༡༤
དེའང་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་ཀྱིས། རྒྱལ་པོའི་སྙིང་གིས་ཨབ་ཤ་ལོམ་སེམས་པ་བརྟགས་ནས། ༢ ཡོ་ཨབ་ཀྱིས་ཏེ་ཀོ་ཨ་ལ་མི་བཏང་བ་དང་། དེ་ནས་བུད་མེད་མཁས་པ་ཞིག་བོས་ནས་དེ་ལ། ད་ལྟ་ཁྱོད་ཀྱིས་སྡུག་ལྷུང་ཁུལ་བྱས་ཏེ། སྡུག་གོས་གྱོན་ལ། རང་ལ་སྣུམ་མ་སྐུད་པར། དུས་ཡུན་རིང་ཞིག་ནས་མི་ཤི་བའི་དོན་དུ་འཚེར་བའི་བུད་མེད་ལྟ་བུར་བྱས་ཏེ། ༣ རྒྱལ་པོའི་དྲུང་དུ་འོང་སྟེ། ཁོང་ལ་ཚིག་འདི་བཞིན་ཞུ་བར་དགོས་ཤེས་སྨྲས་ནས། ཡོ་ཨབ་ཀྱིས་བུད་མེད་ཀྱི་ཁའི་ནང་དུ་གཏམ་ཐམས་ཅད་བཅུག་གོ།༤ དེ་ནས་ཏེ་ཀོ་ཨ་མ་དེས་རྒྱལ་པོ་ལ་གཏམ་ཞུ་བའི་དུས་སུ། ཁ་འབུབ་ཏུ་ས་ལ་བཏུད་ནས། ཕྱག་འཚལ་བར་ཙམ་གྱིས། རྒྱལ་པོ་མཁྱེན། སྐྱབས་མཛོད་ཅིག་ཅེས་ཞུས་སོ། ༥ རྒྱལ་པོས་དེ་ལ། ཁྱོད་ལ་ཅི་སོང་། དྲིས་པའི་ལན་དུ་མོ་ན་རེ། བདག་ནི་བུད་མེད་མོ་རང་མོ་ཞིག་ཡིན། བདག་གི་ཁྱོ་ཤི་ནས་མེད། ༦ སྐུ་ཉིད་ཀྱི་བྲན་མོ་ལ་བུ་གཉིས་ཡོད་པ་ལ། དེ་གཉིས་པོ་ཐང་ལ་འཛིང་བ་ལས། དེར་བར་འབྱེད་པ་གང་ཡང་མེད་པས། གཅིག་དེས་གཞན་དེ་ལ་བརྡུངས་ཏེ་བསད་དོ། ༧ ད་གཟིགས་ཤིག ནང་མི་ཐམས་ཅད་ཁྱེད་ཀྱི་བྲན་མོའི་དགྲར་ལངས་ནས། དེ་དག་གིས། གང་གིས་རང་གི་སྤུན་ཟླ་བསད་མཁན་དེ་ང་རྣམས་ཀྱི་ལག་ཏུ་ཐོད་ཅིག ཤི་བའི་སྤུན་གྱི་སྲོག་ལན་དུ་ང་རྣམས་ཀྱིས་ཁོ་བསད་ནས་ཕ་ཤུལ་འཛིན་མཁན་མེད་པར་བྱའོ་ཞེས་སྨྲས་སོ། དེ་ལྟར་དེ་དག་གིས་བདག་ལ་ལུས་པའི་མེ་སྟག་དེ་ཡང་གསོད་ཅིང་། ས་གཞི་ངོས་སུ་བདག་གི་ཁྱོའི་མིང་ངམ་ཕྱི་ལུས་གང་ཡང་མི་ལུས་པའི་ཕྱིར་དེ་བཞིན་བྱེད་དོ་ཞེས་ཞུས་པ་དང་། ༨ རྒྱལ་པོས་བུད་མེད་ལ། ད་ལྟ་རང་གི་ཁང་པར་སོང་ཞིག ངས་ཁྱོད་ཀྱི་དོན་དུ་བཀའ་གནང་བར་བྱ་ཞེས་སྨྲས་ནས། ༩ ཏེ་ཀོ་ཨ་མས་རྒྱལ་པོ་ལ། བདག་གི་ཇོ་བོ་རྒྱལ་པོ་ལགས། ཉེས་སྡིག་ཐམས་ཅད་བདག་དང་བདག་གི་ཕ་བརྒྱུད་ལ་བབ་པར་ཤོག་ཅིག རྒྱལ་པོ་དང་རྒྱལ་ཁྲི་གཉིས་པོར་སྐྱོན་མེད་པར་ཤོག་ཅིག་ཅེས་ཞུས་པ་དང་། ༡༠ རྒྱལ་པོས་དེ་ལ། སུས་ཁྱོད་ལ་ཅི་དང་ཅི་སྨྲས་པ་དེ་ངའི་མདུན་དུ་ཁྲིད་ཤོག སླར་དེས་ཁྱོད་ལ་རེག་པར་མི་བྱའོ་ཞེས་སྨྲས་སོ། ༡༡ དེ་ནས་བུད་མེད་ཀྱིས། རྒྱལ་པོས་ཉིད་ཀྱི་དཀོན་མཆོག་ཐུགས་སུ་དྲན་པར་མཛོད། བདག་གི་བུ་གསོད་པའི་དོན་དུ་སྲོག་ལན་ལེན་མཁན་རྣམས་ཁེགས་པར་མཛོད་ཅིག་ཞུས་པས། ཁོང་གིས། གསོན་པོའི་ཡ་ཧོ་ཝཱས་བསྣམས་ཤིག ཁྱོད་ཀྱི་བུའི་སྐྲ་ཉག་གཅིག་ཀྱང་ས་རུ་འབུད་པར་མི་འགྱུར་རོ་ཞེས་སྨྲས་སོ། ༡༢ དེར་བུད་མེད་ཀྱིས། བདག་གི་ཇོ་བོ་རྒྱལ་པོའི་དྲུང་དུ་ཁྱེད་ཀྱི་བྲན་མོས་ཡང་ཚིག་གཅིག་ཞུ་བར་གནོང་ཞིག་ཅེས་ཞུས་ནས། རྒྱལ་པོས་སྨྲོས་ཤིག་གསུངས་ནས། ༡༣ བུད་མེད་ཀྱིས། ཁྱེད་ཀྱིས་དཀོན་མཆོག་གི་མི་བརྒྱུད་ཀྱི་དོན་དུ་དེ་ལྟ་བུའི་ཐུགས་བསམ་ཅིའི་ཕྱིར་བཞེས་པ་ཡིན། རྒྱལ་པོ་ལགས། ཁྱེད་ཀྱིས་འདི་ལྟར་གསུང་བ་བཞིན་དུ། རྒྱལ་པོ་ཉིད་ཀྱིས་སྤྱུགས་པ་དེ་ནི་སླར་སྐུ་དྲུང་དུ་མི་འབོད་པའི་ངང་ནས་འགལ་བ་དང་འདྲའོ། ༡༤ ངེད་ཐམས་ཅད་འཆི་བ་ནི་ངེས་ཏེ། ངེད་ཐམས་ཅད་ས་རུ་གཡོགས་པའི་ཆུ། སླར་སྡུད་མི་ཐུབ་པ་དང་འདྲའོ། དཀོན་མཆོག་གིས་སྲོག་གཅོད་པར་མི་མཛད། སྤྱུགས་པ་ནི་ཁོང་གི་དྲུང་ནས་མི་སྐྲོད་པའི་དོན་དུ་ཐབས་མཛད་དོ། ༡༥ མི་རྣམས་ཀྱིས་བདག་འཇིགས་སུ་བཅུག་ནས། བདག་ནི་བདག་གི་ཇོ་བོ་རྒྱལ་པོའི་ཞལ་ངོར་གཏམ་འདི་ཞུ་རྒྱུར་འོངས་པ་ཡིན། ཁྱེད་ཀྱི་བྲན་མོས། ད་བདག་གིས་རྒྱལ་པོ་ལ་གསོལ་བར་བྱ། རྒྱལ་པོས་ཉིད་ཀྱི་བྲན་མོའི་ཞུ་བ་བཞིན་དུ་མཛད་པའི་རེ་བ་ཡོད་ཅེས་སྨྲས་པ་ཡིན། ༡༦ རྒྱལ་པོས་གསན་ཏེ། སྐུ་ཉིད་ཀྱི་བྲན་མོ་ནི་བདག་རང་དང་བདག་གི་བུ་བཅས་གསོད་པར་འདོད་པ་དང་། དཀོན་མཆོག་གི་ནོར་སྐལ་གྱི་ནང་ནས་སྐྲོད་པའི་མི་རྣམས་ཀྱི་ལག་པ་ལས་སྐྱོབ་པར་བྱའོ། ༡༧ དེ་ནས་ཁྱེད་ཀྱི་བྲན་མོས། བདག་གི་ཇོ་བོ་རྒྱལ་པོའི་གསུང་ནི་སེམས་གསོ་ཅན་ཞིག་ཡོད་པར་གྱུར་ཅིག་ཅེས་ཞུས་པ་ཡིན། གང་ལ་ཞེ་ན། རྒྱལ་པོ་ནི་བཟང་ངན་གཉིས་ཀྱི་ཤན་འབྱེད་དུ། དཀོན་མཆོག་གི་ཕོ་ཉ་དང་འདྲ་བ་ལགས། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ནི་ཁྱེད་དང་འགྲོགས་པར་ཤོག་ཅིག་ཅེས་ཞུས་པའི་ལན་དུ། ༡༨ རྒྱལ་པོས་བུད་མེད་དེ་ལ། ངས་ཁྱོད་ལ་ཅི་འདྲི་ན་ཡང་། ང་ལས་མ་སྦ་ཞིག་ཅེས་བསྐུལ་བས། བུད་མེད་ཀྱིས་ད་བདག་གི་ཇོ་བོ་རྒྱལ་པོས་གསུང་བར་མཛོད་ཅིག་ཅེས་ཞུས་ནས། ༡༩ རྒྱལ་པོས། བྱ་བ་འདི་ཐམས་ཅད་ཀྱི་ནང་ན་ཡོ་ཨབ་ཀྱི་ལག་པ་ཁྱོད་མཉམ་མེད་དམ། ཞེས་དྲིས་པའི་ལན་དུ་བུད་མེད་ཀྱིས། ཀྱེ་བདག་གི་ཇོ་བོ་རྒྱལ་པོ། ཁྱེད་ཀྱི་སྐུ་སྲོག་གི་གཤའ་བདག་གི་ཇོ་བོ་རྒྱལ་པོས་གནང་བའི་གསུང་ལས་མི་གང་ཡང་གཡས་གཡོན་དུ་འབྱོལ་བར་མི་ནུས་པས། ཁྱེད་ཀྱི་བྲན་པོ་ཡོ་ཨབ་ཀྱིས་བདག་ལ་བཀའ་བསྒོ་ཞིང་། ཚིག་འདི་ཐམས་ཅད་ཁྱེད་ཀྱི་བྲན་མོའི་ཁའི་ནང་དུ་བཅུག་པ་ཡིན། ༢༠ ཁྱེད་ཀྱི་བྲན་པོ་ཡོ་ཨབ་ཀྱིས་འདི་ལྟ་བུའི་བྱ་བ་འབྱུང་བའི་དོན་དུ་དེ་ལྟར་བྱས་སོ། ཇི་ལྟར་དཀོན་མཆོག་གི་ཕོ་ཉ་ཞིག་གི་ཤེས་རབ་ཡོད་པ། དེ་ལྟར་བདག་གི་ཇོ་བོ་ལ་ཡང་ས་གཞི་རུ་བྱ་བ་ཐམས་ཅད་མཁྱེན་པར་ཤེས་རབ་དང་ལྡན་པ་ལགས་སོ་ཞེས་ཞུས་སོ༎
༢༡ དེར་རྒྱལ་པོས་ཡོ་ཨབ་ལ། ད་ལྟོས་ཤིག ངས་དེ་བཞིན་དུ་གནང་བས། སོང་ལ། ཨབ་ཤ་ལོམ་འདི་རུ་ཁྲིད་ཤོག་བསྒོ་བ་དང་། ༢༢ ཡོ་ཨབ་ཀྱིས་ས་ལ་ཁ་འབུབ་ཏུ་ཕྱག་བཙལ་ཏེ། རྒྱལ་པོ་ལ་ཤིས་པར་བརྗོད་དོ། ཡང་ཡོ་ཨབ་ཀྱིས། ཀྱེ་བདག་གི་ཇོ་བོ་རྒྱལ་པོ། དེ་རིང་ཁྱེད་ཀྱི་བྲན་པོ་ལ་ཁྱེད་ཀྱི་སྤྱན་སྔར་ཐུགས་རྗེ་བརྙེད་པ་མཐོང་བ་ཡིན། རྒྱལ་པོས་ཉིད་ཀྱི་བྲན་པོའི་ཞུ་གསོལ་བཞིན་དུ་བསྒྲུབས་པས་སོ་ཞེས་ཞུས་ནས། ༢༣ ཡོ་ཨབ་ལངས་ནས། གེ་ཤུར་དུ་སོང་སྟེ། ཨབ་ཤ་ལོམ་་ཡེ་རུ་ཤ་ལེམ་དུ་དྲངས་ཀྱང་། ༢༤ རྒྱལ་པོས། ཁོ་ནི་རང་གི་ཁང་པར་སོང་ཞིག་དང་། ངའི་གདོང་མཐོང་བའི་མི་རིགས་སོ། ཞེས་བཀའ་སྩལ་བས། ཨབ་ཤ་ལོམ་རང་གི་ཁང་པར་སོང་ནས། རྒྱལ་པོའི་ཞལ་མཇལ་བར་མ་གྱུར་ཏོ༎
༢༥ ཨིས་ར་ཨེལ་ཐམས་ཅད་ཀྱི་ཁྲོད་དུ་ཨབ་ཤ་ལོམ་དང་འདྲ་བའི་བྱད་ལེགས་པ། སྟོད་དུ་རུང་བའི་མི་གཅིག་ཀྱང་མེད་པ་ཡིན། དེའི་རྐང་མཐིལ་ནས་སྤྱི་བོའི་བར་དུ་སྐྱོན་གང་ཡང་མེད་པ་ཡིན། ༢༦ ཁོས་རང་གི་མགོ་ཡི་སྐྲ་ལོ་འབྲེག་སྐབས་སུ། དེའི་སྐྲ་ཡི་ལྕིད་རྒྱལ་པོའི་སྐར་ཚད་བཞིན་དུ་ཤེ་ཀེལ་ཉིས་བརྒྱ་འཐོན་ནོ། དེའི་སྐྲ་ལོའི་ལྕིད་ཆེ་བར་གྱུར་བས། ཁོས་ལོ་རེའི་མཇུག་ཏུ་སྐྲ་འབྲེགས་སོ། ༢༧ ཨབ་ཤ་ལོམ་ལ་བུ་གསུམ་དང་བུ་མོ་གཅིག་སྐྱེས་པ་ལས། བུ་མོའི་མིང་ཐ་མར་ཞེས་བཏགས་སོ། བུད་མེད་དེ་ནི་བཞིན་ལེགས་མ་ཞིག་ཡོད་པ་ཡིན།
༢༨ ཨབ་ཤ་ལོམ་ལོ་ཧྲིལ་པོ་གཉིས་ཡེ་རུ་ཤ་ལེམ་དུ་གནས་ཀྱང་། རྒྱལ་པོའི་ཞལ་མ་མཇལ་ལོ། ༢༩ དེ་ནས་ཨབ་ཤ་ལོམ་གྱིས་ཡོ་ཨབ་རྒྱལ་པོའི་དྲུང་དུ་གཏོང་བར་བོས་ཀྱང་། ཁོ་དེའི་རྩར་འོང་སྙིང་མ་འགྲོའོ། ཐེང་གཉིས་པར་འབོད་དུ་བཏངས་ཀྱང་། འོང་སྙིང་མ་འགྲོའོ། ༣༠ དེའི་ཕྱིར་ཁོས་རང་གི་གཡོག་པོ་རྣམས་ལ། ལྟོས་ཤིག ཡོ་ཨབ་ཀྱི་ཞིང་ངའི་ཞིང་གི་ལྡན་ན་ཡོད་དེ། དེ་རུ་ནས་བཏབ་ཡོད་པས། སོང་ལ། དེ་ནི་མེས་སྲེག་པར་བྱོས་ཤིག་ཅེས་བཀའ་བཀོད་པ་དང་། ཨབ་ཤ་ལོམ་གྱི་གཡོག་པོ་རྣམས་ཀྱིས་ཞིང་དེ་ལ་མེ་བདུགས་སོ༎
༣༡ དེར་ཡོ་ཨབ་ལངས་པ་དང་། ཨབ་ཤ་ལོམ་གྱི་ཁྱིམ་དུ་འོངས་ནས་དེ་ལ། ཁྱེད་ཀྱི་གཡོག་པོ་རྣམས་ཀྱིས་ཅིའི་ཕྱིར་ངའི་ཞིང་བསྲེགས་པ་ཡིན། ཅེས་པའི་ལན་དུ། ༣༢ ཨབ་ཤ་ལོམ་གྱིས་ཡོ་ཨབ་ལ། ལྟོས། ངས་ཁྱོད་ལ། འདི་རུ་ཤོག་བྱས་ནས་མི་བཏང་བ་ནི། ངས་ཁྱོད་རྒྱལ་པོའི་དྲུང་དུ་མངགས་ཤིང་ཁོང་ལ། བདག་གེ་ཤུར་ནས་ཅི་ལ་འོངས། བདག་དེ་རུ་ད་ཐུག་གནས་པ་ལྷག་པར་ལེགས་པ་ཡོད་པ་ཡིན་ཞེས་ཞུ་བའི་ཕྱིར་ཡིན། ད་བདག་ལ་རྒྱལ་པོའི་ཞལ་མཇལ་དུ་གནོང་ཞིག ཅི་སྟེ་བདག་གི་ནང་ན་སྐྱོན་ཡོད་ན། ཁོང་གིས་བདག་སྲོག་དང་འཕྲལ་བར་རུང་ངོ་ཟེར་པས། ༣༣ ཡོ་ཨབ་རྒྱལ་པོའི་དྲུང་དུ་ཕྱིན་ནས། ཁོང་ལ་ཞུས་ནས། དེས་ཨབ་ཤ་ལོམ་བོས་པ་དང་། དེ་ནི་རྒྱལ་པོའི་དྲུང་དུ་འོངས་ནས། ས་ལ་ཁ་འབུབ་ཏུ་བཏུད་ཅིང་། རྒྱལ་པོས་ཁོ་ལ་འོ་བཏང་ངོ་༎