༡༣
བྱ་བ་དེའི་འོག་ཏུ་དཱ་བིད་ཀྱི་བུ་ཨབ་ཤ་ལོམ་ལ་སྲིང་མོ་བྱད་མཛེས་མ་ཐ་མར་བྱ་བ་ཞིག་ཡོད་པ་ལས། དཱ་བིད་ཀྱི་བུ་ཨམ་ནོན་གྱི་སེམས་དེ་ལ་འཕྲེང་བར་གྱུར་པས།  ཨམ་ནོན་རང་གི་སྲིང་མོ་ཐ་མར་གྱི་དོན་དུ་རབ་ཏུ་སེམས་མི་བདེ་བར་སོང་སྟེ། ན་བར་གྱུར་ཏོ། དེ་ནི་ན་ཆུང་གཙང་མ་ཞིག་ཡིན་ཏེ། ཨམ་ནོན་གྱིས་དེ་ལ་ཐབས་གང་བྱེད་ཀྱང་། རང་གི་ཕྱིར་དཀའ་བ་མཐོང་བ་ཡིན།  ཨམ་ནོན་ལ་མཛའ་གྲོགས་ཤིག་ཡོད་དེ། མི་དེའི་མིང་ཡོ་ན་དབ་སྟེ། དེ་ནི་དཱ་བིད་ཀྱི་གཅེན་པོ་ཤི་མེ་ཨ་ཡི་བུ་ཡིན་ཏེ། ཡོ་ན་དབ་ནི་མི་ཤིན་ཏུ་བློ་གྲོས་ཅན་ཞིག་ཡིན་པས།  དེས་ཨམ་ནོན་ལ། ཁྱེད་རྒྱལ་སྲས་ལགས་བཞིན་ཞག་ལས་ཞག་རིད་དུ་འགྲོ་བ་དེ་ཅི་ཡིན། ཁྱེད་ཀྱིས་ང་ལ་འཆད་པར་མི་མཛད་དམ་ཞེས་ཞུས་པས། ཨམ་ནོན་གྱིས་དེ་ལ། ང་རང་གི་གཅེན་པོ་ཨབ་ཤ་ལོམ་གྱི་སྲིང་མོ་ཐ་མར་ལ་ངའི་སེམས་སོང་བར་གདའ་བྱས་ནས།  ཡོ་ན་དབ་ཀྱིས་དེ་ལ། ཁྱོད་མལ་སའི་ཁར་ཉལ་ཏེ། ན་རྫུན་རྒྱོབ་ཅིག་དང་། ཁྱོད་ཀྱི་ཡབ་ཁྱོད་ལ་གཟིགས་པར་འབྱོན་སྐབས་སུ། ཁྱོད་ཀྱིས་དེ་ལ། ངའི་སྲིང་མོ་ཐ་མར་འདིར་འོང་སྟེ། དེས་ང་ལ་བག་ལེབ་སྟེར་བ་དང་། ངའི་མཐོང་ས་རུ་བག་ལེབ་རྒྱབ་པར་གནོང་ཞིག རང་གིས་མཐོང་ནས། ངས་དེའི་ལག་པའི་ནང་ནས་ཟ་བར་བྱ་ཞེས་ཞུས་ཤིག་བསླབས་པས།  ཨམ་ནོན་ཉལ་ཏེ། ན་རྫུན་བརྒྱབས་པ་དང་། རྒྱལ་པོ་ཁོ་ལ་གཟིགས་པར་འབྱོན་པའི་ཚེ་ན། ཨམ་ནོན་གྱིས་རྒྱལ་པོ་ལ། ངའི་སྲིང་མོ་ཐ་མར་འདིར་འོང་བར་གནོང་ཞིག་དང་། དེས་ངའི་མཐོང་ས་རུ་ངའི་ཕྱིར་བག་ལེབ་གཅིག་གཉིས་རྒྱབ་ཅིང་། ངས་དེའི་ལག་པའི་ནང་ནས་ཟ་བར་བྱ་ཞེས་ཞུས་པས།
 དཱ་བིད་ཀྱིས་ཐ་མར་གྱི་ཁང་པར་མི་བཏང་སྟེ་དེ་ལ། ད་ལྟ་ཁྱོད་རང་གི་མིང་པོ་ཨམ་ནོན་གྱི་ཁང་པར་སོང་སྟེ། དེ་ལ་ཁ་ཟས་གཡོས་ཤིག་ཅེས་བསྒོ་བས།  ཐ་མར་རང་གི་མིང་པོ་ཨམ་ནོན་གྱི་ཁང་པར་ཕྱིན་ཏེ། ཁོ་མལ་སར་ཉལ། མོས་བག་ཕྱེ་བླངས་ཏེ། བརྫིས་ནས། ཁོའི་མཐོང་ས་རུ་བག་ལེབ་བརྒྱབས་ནས། ཟན་བཙོས་སོ།  དེ་ནས་དེ་དག་བླངས་ཏེ། སྡེར་མ་ཞིག་གི་ཁར་བཞག་པ་དང་། ཁོས་མ་ཟོས་སོ། དེར་ཨམ་ནོན་གྱིས། མི་ཐམས་ཅད་ངའི་མདུན་ལས་ཐོན་ཞིག་སྨྲས་པས། མི་ཐམས་ཅད་དེའི་མདུན་ལས་སོང་ངོ་། ༡༠ དེར་ཨམ་ནོན་གྱིས་ཐ་མར་ལ། ངས་ཁྱོད་ཀྱི་ལག་ལས་ཟ་བའི་ཕྱིར་ཁ་ཟས་ནང་དུ་ཁྱེར་ཤོག་སྨྲས་པས། ཐ་མར་གྱིས་རང་གིས་བྱས་པའི་བག་ལེབ་རྣམས་བླངས་ནས། ནང་དུ་རང་གི་མིང་པོ་ཨམ་ནོན་གྱི་མདུན་དུ་དྲངས་ཏེ། ༡༡ ཁོ་ལ་སྟེར་དུ་ཁ་ཟས་མདུན་དུ་བཞག་པའི་ཚེ་ན། ཁོས་མོ་ལ་འཇུས་ནས་དེ་ལ། ངའི་སྲིང་མོ། ང་མཉམ་ཉོལ་ཞིག་སྨྲས་ཀྱང་། ༡༢ མོས་ལན་དུ། མི་ཉལ། ཀྱེ་ངའི་མིང་པོ། བདག་གི་ངོ་ལོ་འཆར་དུ་མ་ཆུག ཨིས་ར་ཨེལ་གྱི་ནང་ན་དེ་ལྟ་བུའི་ལས་བྱེད་པར་མི་རུང་། ཁྱོད་ཀྱིས་དེ་ལྟ་བུའི་གླེན་པའི་ལས་མ་བྱེད་ཅིག ༡༣ ཡང་ངས་རང་གི་ངོ་ཚ་འབུད་དུ་ཅི་ཞིག་བྱ། ཁྱོད་ཨིས་ར་ཨེལ་གྱི་མི་སྐྱོན་རྣམས་ཀྱི་གྲལ་དུ་སླེབ་པར་འགྱུར། དེ་བས་ན་ད་ལྟ་ཁྱོད་ཀྱིས་རྒྱལ་པོ་ལ་ཞུས་ཤིག་དང་། ཁོང་གིས་ང་ཁྱོད་ལས་འགེགས་པར་མི་འགྱུར་ཞེས་སྨྲས་ཀྱང་། ༡༤ ཁོས་དེའི་གཏམ་ལ་མ་ཉན་པར། མོ་ལས་རེམ་པ་ཡིན་པས། དབང་གིས་དེ་དང་མཉམ་དུ་ཉལ་ཏོ༎
༡༥ དེ་ནས་ཨམ་ནོན་གྱིས་མོ་ལ་ཤིན་ཏུ་སྡང་སྟེ། སྔར་དེ་ལ་འཕྲེང་བའི་གདུང་བ་ལས་ཀྱང་དེ་ལ་ལྷག་པར་འཁོན་བྱས་ཤིང་། ཨམ་ནོན་གྱིས་མོ་ལ། ལོངས། ཕར་སོང་སྨྲས་པས། ༡༦ མོས་དེ་ལ། ཁྱོད་ཀྱིས་ང་འདོན་པའི་ཉེས་པ་འདི་ནི། ད་ཅི་ཁྱོད་ཀྱིས་ང་ལ་བྱས་པའི་ཉེས་པ་བས་ཀྱང་ཆེའོ། ཞེས་སྨྲས་ཀྱང་། ཁོས་བུ་མོའི་ཚིག་ལ་རྣ་བ་གཏོད་སྙིང་མ་འགྲོ་བར། ༡༧ རང་གི་ཞབས་ཕྱི་བྱེད་པའི་གཡོག་པོ་ལ་བོས་ནས་དེ་ལ། བུད་མེད་འདི་ངའི་ཁྱིམ་ལས་བཏོན་ཏེ། དེའི་རྒྱབ་ནས་སྒོའི་སྐོར་རྒྱག་རྒྱོབ་ཅིག་བསྒོའོ། ༡༨ མོས་ཚོས་སྣ་ཚོགས་ཡོད་པའི་གོས་གོན་ནས་ཡོད་པ་ཡིན། གང་ལ་ཞེ་ན། རྒྱལ་པོའི་སྲས་མོ་ན་ཆུང་མ་ཡིན་པ་ཐམས་ཅད་ཀྱིས་དེ་ལྟ་བུའི་གོས་གོན་པ་ཡིན། གཡོག་པོས་བུ་མོ་བཏོན་པའི་རྒྱབ་ནས་སྒོའི་སྐོར་རྒྱག་བརྒྱབས་སོ། ༡༩ དེར་ཐ་མར་གྱིས་རང་གི་མགོ་ལ་གོག་ཐལ་གོན་ནས། མོས་གོན་ཡོད་པའི་ཚོས་སྣ་ཚོགས་ཀྱི་གོས་དེ་བཤགས་ཏེ། མགོ་ལ་ལག་པ་བཀལ་ནས། ངུ་ཞིང་སོང་བ་དང་།
༢༠ མིང་པོ་ཨབ་ཤ་ལོམ་གྱིས་མོ་ལ། ཁྱོད་ཀྱི་མིང་པོ་ཨམ་ནོན་གྱིས་ཁྱོད་དང་སྡོངས་སམ། ངའི་སྲིང་མོ། ད་ཁ་རོག་སྡོད། ཁོ་ཁྱོད་ཀྱི་མིང་པོ་ཡིན་པས། སྙིང་དུ་མ་ཁུར་ཞིག སྨྲས་ཀྱང་། ཐ་མར་ནི་རང་གི་མིང་པོ་ཨབ་ཤ་ལོམ་གྱི་ཁང་པར་སེམས་ཁོང་དུ་ཚུད་ནས་བསྡད་དོ༎
༢༡ རྒྱལ་པོ་དཱ་བིད་ཀྱིས་བྱ་བ་དེ་ཐམས་ཅད་ཐོས་པ་ཙམ་གྱིས། རབ་ཏུ་ཐུགས་ཁྲོས་པར་གྱུར་ཏོ། ༢༢ ཨབ་ཤ་ལོམ་གྱིས་ཨམ་ནོན་ལ་གཏམ་བཟང་ངན་གང་ཡང་མ་ལབ་བོ། དེ་ཅིའི་ཕྱིར་ཞེ་ན། དེས་ཁོའི་སྲིང་མོ་ཐ་མར་ལ་ངོ་ཚ་རུ་བཅུག་པས། ཨབ་ཤ་ལོམ་གྱིས་ཨམ་ནོན་ལ་འཁོན་དུ་བཟུང་ངོ་༎
༢༣ དེ་ནས་ལོ་ཧྲིལ་པོ་གཉིས་ཀྱི་འོག་ཏུ། ཨབ་ཤ་ལོམ་གྱིས་ཨེབ་ར་ཨིམ་གྱི་ཉེ་འདབ་ཏུ་བ་ཨཱལ་ཧ་ཙོར་ཡུལ་ན་ལུ་གུའི་བལ་འབྲེག་པས། ཨབ་ཤ་ལོམ་གྱིས་རྒྱལ་སྲས་ཐམས་ཅད་ནི་དེ་རུ་མགྲོན་དུ་བོས་སོ། ༢༤ ཡང་ཨབ་ཤ་ལོམ་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་ཁོང་ལ། སྐུ་ཞབས་ཀྱི་བྲན་པོའི་རྩར་བལ་འབྲེག་པ་རྣམས་ཡོད་པས། རྒྱལ་པོ་འཁོར་དང་བཅས་པ་ཉིད་ཀྱི་བྲན་པོ་མཉམ་ཕེབས་ཤིག་ཅེས་ཞུས་ཀྱང་། ༢༥ རྒྱལ་པོས་ཨབ་ཤ་ལོམ་ལ། མི་འགྲོ། ངའི་བུ། ཁྱོད་ལ་འཚེགས་མི་འགྲོ་བའི་ཕྱིར། ད་རེས་ང་མི་འགྲོ། ཞེས་སྨྲས་ཀྱང་། དེས་ཁོང་ལ་ཨུ་ཚུགས་བཏང་ཡང་། ཁོང་འགྲོ་རུ་མ་དགའ་བར། དེ་ལ་བྱིན་རླབས་མཛད་དོ། ༢༦ དེ་ནས་ཨབ་ཤ་ལོམ་གྱིས། གལ་ཏེ་ཁྱེད་མ་ཕེབས་ན། ངའི་ནུ་བོ་ཨམ་ནོན་ང་དང་བཅས་སུ་འགྲོ་བར་གནོང་ཞིག་ཅེས་ཞུས་པའི་ལན་དུ་རྒྱལ་པོས། ཅིའི་སླད་དུ་ཁོ་ཁྱོད་དང་མཉམ་འགྲོ་བར་དགོས་གསུངས་པས། ༢༧ ཨབ་ཤ་ལོམ་གྱིས་ཁོང་ལ་ཨུ་ཚུགས་བཏང་བས། ཁོང་གིས་ཨམ་ནོན་དང་རྒྱལ་སྲས་ཐམས་ཅད་ཁོ་དང་མཉམ་འགྲོ་བའི་དགོངས་པ་གནང་ངོ་༎
༢༨ དེ་ནས་ཨབ་ཤ་ལོམ་གྱིས་རང་གི་གཡོག་པོ་རྣམས་ལ། ད་ལྟོས་ཤིག ཨམ་ནོན་གྱི་སྙིང་རྒུན་ཆང་གིས་བདེ་བའི་དུས་སུ་ངས་ཁྱོད་ཅག་ལ། ཨམ་ནོན་ལ་རྡུང་ཞིག་ཅེས་སྨྲ་བ་ཙམ་གྱིས། ཁྱོད་ཅག་གིས་ཨམ་ནོན་གསོད་ཅིག མ་འཇིགས་ཤིག ངས་ཁྱོད་ཅག་ལ་བཀའ་མ་བཏང་ངམ། དེ་བས་ན་སྙིང་སྟོབས་ཅན་དང་ཁྱོ་ག་བྱོས་ཤིག་ཅེས་བསྐུལ་ནས། ༢༩ ཨབ་ཤ་ལོམ་གྱི་གཡོག་པོ་རྣམས་ཀྱིས་ཨམ་ནོན་ལ་ཨབ་ཤ་ལོམ་གྱི་བསྒོ་བ་བཞིན་དུ་བྱས་པས། རྒྱལ་སྲས་ཐམས་ཅད་ལངས་ནས། རེ་རང་གི་དྲེའུ་ལ་ཞོན་ཏེ་བྲོས་སོ༎
༣༠ དེ་ནས་དེ་དག་ད་དུང་ལམ་བར་ན་ཡོད་སྐབས་སུ། ཨབ་ཤ་ལོམ་གྱིས་རྒྱལ་སྲས་ཐམས་ཅད་བསད་ནས་གཅིག་ཀྱང་མ་ལུས་སོ་ཞེས་པའི་ལོན་དཱ་བིད་ལ་བསླེབས་སོ། ༣༡ རྒྱལ་པོ་ཧར་གྱིས་བཞེངས་ཤིང་། ན་བཟའ་བཤགས་པ་དང་། ས་རྗེན་གྱི་ཁར་བཞུགས་སོ། ཁོང་གི་བྲན་འཁོར་ཐམས་ཅད་ཀྱིས་ཀྱང་ལུས་གོས་བཤགས་ནས། ཁོང་གི་དྲུང་དུ་འཁོད་དོ། ༣༢ དེ་ནས་དཱ་བིད་ཀྱི་གཅེན་པོ་ཤི་མེ་ཨ་ཡི་བུ་ཡོ་ན་དབ་ཀྱིས། ཀྱེ་ཇོ་བོ། དེ་དག་གིས་རྒྱལ་སྲས་དར་ལ་བབ་པ་ཐམས་ཅད་བཀུམ་མོ་ཞེས་ཐུགས་སུ་མ་དགོངས་ཤིག ཨམ་ནོན་འབའ་ཞིག་བཀུམ་པ་ལགས། དེ་ཅིའི་ཕྱིར་ཞེ་ན། ཁོས་རང་གི་སྲིང་མོ་ཐ་མར་ལ་ཁྲེལ་བ་བསྟན་པའི་ཉིན་མོ་ཚུན་ཆད། ཨབ་ཤ་ལོམ་གྱིས་བྱ་བ་འདི་སྙིང་ནང་ཁུར་ཡོད་པའི་ཕྱིར་རོ། ༣༣ དེའི་ཕྱིར་བདག་གི་ཇོ་བོ་རྒྱལ་པོའི་ཐུགས་སུ། རྒྱལ་སྲས་ཐམས་ཅད་བཀུམ་པ་ལགས། ཞེས་ཐུགས་བསམ་མ་བཞེས་ཤིག ཨམ་ནོན་གཅིག་འབའ་ཞིག་བཀུམ་མོ་ཞེས་ཞུས་སོ༎
༣༤ ཨབ་ཤ་ལོམ་ནི་བྲོས་སོང་ངོ་། དེ་ནས་སོ་པར་ཡོད་པའི་ཁྱེའུས་མིག་བཏེག་ཅིང་བལྟས་པ་དང་། ཁོའི་རྒྱབ་ལས་རིའི་ཕྲེད་ལམ་ནས་མི་དུ་མ་ཞིག་འོང་བར་མཐོང་ངོ་། ༣༥ དེར་ཡོ་ན་དབ་ཀྱིས་རྒྱལ་པོ་ལ། ཁྱེད་ཀྱི་བྲན་པོས་ཞུས་པ་དེ་ཀ་བཞིན་གཟིགས་ཤིག རྒྱལ་སྲས་རྣམས་འབྱོན་ནོ། ༣༦ ཞེས་པའི་གཏམ་ཞུ་འཕྲོ་མ་ཟིན་པའི་ཚེ་ན། ལྟོས་ཤིག རྒྱལ་སྲས་རྣམས་བསླེབས་པ་དང་། དེ་དག་གིས་སྐད་ཆེན་པོས་བཤུམས་སོ། རྒྱལ་པོས་ཀྱང་འཁོར་དང་བཅས་པས་ངུ་སྐད་ཤིན་ཏུ་ཆེ་བ་བཏོན་ཏོ༎
༣༧ ཨབ་ཤ་ལོམ་ནི་བྲོས་ནས། གེ་ཤུར་གྱི་རྒྱལ་པོ་ཨམ་མི་ཧུད་ཀྱི་སྲས་ཏལ་མཱ་ཨི་བྱ་བའི་དྲུང་དུ་ཕྱིན་ཏོ། དཱ་བིད་ཀྱིས་ཉིན་རེ་བཞིན་དུ་ཉིད་ཀྱི་སྲས་ཀྱི་ཕྱིར་ཐུགས་འཁྲུགས་བྱས་སོ། ༣༨ ཨབ་ཤ་ལོམ་བྲོས་པ་དང་། གེ་ཤུར་དུ་ཕྱིན་ནས། དེ་རུ་ལོ་གསུམ་གྱི་བར་དུ་བསྡད་དོ། ༣༩ ཡང་རྒྱལ་པོ་དཱ་བིད་་ཨབ་ཤ་ལོམ་དང་ཐུག་པའི་ཕྱིར་གདུང་བ་སྐྱེས་སོ། དེ་ཅིའི་ཕྱིར་ཞེ་ན། ཨམ་ནོན་གྲོངས་ཟིན་པས། ཁོང་ལ་ཐུགས་རུས་བརྙེད་ཟིན་པའི་ཕྱིར་རོ༎