༡༠
བྱ་བ་དེའི་འོག་ཏུ་ཨམ་མོན་གྱི་བུ་རྣམས་ཀྱི་རྒྱལ་པོ་གྲོངས་ནས། དེའི་ཚབ་ཏུ་དེའི་སྲས་ཧ་ནུན་གྱིས་སྲིད་བྱས་སོ།  དེར་དཱ་བིད་ཀྱིས། ཇི་ལྟར་དེའི་ཡབ་ནཱ་ཧས་ཀྱིས་ང་ལ་དྲིན་བྱས་པ་བཞིན་དུ། ངས་ནཱ་ཧས་ཀྱི་བུ་ཧ་ནུན་ལ་དྲིན་གཟོ་བར་བྱ་ཞེས་སྨྲས་ཤིང་། དེའི་ཡབ་ཀྱི་སྐོར་དུ་དེ་ལ་སེམས་གསོ་གཏོང་དུ་དཱ་བིད་ཀྱིས་ཉིད་ཀྱི་གཡོག་པོ་རྣམས་བཏང་ནས། དཱ་བིད་ཀྱི་ཞབས་ཕྱི་རྣམས་ཨམ་མོན་གྱི་བུ་རྣམས་ཀྱི་ཡུལ་དུ་ཕྱིན་པ་དང་།  ཨམ་མོན་གྱི་བུ་རྣམས་ཀྱི་ཇོ་བོ་རྣམས་ཀྱིས་རང་གི་དཔོན་པོ་ཧ་ནུན་ལ། དཱ་བིད་ཀྱིས་ཁྱེད་ཀྱི་སེམས་གསོ་བར་མི་བཏང་བ་དེ་ནི་ཁྱེད་ཀྱི་ཡབ་ལ་རྩིས་བྱེད་པའི་ཕྱིར་ཡིན་ནོ་ཞེས་དགོངས་སམ། དེ་ལྟར་མིན། དཱ་བིད་ཀྱིས་རང་གི་གཡོག་པོ་འདི་དག་རྒྱལ་ས་ལ་ལྟ་བ་དང་། ལྟ་ཉུལ་བྱེད་པ་དང་། རློག་པའི་ཕྱིར་བཏང་བ་ཡིན་ཞེས་སྨྲས་པས།
 ཧ་ནུན་གྱིས་དཱ་བིད་ཀྱི་གཡོག་པོ་དེ་དག་བཟུང་ནས། སྨ་ར་ཕྱེད་ཀ་བྲེགས་ནས། ལུས་གོས་ཀྱི་དཀྱིལ་ནས་འཕོང་ཚོས་ཀྱི་བར་དུ་བཤགས་ནས། དེ་དག་འགྲོར་བཅུག་གོ།  དེ་ལྟ་བུའི་ཕྲིན་དཱ་བིད་ཀྱིས་ཐོས་པས། དེས་ནི་བསུ་མཁན་བཏང་ངོ་། དེ་ཅིའི་ཕྱིར་ཞེ་ན། མི་དེ་དག་རབ་ཏུ་ངོ་ཚ་བར་གྱུར་ཏོ། ཡང་རྒྱལ་པོས་དེ་དག་ལ། ཁྱོད་ཅག་གི་སྨ་ར་མ་སྐྱེ་བའི་བར་དུ་ཡེ་རི་ཀོ་རུ་སྒུགས་ཤིག དེ་ནས་འོང་ཞིག་ཅེས་བསྒོའོ༎
 ཡང་ཨམ་མོན་གྱི་བུ་རྣམས་ཀྱིས། ངེད་རྣམས་དཱ་བིད་ཀྱི་མདུན་དུ་ཞེན་ལོག་ཏུ་གྱུར་ཏོ་ཞེས་རིག་པས། ཨམ་མོན་གྱི་བུ་རྣམས་ཀྱིས་མི་མངགས་པ་དང་། བེད་རེ་ཧོབ་ཀྱི་ཨ་རམ་པ་དང་། ཙོ་བཱ་ཡི་ཨ་རམ་པ་གཉིས་ལས་རྐང་དམག་མི་སྟོང་ཕྲག་ཉི་ཤུ་དང་། མ་ཨ་ཀཱ་ཡི་རྒྱལ་པོ་ལས་མི་སྟོང་ཕྲག་གཅིག་དང་། ཏོབ་ལས་མི་སྟོང་ཕྲག་བཅུ་གཉིས་དང་བཅས་པ་གླ་པར་བཞག་གོ།  དཱ་བིད་ཀྱིས་གཏམ་དེ་ཐོས་པས། ཁོང་གིས་ཡོ་ཨབ་དང་མཉམ་དུ་དམག་ཚོགས་དཔའ་རྩལ་ཐམས་ཅད་མངགས་སོ།  ཡང་ཨམ་མོན་གྱི་བུ་རྣམས་ཕྱིར་ཐོན་ནས། རྒྱ་སྒོའི་ནང་དུ་ཞུགས་སའི་མདུན་དུ་དམག་གྲལ་བསྒྲིགས་པ་དང་། ཙོ་བཱ་དང་རེ་ཧོབ་ཀྱི་ཨ་རམ་པ་དང་། ཏོབ་དང་མ་ཨ་ཀཱ་པ་རྣམས་སོ་སོར་ཐང་དུ་བསྡད་པ་ལས།
 ཡོ་ཨབ་ཀྱིས་རང་གི་རྒྱབ་མདུན་གཉིས་པོར་དམག་གི་ངོ་ཡོད་པར་མཐོང་བས། ཨིས་ར་ཨེལ་ལས་འདམས་པའི་མི་སྟོབས་ཅན་ཐམས་ཅད་ཨ་རམ་པའི་ཐད་དུ་དམག་གྲལ་དུ་བཞག་གོ། ༡༠ མི་ཕྱི་ལུས་ཐམས་ཅད་རང་གི་ནུ་བོ་ཨ་བི་ཤཱ་ཨི་ཡི་ལག་ཏུ་བཏད་ནས། དེས་ནི་དེ་དག་ཨམ་མོན་གྱི་བུ་རྣམས་ཀྱི་ཐད་དུ་དམག་གྲལ་དུ་བཞག་གོ། ༡༡ དེར་ཡོ་ཨབ་ཀྱིས། གལ་ཏེ་ཨ་རམ་པ་རྣམས་ང་ལས་དྲག་ཏུ་སོང་ཚེ། ཁྱོད་ཀྱིས་ང་ལ་ར་མདའ་བྱོས་ཤིག གལ་ཏེ་ཨམ་མོན་གྱི་བུ་རྣམས་ཁྱོད་ལས་དྲག་ཏུ་སོང་ཚེ། ང་འོངས་ཤིང་ཁྱོད་ལ་ར་མདའ་བྱའོ། ༡༢ སྙིང་སྟོབས་སྐྱེད་ཅིང་། རང་གི་ཡུལ་མི་དང་། དཀོན་མཆོག་གི་གྲོང་ཁྱེར་རྣམས་ཀྱི་དོན་དུ་ཁྱོ་ག་བྱོས་ཤིག་དང་། ཡ་ཧོ་ཝཱའི་སྤྱན་ལམ་དུ་གང་བཟང་བ་དེ་སྒྲུབ་པར་ཤོག་ཅིག་ཅེས་གདམས་པ་ལས།
༡༣ ཡོ་ཨབ་དང་དེ་དང་བཅས་སུ་ཡོད་པ་རྣམས་ཨ་རམ་པ་ལ་རྒོལ་དུ་མདུན་དུ་སོང་སྟེ། དེ་དག་ཁོའི་མདུན་ནས་བྲོས་སོ། ༡༤ ཡང་ཨམ་མོན་གྱི་བུ་རྣམས་ཀྱིས་ཨ་རམ་པ་བྲོས་ཟིན་པར་མཐོང་བས། དེ་དག་ཀྱང་ཨ་བི་ཤཱ་ཨི་ཡི་མདུན་ལས་བྲོས་ནས་གྲོང་ཁྱེར་དུ་ཞུགས་སོ། དེ་ནས་ཡོ་ཨབ་ནི་ཨམ་མོན་གྱི་བུ་རྣམས་ཀྱི་མདུན་ནས་ལོག་ཅིང་། སླར་ཡེ་རུ་ཤ་ལེམ་དུ་ཕྱིན་ཏོ༎
༡༥ ཨ་རམ་པ་རྣམས་ཀྱིས་རང་ཨིས་ར་ཨེལ་གྱི་མདུན་ལས་ཕམ་པར་གྱུར་བར་བརྟགས་པའི་ཚེ་ན། ལྷན་ཅིག་ཏུ་ལྷགས་ནས། ༡༦ ཧ་དད་ཨེ་ཟེར་གྱིས་བང་ཆེན་མངགས་ཤིང་། གཙང་པོའི་ཕ་རོལ་ཏུ་ཡོད་པའི་ཨ་རམ་པ་རྣམས་སྦྲན་ཏེ། དེ་དག་ཧེ་ལམ་དུ་བསླེབས་པ་དང་། ཧ་དད་ཨེ་ཟེར་གྱི་དམག་དཔུང་གི་དམག་དཔོན་ཤོ་ཕག་བྱ་བ་དེ་ནི་དེ་དག་གི་སྣ་ལ་འོངས་སོ། ༡༧ དཱ་བིད་ཀྱིས་དེ་ཐོས་ནས། དེས་ཨིས་ར་ཨེལ་ཐམས་ཅད་བསྡུས་ནས། ཡོར་དན་གྱི་ཕ་རོལ་ཏུ་ཧེ་ལམ་དུ་བསླེབས་ཏེ། ཨ་རམ་པ་རྣམས་ཀྱིས་དཱ་བིད་ཀྱི་ཐད་དུ་དམག་གྲལ་བསྒྲིགས་པ་དང་། དེ་ལ་འཐབ་འཛིང་བྱས་སོ། ༡༨ ཨ་རམ་པ་རྣམས་ཨིས་ར་ཨེལ་གྱི་མདུན་ལས་བྲོས་པས། དཱ་བིད་ཀྱིས་ཨ་རམ་པའི་ཤིང་རྟ་བདུན་བརྒྱ་དང་རྟ་པ་སྟོང་ཕྲག་བཞི་བཅུ་མེད་པར་བྱས་པ་དང་། དེ་དག་གི་དཔུང་ཚོགས་ཀྱི་དམག་དཔོན་ཤོ་ཕག་འགེམས་པར་བྱས་ནས། ཁོ་དེ་རུ་ཤིའོ། ༡༩ དེར་ཧ་དད་ཨེ་ཟེར་གྱི་འོག་ཏུ་ཡོད་པའི་རྒྱལ་པོ་རྣམས་ཀྱིས་དེ་དག་ཨིས་ར་ཨེལ་གྱི་མདུན་ལས་ཕམ་ཟིན་པར་མཐོང་བས། དེ་དག་གིས་ཨིས་ར་ཨེལ་དང་བཟང་སྒྲིག་བྱས་པ་དང་། དེའི་གཡོག་བྱས་སོ། དེ་ལྟར་ཨ་རམ་པ་རྣམས་ཡང་སྐྱར་ཨམ་མོན་གྱི་བུ་རྣམས་ལ་ར་མདའ་བྱེད་པར་འཚབས་སོ༎