༡༢
དེ་ནས་ཡ་ཧོ་ཝཱས་ནཱ་ཐན་བྱ་བ་ནི་དཱ་བིད་ཀྱི་མདུན་དུ་མངགས་པ་དང་། དེའི་དྲུང་དུ་ཕྱིན་ནས་དེ་ལ། གྲོང་ཁྱེར་ཞིག་ན་མི་གཉིས་ཡོད་པ་ཡིན། གཅིག་ནི་ཕྱུག་པོ་དང་། གཞན་དེ་དབུལ་པོའོ།  མི་ཕྱུག་པོ་དེ་ལ་ལུག་ཁྱུ་དང་བ་ཁྱུ་ཤིན་ཏུ་མང་པོ་ཡོད་པ་ཡིན།  མི་དབུལ་པོ་ལ་མོ་ལུག་ཆུང་བ་གཅིག་ལས་གཞན་ཅིའང་མེད་པ་ཡིན། མོ་ལུག་དེ་ནི་ཉོས་ནས་བསོས་པ་དང་། རང་དང་རང་ཕྲུག་རྣམས་ཀྱི་མདུན་དུ་འཚར་བ་ཡིན། མོ་ལུག་དེས་ཁོ་མཉམ་བག་ལེབ་ལས་བཟའ་ཞིང་། ཕོར་པ་ལས་འཐུང་ཞིང་། དེའི་པང་པར་ཉལ་ཏོ། མི་དེའི་བུ་མོ་ལྟར་ཡོད་པ་ཡིན།  དེར་མི་ཕྱུག་པོའི་རྩར་བྱེས་པ་ཞིག་བསླེབས་ནས། ཁོས་རང་གི་རྩར་བསླེབས་པའི་བྱེས་པའི་དོན་དུ་མགྲོན་བྱེད་པར། རང་གི་ལུག་ཁྱུ་དང་། བ་ཁྱུ་ལས་གཏོང་བར་མི་དགའ་བས། མི་དབུལ་པོའི་མོ་ལུག་དེ་བཟུང་ནས། རང་གི་རྩར་བསླེབས་པའི་བྱེས་པའི་དོན་དུ་གཡོས་སོ།  ཞེས་སྨྲས་པས། དཱ་བིད་མི་དེ་ལ་རབ་ཏུ་ཁྲོས་ཤིང་། ནཱ་ཐན་ལ། ཡ་ཧོ་ཝཱ་གསོན་པོའི་བསྣམས་ཤིག དེ་ལྟ་བུའི་ལས་བྱས་པའི་མི་ནི་འཆི་བར་འོས།  དེ་མ་ཟད་དེ། སྙིང་རྗེ་ཅིའང་མེད་པར། འདི་ལྟ་བུའི་ལས་བྱས་པས། མོ་ལུག་དེ་བཞི་ལྡབ་ཟློག་པར་དགོས་ཤེས་བཀའ་སྩལ་ནས།
 ནཱ་ཐན་གྱིས་དཱ་བིད་ལ། མི་དེ་ནི་ཁྱོད་རང་ཡིན་ནོ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཁྱོད་ཨིས་ར་ཨེལ་གྱི་རྒྱལ་པོར་བྱུགས་ནས། ཤ་ཨུལ་གྱི་ལག་ནས་བསྒྲལ།  ངས་ཁྱོད་ལ་ཁྱོད་རང་གི་དཔོན་པོའི་ཁང་པ་དང་། དཔོན་པོའི་ཆུང་མ་རྣམས་ཁྱོད་ཀྱི་པང་དུ་གནང་སྟེ། ཨིས་ར་ཨེལ་དང་ཡ་ཧུ་དཱའི་ཁྱིམ་གཉིས་ཁྱོད་ལ་སྤྲད། ད་དུང་ཡང་དེ་ཐམས་ཅད་ཀྱིས་མི་ལྡང་ཚེ། ངས་ཁྱོད་ལ་ཆེ་གེ་མོ་དང་མ་གེ་མོ་ཡང་བསྣན་པ་ཡིན།  ཁྱོད་ཀྱིས་ཅིའི་ཕྱིར་ཡ་ཧོ་ཝཱའི་བཀའ་ཁྱད་དུ་སད་དེ། ཁོང་གི་སྤྱན་སྔར་ལས་ངན་སྤྱད་པ་ཡིན། ཁྱོད་ཀྱིས་ཧེད་པ་ཨུ་རི་ཡཱ་རལ་གྲིས་བསད་ནས། ཁོའི་ཆུང་མ་རང་གི་ཆུང་མར་བླངས། ཁྱོད་ཀྱིས་ཨམ་མོན་གྱི་བུ་རྣམས་ཀྱི་རལ་གྲིས་ཁོ་ནི་བསད་པ་ཡིན། ༡༠ དེའི་ཕྱིར་ཁྱོད་ཀྱི་ཁྱིམ་ལས་ཀྱང་རལ་གྲིའི་རྒྱུན་ཆད་པར་མི་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ཁོ་བོ་ཁྱད་དུ་སད་ཅིང་། ཧེད་པ་ཨུ་རི་ཡཱ་ཡི་ཆུང་མ་དེ་ཁྱོད་རང་གི་ཆུང་མར་བླངས་པའི་ཕྱིར་རོ། ༡༡ དེས་ན་ཡ་ཧོ་ཝཱས་འདི་ལྟར་གསུང་། ལྟོས། ངས་ཁྱོད་རང་གི་ཁང་པའི་ནང་ནས་ཁྱོད་ལ་བཀྲ་མི་ཤིས་ཤིག་སློང་བར་བྱའོ། ངས་ཁྱོད་རང་གི་ཆུང་མ་རྣམས་ཁྱོད་རང་གི་མིག་གི་མདུན་ནས་ཁྱེར་ཏེ། ཁྱོད་རང་གི་ཁྱིམ་མཚེས་པར་གནང་ནས། དེས་ནི་ཉི་མ་འདིའི་འོད་ལ་དེ་དག་དང་སྡོང་བར་འགྱུར་རོ། ༡༢ ཅི་ལ་ཞེ་ན། ཁྱོད་ཀྱིས་དེ་ནི་ཕག་ཏུ་བྱས་ཀྱི། ངས་ཨིས་ར་ཨེལ་ཡོངས་ཀྱི་མདུན་དུ་ཉི་མའི་འོད་ལ་དེ་བཞིན་བྱའོ་ཞེས་སྦྲན་པ་དང་། ༡༣ དཱ་བིད་ཀྱིས་ནཱ་ཐན་ལ། བདག་གིས་ཡ་ཧོ་ཝཱའི་སྤྱན་སྔར་ཉེས་སྡིག་བྱས་པ་ཡིན་ཞེས་ཞུས་ནས། ནཱ་ཐན་གྱིས་དཱ་བིད་ལ། ཡ་ཧོ་ཝཱས་ཀྱང་ཁྱོད་ཀྱི་ཉེས་སྡིག་བསལ་བས། ཁྱོད་མི་འཆི། ༡༤ འོན་ཀྱང་ཁྱོད་ཀྱིས་བྱས་པའི་ལས་དེའི་རྐྱེན་གྱིས་ཡ་ཧོ་ཝཱའི་དགྲ་རྣམས་ལ་ཁོང་གི་མཚན་ལ་སྐུར་པ་འདེབས་པའི་གླགས་བརྙེད་པས། ཁྱོད་ལ་བཙས་པའི་བུ་དེ་འཆི་བར་ངེས་སོ་ཞེས་བསྒོའོ། ༡༥ ནཱ་ཐན་རང་གི་ཁང་པར་བཞུད་ནས།
ཨུ་རི་ཡཱ་ཡི་ཆུང་མར་བཙས་པའི་དཱ་བིད་ཀྱི་བུ་དེ་ལ་ཡ་ཧོ་ཝཱས་བརྡེགས་པ་དང་། རབ་ཏུ་ན་བར་གྱུར་ཏོ། ༡༦ དཱ་བིད་ཀྱིས་བུ་དེའི་དོན་དུ་དཀོན་མཆོག་ལ་གསོལ་བ་འདེབས་ཤིང་། སྨྱུང་གནས་སུ་བསྡད་དེ། ནང་དུ་སོང་སྟེ། མཚན་གང་ས་རྗེན་གྱི་ཁར་ཉལ་བསྡད་དོ། ༡༧ དེར་ཁོང་གི་ནང་གི་ཡ་རབས་རྣམས་ལངས་པ་དང་། ཁོང་ནི་ས་ལས་སློང་དུ་འོངས་ཀྱང་། ཁོང་བཞེངས་སུ་མ་འདོད་པར། དེ་དག་དང་ལྷན་ཅིག་ཏུ་བག་ལེབ་ཀྱང་མ་ཟོས་སོ། ༡༨ ཞག་བདུན་པ་ལ་བུ་དེ་ཤིའོ། ཡང་དཱ་བིད་ཀྱི་བྲན་འཁོར་རྣམས་ཀྱིས་ཁོང་ལ། ཕྲུ་གུ་གྲོངས་སོ་ཞེས་ཞུ་བ་ལ་འཚབས་སོ། དེ་དག་གིས། ལྟོས་ཤིག ཕྲུ་གུ་དེ་ད་དུང་གསོན་པོར་ཡོད་པའི་ཚེ། ངེད་ཀྱིས་ཁོང་ལ་གཏམ་བྱས་རུང་། ཁོང་གིས་ངེད་ཀྱི་སྒྲ་ལ་མ་ཉན་ཏོ། ད་ངེད་ཀྱིས་ཁོང་ལ། བུ་གྲོངས་ཟིན་ནོ་ཞུ་ན། ཁོང་གིས་རང་གི་སྲོག་ལ་ཅི་བྱ་འོང་། ཞེས་གཏམ་བྱས་སོ། ༡༩ དཱ་བིད་ཀྱིས་རང་གི་འཁོར་གཡོག་རྣམས་ཀྱིས་ཕན་ཚུན་ཤུབ་པར་མཐོང་བས། དཱ་བིད་ཀྱིས་བུ་ཤི་ཟིན་པར་བརྟགས་ནས། དཱ་བིད་ཀྱིས་རང་གི་འཁོར་གཡོག་རྣམས་ལ། བུ་ཤི་ཟིན་ནམ་དྲིས་པ་ལ་དེ་དག་གིས། གྲོངས་ཟིན་ནོ་ཞེས་ཞུས་སོ། ༢༠ དེར་དཱ་བིད་ས་རྗེན་ལས་ལངས་པ་དང་། ཁྲུས་བྱས་ནས། སྤོས་ཆུས་བྱུགས་སོ། ན་བཟའ་སྤོས་ནས། ཡ་ཧོ་ཝཱའི་མཆོད་ཁང་དུ་ཕེབས་ཏེ། ཕྱག་ཕུལ་ཏོ། དེ་ནས་རང་གི་ཁྱིམ་དུ་གདན་འཁོར་ནས། ཁོང་གི་བཀའ་སྩལ་པ་བཞིན་དུ་དེ་དག་གིས་ཁོང་གི་དྲུང་དུ་བག་ལེབ་དྲངས་ནས། ཁོང་གིས་བཞེས་སོ། ༢༡ ཕྱག་ཕྱི་རྣམས་ཀྱིས་ཁོང་ལ། ཁྱེད་ཀྱི་མཛད་པ་དེ་ཅི་ལགས། བུ་གསོན་པོར་ཡོད་པའི་ཚེ། ཁྱེད་སྨྱུང་ཞིང་བུའི་ཕྱིར་བཤུམས། བུ་གྲོངས་ཟིན་པའི་ཚེ་ན། ཁྱེད་བཞེངས་ནས། བག་ལེབ་བཞེས་སོ། ༢༢ ཞེས་ཞུས་པའི་ལན་དུ་ཁོང་གིས། ཕྲུ་གུ་ལ་སྲོག་ཡོད་པའི་ཚེ། ང་སྨྱུང་ཞིང་ངུ་ཡིན་བསྡད་པ་ནི། ངས་ནི། ཡ་ཧོ་ཝཱས་བདག་ལ་ཐུགས་རྗེ་མཛད་དམ་མི་མཛད། ཕྲུ་གུའི་སྲོག་ལུས་སམ་མི་ལུས། སུས་སྨྲ་བར་ནུས་ཤེས་ངས་ལབ་པ་ཡིན་གྱི། ༢༣ ད་དེ་ནི་ཤི་ཟིན་པས། བདག་ཅིའི་དོན་དུ་སྨྱུང་བར་བྱ། ངས་ཁོ་ཟློག་པར་ནུས་སམ། ང་དེའི་རྩར་འགྲོ་རྒྱུ་སྟེ། དེ་ནི་ངའི་རྩར་མི་འོང་སྨྲས་པས།
༢༤ དཱ་བིད་ཀྱིས་རང་གི་ཆུང་མ་བད་ཤེ་བཱའི་སེམས་སོས་ནས། དེའི་རྩར་ནང་དུ་སོང་སྟེ། དེ་དང་མཉམ་ཉལ་ནས། བུད་མེད་དེ་ལ་ཡང་སྲས་ཤིག་བཙས་པ་དང་། དེའི་མིང་ཤ་ལོ་མོ་ཞེས་བཏགས་སོ། དེ་ནི་ཡ་ཧོ་ཝཱའི་གཅེས་པར་གྱུར་ཏོ། ༢༥ ལུང་སྟོན་པ་ནཱ་ཐན་གྱི་ཁའི་སྒོ་ནས་ལོན་སྤྲད་དེ། ཡ་ཧོ་ཝཱ་ལ་རག་ལས་ཤིང་། དེའི་མིང་ཡེ་དིད་ཡཱ་ཞེས་བཏགས་སོ༎
༢༦ དེ་ནས་ཡོ་ཨབ་ཀྱིས་ཨམ་མོན་གྱི་བུ་རྣམས་ཀྱི་གྲོང་ཁྱེར་རབ་བཱ་ལ་དམག་དྲངས་ནས། རྒྱལ་ས་དེ་བཟུང་ངོ་། ༢༧ ཡོ་ཨབ་ཀྱིས་དཱ་བིད་ཀྱི་དྲུང་དུ་བང་ཆེན་རྒྱུད་ནས་ཁོང་ལ། ངས་རབ་བཱ་ལ་དམག་བརྒྱབས་ཏེ། ཆུ་རྣམས་ཀྱི་རྒྱལ་ས་དེ་ནི་བཟུང་ཟིན་པས། ༢༨ ད་ལྟ་ཁྱེད་ཀྱིས་མི་ཕྱི་ལུས་ཐམས་ཅད་སྡུས་ཤིག་དང་། གྲོང་ཁྱེར་དེའི་མདུན་དུ་དམག་སྒར་ཕབ་ནས། དེ་ལེན་ཐབས་མཛོད་ཅིག དེ་མིན། གྲོང་ཁྱེར་དེ་ནི་ངས་འཛིན་ཚེ། ངའི་མིང་དེ་ལ་འདོགས་པར་འགྱུར་རོ་ཞེས་ཕྲིན་བསྐུར་པ་དང་། ༢༩ དཱ་བིད་ཀྱིས་འབངས་ཐམས་ཅད་བསྡུས་ཤིང་། རབ་བཱ་ལ་སོང་སྟེ། དེ་ལ་རྒོལ་ནས་རྣམ་པར་རྒྱལ་ཏོ། ༣༠ ཡུལ་དེའི་རྒྱལ་པོའི་མགོ་ལས་ཅོད་པན་ཕྲོག་སྟེ། དཱ་བིད་ཀྱི་དབུ་ལ་བསྐོན་ཏོ། རྡོ་བ་རིན་པོ་ཆེས་བརྒྱན་པའི་ཅོད་པན་དེའི་སྐར་ཁ་ནི་གསེར་གྱི་རྡོ་ཚད་གཅིག་ཡོད་པ་ཡིན། དཱ་བིད་ཀྱིས་གྲོང་ཁྱེར་དེ་ལས་བཅོམ་ནོར་དཔག་མེད་ཁྱེར་ཏོ། ༣༡ ཁོང་གིས་དེའི་ནང་ན་ཡོད་པའི་མི་རྣམས་ཕྱི་རུ་ཁྲིད་ནས། དེ་དག་སོག་ལེ་དང་། ལྕགས་ཀྱི་གསལ་ཤིང་དང་། འཁོར་ལོའི་ལྕགས་བེར་གྱི་འོག་ཏུ་བཅུག་པ་དང་། པག་བུ་སྲེག་སའི་དཀྱིལ་ནས་བསྲུལ་ཏོ། ཁོང་གིས་ཨམ་མོན་གྱི་བུ་རྣམས་ཀྱི་གྲོང་ཁྱེར་ཐམས་ཅད་ལ་དེ་བཞིན་དུ་བྱས་ནས། དཱ་བིད་དང་འབངས་ཐམས་ཅད་ནི་ཡེ་རུ་ཤ་ལེམ་དུ་གདན་འཁོར་ཏོ༎