་ཞུས་སོ། ༣ རྒྱལ་པོས་དེ་ལ། ངས་དཀོན་མཆོག་གི་བཀའ་དྲིན་སྟོན་པའི་ཕྱིར། ཤ་ཨུལ་གྱི་ཁྱིམ་ལས་མི་གང་ཡང་ལུས་ཏེ་མེད་དམ་ཞེས་འདྲིས་པས། ཙི་བཱ་ཡིས་རྒྱལ་པོ་ལ། ཡོ་ན་ཐན་གྱི་བུ་ཞབས་ཞ་བོ་ཡོད་པ་ཞིག་ད་དུང་ཡོད་ཅེས་ཞུས་པས། ༤ རྒྱལ་པོས་དེ་ལ། ཁོ་གང་དུ་ཡོད་དྲིས་པས། ཙི་བཱ་ཡིས་རྒྱལ་པོ་ལ། གཟིགས་ཤིག ཁོ་ནི་ལོ་དེ་བཱར་ན་ཨམ་མི་ཨེལ་གྱི་བུ་མ་ཀིར་གྱི་ཁང་པར་ཡོད་ཅེས་ཞུས་སོ། ༥ རྒྱལ་པོ་དཱ་བིད་ཀྱིས་མི་མངགས་ཤིང་། ཁོ་ལོ་དེ་བཱར་ནས་ཨམ་མི་ཨེལ་གྱི་བུ་མ་ཀིར་གྱི་ཁང་པ་ལས་དྲངས་སོ། ༦ ཡང་ཤ་ཨུལ་གྱི་བུ་ཡོ་ན་ཐན་གྱི་བུ་མེ་ཕི་བོ་ཤེད་བྱ་བ་དེ་ནི་དཱ་བིད་ཀྱི་དྲུང་དུ་འོངས་ནས། ཁ་འབུབ་ཏུ་ཕྱག་བཙལ་ཏོ། དེར་དཱ་བིད་ཀྱིས། ཀྱེ་མེ་ཕི་བོ་ཤེད་ཅེས་གསུངས་པ་དང་། དེས་ནི། ཁྱེད་ཀྱི་བྲན་པོ་ལ་གཟིགས་ཤིག་ཅེས་པའི་ལན་དུ། ༧ དཱ་བིད་ཀྱིས་དེ་ལ། མ་འཇིགས་ཤིག ཁྱོད་ཀྱི་ཡབ་ཡོ་ན་ཐན་གྱི་དོན་དུ་ངས་ཁྱོད་ལ་བཀའ་དྲིན་བསྐྱང་བར་བྱ་སྟེ། ཁྱོད་ཀྱི་ཕ་མེས་ཤ་ཨུལ་གྱི་གཞིས་ཀ་ཐམས་ཅད་ཁྱོད་ལ་ཟློག་པར་བྱ། ཁྱོད་ཀྱིས་གཏན་དུ་ངའི་གསོལ་ལྕོག་ལས་ཟས་ཟ་བར་འགྱུར་རོ་ཞེས་གསུངས་པས། ༨ དེས་ཕྱག་བཙལ་ཏེ་ཁོང་ལ། ཁྱེད་ཀྱིས་བདག་ལྟ་བུའི་ཁྱི་ཤི་བ་ལ་གཟིགས་པ་དེ་ཅི་ཡིན། སྐུ་ཞབས་ཀྱི་བྲན་པོ་བདག་སུ་ཡིན་ཞེས་ཞུས་སོ༎༩ དེ་ནས་རྒྱལ་པོས་ཤ་ཨུལ་གྱི་གཡོག་པོ་ཙི་བཱ་ལ་བོས་ནས་དེ་ལ། ཤ་ཨུལ་དང་དེའི་ཁྱིམ་ལ་གང་ཡོད་པ་ཐམས་ཅད་ངས་ཁྱོད་ཀྱི་དཔོན་པོའི་སྲས་ལ་བྱིན་པས། ༡༠ ཁྱོད་ཀྱི་བུ་དང་གཡོག་པོ་རྣམས་དང་བཅས་པས་དེའི་དོན་དུ་ཞིང་འབད་ཅིང་། དེའི་སྟོན་ཐོག་ཁྱོད་ཀྱི་དཔོན་པོའི་སྲས་ཀྱི་ཟ་རྒྱུར་ཁྱེར་ཤོག ཡང་ཁྱོད་ཀྱི་དཔོན་པོའི་སྲས་མེ་ཕི་བོ་ཤེད་ཀྱིས་གཏན་དུ་ངའི་གསོལ་ལྕོག་ལས་ཟ་བར་འགྱུར་ཞེས་བཀའ་གནང་ངོ་། ཙི་བཱ་ལ་བུ་བཅོ་ལྔ་དང་གཡོག་པོ་ཉི་ཤུ་ཡོད་པ་ཡིན་ནོ། ༡༡ ཙི་བཱ་ཡིས་རྒྱལ་པོ་ལ། བདག་གི་ཇོ་བོ་རྒྱལ་པོས་ཉིད་ཀྱི་བྲན་པོ་ལ་བཀའ་ཅི་དང་ཅི་སྩལ་པ་བཞིན་དུ། ཁྱེད་ཀྱི་བྲན་པོས་སྒྲུབ་པར་བྱའོ་ཞེས་ཞུས་སོ། མེ་ཕི་བོ་ཤེད་ལ་བལྟས་ནས་རྒྱལ་པོས། དེས་ནི་རྒྱལ་སྲས་རྣམས་དང་འདྲ་བར་ངའི་གསོལ་ལྕོག་ལས་ཟ་བར་འགྱུར་ཞེས་གསུངས་སོ། ༡༢ མེ་ཕི་བོ་ཤེད་ལ་མི་ཀཱ་བྱ་བའི་བུ་ཆུང་བ་ཞིག་ཡོད་པ་ཡིན། གཞན་ཙི་བཱ་ཡི་ཁང་པར་གནས་པ་ཐམས་ཅད་ནི་མེ་ཕི་བོ་ཤེད་ཀྱི་གཡོག་པོ་ཡིན་ནོ། ༡༣ དེ་ལྟར་མེ་ཕི་བོ་ཤེད་་ཡེ་རུ་ཤ་ལེམ་དུ་གནས་ཏེ། གཏན་དུ་རྒྱལ་པོའི་གསོལ་ལྕོག་ལས་ཁ་ཟས་ཟོས་སོ། ཁོའི་རྐང་པ་གཉིས་ཀ་ཞ་བོ་ཡོད་པ་ཡིན་ནོ༎