༡༡
ལོ་གཅིག་འཁྱིར་འཁོར་སོང་བ་དང་། རྒྱལ་པོ་རྣམས་དམག་ལ་འཐོན་པའི་དུས་སུ། དཱ་བིད་ཀྱིས་ཡོ་ཨབ་དང་བཅས་སུ་ཉིད་ཀྱི་བྲན་རྣམས་དང་། ཨིས་ར་ཨེལ་ཐམས་ཅད་མངགས་པས། དེ་དག་གིས་ཨམ་མོན་གྱི་བུ་རྣམས་མེད་པར་བྱས་ནས། རབ་བཱ་ལ་དམག་བསྐོར་བཏང་གི། དཱ་བིད་ནི་ཡེ་རུ་ཤ་ལེམ་དུ་བཞུགས་སོ༎༢ དགོངས་མོའི་དུས་སུ་དཱ་བིད་མལ་ས་ནས་ལངས་ཏེ། རྒྱལ་ཁབ་ཀྱི་ཐོག་གི་ཁར་འཆག་པ་ལས། ཐོག་གི་སྟེང་ནས་ལུས་འཁྲུད་པའི་བུད་མེད་ཅིག་མཐོང་ངོ་། བུད་མེད་དེ་ནི་ཤིན་ཏུ་བྱད་ལེགས་པ་ཞིག་ཡོད་པ་ཡིན། ༣ དེར་དཱ་བིད་ཀྱིས་མི་བཏང་ཞིང་། བུད་མེད་དེ་ནི་སུ་ཡིན་ཞེས་དྲིས་པ་དང་། མི་ཞིག་གིས། བུད་མེད་དེ་ནི་བད་ཤེ་བཱ། ཨེ་ལི་ཨམ་གྱི་བུ་མོ། ཧེད་པ་ཨུ་རི་ཡཱ་ཡི་ཆུང་མ་མ་ཡིན་ནམ་ཞེས་ཞུས་པས། ༤ དཱ་བིད་ཀྱིས་མི་བཏང་བ་དང་། བུད་མེད་དེ་བཀུག་གོ། མོའི་ལུས་མི་གཙང་བའི་ཚུལ་ནས་གཙང་བར་གྱུར་བས། དེ་ནི་ནང་དུ་འོང་སྟེ། ཁོང་གིས་དེ་དང་མཉམ་དུ་སྡོངས་སོ། དེ་ནས་མོ་ནི་རང་གི་ཁང་པ་རུ་ལོག་སོང་ངོ་། ༥ བུད་མེད་དེ་ནི་མངལ་དང་ལྡན་པར་གྱུར་བས། དཱ་བིད་ཀྱི་དྲུང་དུ་མི་བཏང་ཞིང་དེ་ལ། བདག་མངལ་དང་ལྡན་ནོ་ཞེས་འཕྲིན་བསྐུར་པ་དང་།
༦ དཱ་བིད་ཀྱིས་ཡོ་ཨབ་ཀྱི་མདུན་དུ་མི་བཏང་ཞིང་འདི་སྐད་དུ། ཧེད་པ་ཨུ་རི་ཡཱ་ནི་ངའི་རྩར་ཐོང་ཞིག་ཅེས་བཀའ་སྩལ་པས། ཡོ་ཨབ་ཀྱིས་ཨུ་རི་ཡཱ་་དཱ་བིད་ཀྱི་དྲུང་དུ་བརྫངས་ཏེ། ༧ ཨུ་རི་ཡཱ་ཁོང་གི་དྲུང་དུ་ཕྱིན་ནས། ཁོང་གིས་དེ་ལ། ཡོ་ཨབ་ཀྱིས་ཅི་བྱེད། འབངས་ཅི་ལྟར་གནས། དམག་ཅི་ལྟར་སོང་། ཞེས་པའི་དྲི་བ་སྣ་ཚོགས་དྲིས་སོ། ༨ སླད་མར་ཡང་དཱ་བིད་ཀྱིས་ཨུ་རི་ཡཱ་ལ། ད་རང་གི་ཁང་པར་སོང་སྟེ། རྐང་པ་ཁྲུས་ཤིག་ཅེས་བཀའ་སྩལ་པས། ཨུ་རི་ཡཱ་ནི་རྒྱལ་པོའི་ཕོ་བྲང་ནས་ཐོན་པ་ལས། ཁོའི་རྒྱབ་རྒྱབ་ལས་རྒྱལ་པོས་འཚལ་འཛར་ཞིག་བཀལ་ཏོ། ༩ ཨུ་རི་ཡཱ་ནི་རང་གི་ཇོ་བོའི་བྲན་འཁོལ་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་སྒོའི་དྲུང་དུ་གཉིད་ལོག་སྟེ། རང་གི་ཁང་པར་མ་སོང་ངོ་། ༡༠ དེ་ནས་མི་དེ་དག་གིས་དཱ་བིད་ལ། ཨུ་རི་ཡཱ་རང་གི་ཁང་པར་མ་སོང་བར་འདུག་གོ་ཞེས་བཤད་པས། དཱ་བིད་ཀྱིས་ཨུ་རི་ཡཱ་ལ། ཁྱོད་བྱེས་ནས་མ་འོངས་སམ། རང་གི་ཁྱིམ་དུ་ཅིའི་ཕྱིར་མ་སོང་ཞེས་དྲིས་པའི་ལན་དུ། ༡༡ ཨུ་རི་ཡཱས་དཱ་བིད་ལ། ཞལ་ཆད་ཀྱི་སྒྲོམ་དང་། ཨིས་ར་ཨེལ་དང་། ཡ་ཧུ་དཱ་དེ་ཐམས་ཅད་ནི་གུར་གྱི་ནང་ན་བཞུགས། བདག་གི་དཔོན་པོ་ཡོ་ཨབ་དང་། བདག་གི་ཇོ་བོའི་བྲན་རྣམས་ཕྱི་རུ་ཐང་ཁར་དམག་སྒར་དུ་བཞུགས་ན། བདག་ནི་རང་གི་ཁང་པ་རུ་ཟ་བ་དང་། འཐུང་བ་དང་། ཆུང་མ་དང་མཉམ་དུ་ཉལ་དུ་ཇི་ལྟར་འགྲོ་བར་རུང་། ཁྱེད་ཀྱི་སྐུ་ཚེ་དང་སྐུ་སྲོག་གི་གཤའ། བདག་གིས་དེ་ལྟ་བུ་ཞིག་ཡེ་ནས་མི་བྱའོ་ཞེས་ཞུས་པས། ༡༢ དཱ་བིད་ཀྱིས་ཨུ་རི་ཡཱ་ལ། དེ་རིང་ཡང་འདིར་ཞག་སྡོད་གྱིས་ཤིག སང་ཉིན་ངས་ཁྱོད་གཏོང་བར་བྱ་ཞེས་བཀའ་སྩལ་ཏོ། ཨུ་རི་ཡཱ་ནི་ཉིན་དེ་དང་སང་ཉིན་ཡང་ཡེ་རུ་ཤ་ལེམ་དུ་ལུས་སོ། ༡༣ ཡང་དཱ་བིད་ཀྱིས་ཁོ་ལ་བོས་པ་དང་། དེས་ཁོང་གི་དྲུང་དུ་ཁ་ཟས་ཟོས་ནས་འཐུངས་པ་དང་། ཁོང་གིས་དེ་ནི་བཟི་རུ་བཅུག་ཀྱང་། ཕྱི་དྲོར་ཁོ་རང་གི་ཇོ་བོའི་བྲན་འཁོར་རྣམས་དང་བཅས་སུ་རང་གི་མལ་ས་རུ་ཉལ་དུ་སོང་གི། རང་གི་ཁང་པར་མ་སོང་ངོ་༎
༡༤ དེ་ནས་སྔ་དྲོར་དཱ་བིད་ཀྱིས་ཡོ་ཨབ་ལ་ཡི་གེ་བྲིས་ནས་ཨུ་རི་ཡཱ་ཡི་ལག་ཏུ་སྤྲད་ནས་བསྐུར་ཏོ། ༡༥ ཡི་གེ་དེའི་ནང་ན། དམག་དྲག་པོའི་དུས་སུ་ཨུ་རི་ཡཱ་ནི་མདུན་དུ་ཐོང་ཞིག་དང་། ཁྱོད་ཅག་དེ་ལས་ཕྱི་ནུར་དུ་སོང་ཞིག དེ་ནས་ཁོ་ལ་རྡུང་བ་དང་འཆི་བར་འགྱུར་རོ། ཞེས་བྲིས་སོ། ༡༦ དེ་ནས་ཡོ་ཨབ་གྲོང་ཁྱེར་དེའི་མཐའ་འཁོར་གྱི་བབས་རྒྱུན་ལ་ལྟར་ཕྱིན་ཏེ། དེས་གང་གནས་སུ་དམག་གི་སྐྱེ་བོ་ཡོད་པ་བརྟགས་པའི་གནས་ཤིག་ཏུ་ཨུ་རི་ཡཱ་བསྐོས་སོ། ༡༧ ཡང་གྲོང་ཁྱེར་གྱི་མི་རྣམས་ཐོན་པ་དང་། ཡོ་ཨབ་དང་འཐབ་ནས། དམག་དཔུང་དང་དཱ་བིད་ཀྱི་བྲན་རྣམས་ལས་མི་འགའ་ཞིག་སར་ལྷུང་སྟེ། དེ་དག་གི་ཁྲོད་དུ་ཧེད་པ་ཨུ་རི་ཡཱ་ཡང་ཤིའོ༎
༡༨ དེར་ཡོ་ཨབ་ཀྱིས་མི་བཏང་ཞིང་། དམག་གི་སྐད་ཆ་ཐམས་ཅད་དཱ་བིད་ལ་བསྲིངས་སོ། ༡༩ ཡང་བང་ཆེན་དེ་ལ་བཀའ་སྩལ་ཏེ་འདི་སྐད་དུ། ཁྱོད་ཀྱིས་རྒྱལ་པོ་ལ་དམག་གི་སྐད་ཆ་ཐམས་ཅད་བཤད་ཟིན་པའི་ཚེ་ན། ༢༠ ངེས་མེད་དུ་རྒྱལ་པོ་ཐུགས་ཁྲོས་ཤིང་ཁྱོད་ལ། ཅིའི་ཕྱིར་དུ་ཁྱོད་ཅག་འདི་གཟོད་གྲོང་ཁྱེར་ལ་བཅེར་བ་ཡིན། དེ་དག་གིས་ལྕགས་རི་ནས་མདའ་འཕེན་པའི་ཆ་མེད་པ་ཡིན་ནམ། ༢༡ ཡེ་རུབ་བེ་ཤེད་ཀྱི་བུ་ཨ་བི་མེ་ལེག་བསད་པ་དེ་སུ་ཡིན། བུད་མེད་ཅིག་གིས་ལྕགས་རི་ནས་ཁོའི་ཐོག་ཏུ་རང་འཐག་གི་གོང་རྡོ་བརྒྱབས་ནས། ཁོ་ཐེ་བེས་ཡུལ་དུ་མ་ཤིའམ། གྲོང་ཁྱེར་གྱི་ལྕགས་རིའི་གན་དུ་ཅིའི་ཕྱིར་སོང་བ་ཡིན། ཞེས་རྒྱལ་པོས་འདྲི་ན། ཁྱོད་ཀྱིས་ཁོང་ལ། ཁྱེད་ཀྱི་བྲན་པོ་ཧེད་པ་ཨུ་རི་ཡཱ་ཡང་ཚེ་ལས་འདས་སོ་ཞེས་ཞུ་བར་བྱོས་ཤིག
༢༢ ཅེས་ཟེར་བས། བང་ཆེན་སོང་སྟེ་བསླེབས་པ་དང་། དཱ་བིད་ལ། ཡོ་ཨབ་ཀྱིས་ལོན་ཇི་དང་ཇི་བསྐུར་པ་དེ་ཐམས་ཅད་བཤད་དོ། ༢༣ ཡང་བང་ཆེན་དེས་དཱ་བིད་ལ། མི་དེ་དག་བདག་ཅག་གི་ཐོག་ཏུ་དྲག་པོར་སོང་ནས། བདག་ཅག་གི་མདུན་དུ་ཐང་དུ་ཐོན་པ་ལས། བདག་ཅག་གིས་ནི་དེ་དག་རྒྱ་སྒོའི་འགག་གི་བར་དུ་དེད་དེ་སོང་སྟེ། ༢༤ མདའ་པས་ལྕགས་རིའི་སྟེང་ནས་ཁྱེད་ཀྱི་བྲན་རྣམས་ལ་མདའ་ཕངས་པས། རྒྱལ་པོའི་བྲན་འགའ་ཞིག་ཤི་སྟེ། ཁྱེད་ཀྱི་བྲན་པོ་ཧེད་པ་ཨུ་རི་ཡཱ་ཡང་བསད་དོ། ཞེས་ཞུས་ནས། ༢༥ དཱ་བིད་ཀྱིས་བང་ཆེན་དེ་ལ། སོང་ནས། ཡོ་ཨབ་ལ། རལ་གྲིས་འདི་གཅོད་པ་ལྟར། དེ་ཡང་གཅོད་པས་ན། བྱ་བ་དེའི་ཕྱིར་དུ་ཁྱེད་ཀྱི་སེམས་མི་བདེ་བར་མ་གྱུར་ཞིག གྲོང་ཁྱེར་གྱི་ཕྱོགས་སུ་ཁྱེད་ཀྱི་དམག་ལྷག་པར་རྒྱ་ཆེ་བར་བརྒྱབས་ནས། རློག་པར་བྱོས་ཤིག་དང་། དེས་ཁྱོད་ཀྱི་སེམས་གསོ་བར་གྱིས་ཤིག་ཅེས་ཟེར་ཞིག་སྨྲས་སོ༎