༡༥
བྱ་བ་དེའི་འོག་ཏུ་ཨབ་ཤ་ལོམ་གྱིས་རང་གི་དོན་དུ་ཤིང་རྟ་དང་། རྟ་དང་། ཁོའི་མདུན་དུ་རྒྱུག་པའི་མི་ལྔ་བཅུ་བཤམས་ཏེ། ༢ ཨབ་ཤ་ལོམ་སྔ་དྲོར་ལངས་ནས། རྒྱ་སྒོ་ཡི་འགག་ཏུ་བསྡད་དོ། ཡང་འདི་ལྟར་བྱས། གཤགས་ཀྱི་ཕྱིར་འཁྲབ་ཏུ་མི་གང་ཡང་རྒྱལ་པོའི་དྲུང་དུ་འོང་སྐབས་སུ། ཨབ་ཤ་ལོམ་གྱིས་མི་དེ་བོས་ཤིང་དེ་ལ། ཁྱོད་ཡུལ་གང་ནས་ཡིན་དྲིས་པས། མི་དེས། ཁྱེད་ཀྱི་བྲན་པོ་ཨིས་ར་ཨེལ་གྱི་སྡེ་ཞིག་ལས་ཡིན་ཞེས་ཞུས་སོ། ༣ དེར་ཨབ་ཤ་ལོམ་གྱིས་དེ་ལ། ལྟོས། ཁྱོད་ཀྱི་ལས་བཟང་པོ་དང་དྲང་པོ་ཡོད་ཀྱང་། ཁྱོད་ཀྱི་ཚིག་ལ་ཉན་པར་རྒྱལ་པོའི་ཕྱོགས་ལས་མི་གང་ཡང་མེད། ༤ ཨབ་ཤ་ལོམ་གྱིས་སླར་ཡང་། ང་ནི་ཡུལ་འདིའི་ཁྲིམས་དཔོན་དུ་ཡོད་པ་ཡིན་ན་ལོས་པ། དེ་ནས་ཁྲིམས་དང་རྒྱུ་རྐྱེན་ཡོད་པ་གང་ཡང་ངའི་རྩར་སླེབ་ན། ངས་གཤགས་གཏོང་བར་བྱ་ཞེས་སྨྲས་སོ། ༥ ཡང་འདི་ལྟར་བྱས། མི་སུ་ཞིག་ཕྱག་འཚལ་བར་ཉེ་བར་འོང་སྐབས་སུ། ཁོས་ལག་པ་བརྐྱངས་ནས་མི་དེ་བཟུང་སྟེ་ཁ་བསྐྱལ་ཏོ། ༦ དེ་ལྟར་ཨབ་ཤ་ལོམ་གྱིས་རྒྱལ་པོའི་དྲུང་དུ་ཁྲིམས་རར་འོང་བའི་ཨིས་ར་ཨེལ་ཐམས་ཅད་ལ་བྱས་བྱས་པ་ལས། ཨིས་ར་ཨེལ་པ་ཐམས་ཅད་ཀྱི་སྙིང་བརྐུས་སོ༎༧ དེ་ནས་ལོ་བཞིའི་འོག་ཏུ་ཨབ་ཤ་ལོམ་གྱིས་རྒྱལ་པོ་ལ། བདག་གིས་ཡ་ཧོ་ཝཱ་ལ་སྡོམ་པ་བླངས་པ་བཞིན་དུ་སྒྲུབ་པའི་ཕྱིར། བདག་ཧེབ་རོན་དུ་འགྲོ་བར་གནོང་ཞིག ༨ ཁྱེད་ཀྱི་བྲན་པོ་ཨ་རམ་ཡུལ་གྱི་གེ་ཤུར་དུ་གནས་པའི་དུས་སུ། བདག་གིས་མནའ་བྱེད་ཅིང་འདི་སྐད་དུ། ཅི་སྟེ་ཡ་ཧོ་ཝཱས་བདག་སླར་ཡེ་རུ་ཤ་ལེམ་དུ་བསྐྱེལ་ན། བདག་གིས་ཡ་ཧོ་ཝཱ་ལ་རིམ་གྲོ་བྱའོ་ཞེས་པའི་སྡོམ་པ་བླངས་པ་ཡིན་སྨྲས་པས། ༩ རྒྱལ་པོས་དེ་ལ། ཞི་བདེ་བར་སོང་ཞིག་གསུངས་ནས། ཁོ་ལངས་ཏེ་ཧེབ་རོན་དུ་སོང་ངོ་། ༡༠ དེ་ནས་ཨབ་ཤ་ལོམ་གྱིས་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་དུ་ལྟ་ཉུལ་པ་རྣམས་བཏང་སྟེ་འདི་སྐད་དུ། གང་དུས་སུ་ཁྱོད་ཚོས་དུང་གི་སྒྲ་ཐོས་ན། ཨབ་ཤ་ལོམ་གྱིས་ཧེབ་རོན་དུ་རྒྱལ་སྲིད་སྐྱོང་ངོ་ཞེས་ཟེར་བའི་རིགས་སོ་ཞེས་སྦྲན་ཏོ། ༡༡ ཨབ་ཤ་ལོམ་དང་མཉམ་པོ་མི་ཉིས་བརྒྱ་ཡེ་རུ་ཤ་ལེམ་ནས་ཕྱིན་ཏོ། མི་དེ་དག་མགྲོན་པོ་ཡིན་ཏེ། དེ་དག་གིས་ཅིའང་མ་ཤེས་པར། དྲང་སུམ་གྱི་ནང་ནས་སོང་ངོ་། ༡༢ དེ་ནས་ཨབ་ཤ་ལོམ་གྱིས་དཱ་བིད་ཀྱི་གྲོས་མི་གི་ལོ་པ་ཨ་ཧི་ཐོ་ཕེལ་གྱི་མདུན་དུ་མི་བཏང་བ་དང་། དེ་ནི་ཁོ་རང་གི་གྲོང་ཁྱེར་གྱི་ལོ་ནང་མཆོད་པ་འབུལ་སྐབས་སུ་བོས་པར་གྱུར་ཏོ། མི་རྣམས་ཨབ་ཤ་ལོམ་གྱི་དྲུང་དུ་ཉིན་རེ་བཞིན་ཆད་མེད་པར་འཕེལ་བར་གྱུར་ཏེ། འབངས་གྱེན་ལོག་དེ་ཤེད་ཆེ་རུ་སོང་ངོ་༎
༡༣ ཡང་མི་སྣ་ཞིག་དཱ་བིད་ཀྱི་དྲུང་དུ་བསླེབས་ནས་ཁོང་ལ། ཨིས་ར་ཨེལ་པའི་སྙིང་རྣམས་ཨབ་ཤ་ལོམ་གྱི་ཕྱོགས་སུ་སོང་འདུག་ཅེས་སྦྲན་པས། ༡༤ དཱ་བིད་ཀྱིས་ཡེ་རུ་ཤ་ལེམ་ན་ཁོང་དང་ལྷན་ཅིག་ཏུ་ཡོད་པའི་བྲན་འཁོར་ཐམས་ཅད་ལ། ལོངས་ལ་བྲོས་ཤིག མི་འབྲོས་ན། ཨབ་ཤ་ལོམ་གྱི་ལག་ནས་སུ་ཡང་མི་ཐར། ཁོ་བློ་བུར་དུ་འོང་ཞིང་། ངེད་ལ་ནོན་ཏེ། བར་ཆད་དུ་བཅུག་ནས། རལ་གྲིའི་ཁས་རྒྱལ་ས་མེད་པར་མི་བྱེད་པའི་ཕྱིར་འཕྲལ་དུ་འགྲུལ་ཞིག་ཅེས་སྨྲས་པས། ༡༥ རྒྱལ་པོའི་བྲན་འཁོར་རྣམས་ཀྱིས་རྒྱལ་པོ་ལ། གཟིགས་ཤིག ཁྱེད་ཀྱི་བྲན་པོ་རྣམས་ཀྱིས་ཇོ་བོ་རྒྱལ་པོ་གང་ལ་ཐུགས་དགྱེས་ན་ཡང་། དེ་བྱེད་པར་བྱའོ་ཞེས་ཞུས་སོ། ༡༦ དེ་ནས་རྒྱལ་པོ་ཐོན་པ་དང་། ཁོང་གི་སླས་ཐམས་ཅད་ཁོང་གི་རྗེས་སུ་འབྲངས་སོ། ཡང་རྒྱལ་པོས་རང་གི་གྲོགས་མོར་ཡོད་པའི་བུད་མེད་བཅུ་ཁང་སྲུང་དུ་བཞག་གོ།
༡༧ དེ་ལྟར་རྒྱལ་པོ་བྲོས་པ་ལས། མི་ཐམས་ཅད་ཀྱང་ཁོང་གི་ཕྱི་བཞིན་འབྲངས་ཏེ། བེད་མེར་ཧག་ཏུ་འཐེན་ཞིག་བྱས། ༡༨ ཡང་ཁོང་གི་འཁོར་རྣམས་ལས་ཁོང་གི་སྣར་ཕ་རོལ་ཏུ་སོང་བ་དག་ནི། ཀེ་རེད་པ་དང་། པེ་ལེད་པ་ཐམས་ཅད་དང་། གད་ནས་རྗེས་སུ་འོངས་པའི་གད་པ། མི་དྲུག་བརྒྱ་དང་བཅས་པ་ཐམས་ཅད་རྒྱལ་པོའི་སྔོན་དུ་ཕ་རོལ་དུ་ཆས་པ་ལས། ༡༩ རྒྱལ་པོས་གད་པ་ཨིད་ཏཱ་ཨི་བྱ་བ་ལ། ཁྱོད་ཀྱང་ང་རྣམས་དང་མཉམ་དུ་ཅིའི་ཕྱིར་འགྲོ། ཁྱོད་རང་གནས་སུ་ལོག་ལ། རྒྱལ་པོ་དང་མཉམ་དུ་སྡོད། ཁྱོད་ནི་རྒྱལ་ཁམས་པ་ཡང་ཡིན། སྤྱུགས་པར་གྱུར་པ་ཡང་ཡིན། ༢༠ ཁྱོད་མདང་ཉིན་འདིར་འོངས་ནས། དེ་རིང་ངས་ཁྱོད་ཡར་མར་ལ་ཅིའི་ཕྱིར་འཁྲིད། ང་གང་དུ་མལ་ས་རྙེད་པ་ཉུལ་དུ་འགྲོ་བས་ན། ཁྱོད་ཕྱིར་ལོག་སྟེ། རང་གི་སྤུན་རྣམས་ཀྱང་མཉམ་དུ་ཁྱེར་ཞིག ཐུགས་རྗེ་དང་བདེན་པ་ཉིད་ཁྱོད་དང་འགྲོགས་པར་ཤོག་ཅིག་ཅེས་གསུངས་ཀྱང་།
༢༡ ཨིད་ཏཱ་ཨི་ཡིས་ལན་དུ་རྒྱལ་པོ་ལ། གསོན་པོའི་ཡ་ཧོ་ཝཱ་དང་བདག་གི་ཇོ་བོ་རྒྱལ་པོའི་སྐུ་སྲོག་གིས་བསྣམས་ཤིག གང་དུ་ཡང་བདག་གི་ཇོ་བོ་རྒྱལ་པོ་བཞུགས་ཤིང་། འཆི་རུང་། གསོན་རུང་། ཁྱེད་ཀྱི་བྲན་པོ་ཡང་དེར་གང་ལྟར་ཡང་འདུག་པར་དགའོ་ཞུས་པས། ༢༢ དཱ་བིད་ཀྱིས་ཨིད་ཏཱ་ཨི་ལ། འདོང་ལ། ཕ་རོལ་དུ་སོང་ཞིག་གསུངས་པས། གད་པ་ཨིད་ཏཱ་ཨི་བྱ་བ་དང་། དེའི་མི་ཐམས་ཅད་དང་། དེ་མཉམ་ཡོད་པའི་བྱིས་པ་རྣམས་ཕ་རོལ་དུ་སོང་ངོ་། ༢༣ ཡང་ཡུལ་ཐམས་ཅད་ཀྱིས་སྐད་ཆེན་པོས་ངུ་བ་དང་། མི་བརྒྱུད་ཐམས་ཅད་མཉམ་དུ་ཕ་རོལ་དུ་ཐོན་ནོ། ཡང་རྒྱལ་པོ་ཉིད་ཀྱང་ཀིད་རོན་གྲོག་པོ་བརྒལ་ནས་ཕེབས། མི་ཐམས་ཅད་བྱེ་ཐང་གི་ལམ་ལ་ཕ་རོལ་དུ་ཕྱིན་ཏོ༎
༢༤ ཡང་ལྟོས་ཤིག ཙ་དོག་དང་དེ་དང་མཉམ་ཡོད་པའི་ལེ་ཝི་པ་རྣམས་ཀྱང་དེ་རུ་འོངས་ཏེ། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་འཁུར་ནས། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དེར་བཞག་གོ། མི་ཐམས་ཅད་རྒྱལ་སའི་ནང་ནས་ཐོན་པའི་བར་དུ་ཨབ་ཡ་ཐར་ལྷག་པར་བསྡད་དོ། ༢༥ དེ་རུ་རྒྱལ་པོས་ཙ་དོག་ལ། དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དེ་སླར་རྒྱལ་ས་རུ་ཁྱེར་ཞིག གལ་ཏེ་བདག་ལ་ཡ་ཧོ་ཝཱའི་སྤྱན་སྔར་ཐུགས་རྗེ་རྙེད་ན། ཁོང་གིས་བདག་ཕྱིར་ལོག་འཁྲིད་ཅིང་། བདག་ལ་ཉིད་ཀྱི་བཞུགས་གནས་ཡང་སྟོན་པར་འགྱུར་རོ། ༢༦ ངེས་མེད་ཁོང་གིས། ང་ཁྱོད་ལ་མི་དགའ་ཞེས་སྨྲ་ན། ཀྱེ་ཧོ། བདག་འདི་རུ་འདུག ཁོང་གི་སྤྱན་དྲུང་དུ་གང་ལེགས་པ་དེ་ཁོང་གིས་བདག་ལ་མཛོད་ཅིག་ཅེས་ཞུས་སོ། ༢༧ དེ་ནས་རྒྱལ་པོས་བླ་མ་ཙ་དོག་ལ། ཀྱེ་ཧོ། ཁྱོད་མངོན་བཤེས་པ་ཞིག་མིན་ནམ། ཞི་བདེར་རྒྱལ་ས་རུ་ལོག་ཅིག ཡང་ཁྱོད་ཀྱི་བུ་ཨ་ཧི་མ་ཨས་དང་། ཨབ་ཡ་ཐར་གྱི་བུ་ཡོ་ན་ཐན། བུ་གཉིས་ཁྱོད་དང་མཉམ་དུ་ལོག་སོང་ཞིག ༢༨ ལྟོས་ཤིག ཁྱོད་ཅག་ལས་ང་ལ་ལོན་མ་བསླེབ་པའི་བར་དུ། ང་འབྲོག་སྟོང་གི་ཐང་དུ་སྒུག་པར་བྱའོ་ཞེས་བསྐུལ་བས། ༢༩ ཙ་དོག་དང་ཨབ་ཡ་ཐར་གཉིས་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དེ་སླར་ཡེ་རུ་ཤ་ལེམ་དུ་གདན་དྲངས་ནས། དེར་བསྡད་དོ༎
༣༠ དེ་ནས་དཱ་བིད་་ཁ་སྐྱུར་པོའི་རི་ལ་འཛེགས་སྐབས་སུ། སྤྱན་ཆབ་བསིལ་ཏེ། དབུ་བཏུམ་སྟེ། ཞབས་རྗེན་པར་འགྲུལ་ཏོ། དེ་མ་ཟད་དེ། ཁོང་དང་ལྷན་ཅིག་ཏུ་ཡོད་པའི་མི་ཀུན་གྱིས་ཀྱང་མགོ་བཏུམ་ཞིང་ཡར་འཛེགས་སྐབས་སུ་ངུས་སོ། ༣༡ ཡང་མི་ཞིག་གིས་དཱ་བིད་ལ། ཨ་ཧི་ཐོ་ཕེལ་ནི་ཨབ་ཤ་ལོམ་དང་འབངས་གྱེན་ལོག་བྱེད་མཁན་དང་མཉམ་དུ་ཡོད་ཅེས་ཞུས་པས། ཁོང་གིས། ཀྱེ། ཡ་ཧོ་ཝཱ། ཁྱེད་ཀྱིས་ཨ་ཧི་ཐོ་ཕེལ་གྱི་གྲོས་དེ་ནི་བླུན་གྲོས་སུ་འགྱུར་བར་མཛོད་ཅིག་ཅེས་གསོལ་ཏོ། ༣༢ དེ་ནས་དཱ་བིད་དཀོན་མཆོག་ལ་ཕྱག་འཚལ་བའི་སྒང་མགོར་ཕྱིན་པར་ཙམ་གྱིས། ཀྱེ་ཧོ། ཨར་ཁི་པ་ཧུ་ཤཱ་ཨི་ཁོང་ལ་བསུར་འོངས་སོ། མི་དེའི་གོས་ཧྲལ་ཏེ། མགོར་ས་གོན་ནོ། ༣༣ ཡང་དཱ་བིད་ཀྱིས་དེ་ལ། ཁྱོད་ང་དང་མཉམ་འདོང་ཚེ། ང་ལ་དཀའ་ཚེགས་སུ་འགྱུར་བར་འགྱུར་གྱི། ༣༤ ཁྱོད་རྒྱལ་ས་རུ་ལོག་སོང་སྟེ། ཨབ་ཤ་ལོམ་ལ། ཀྱེ་རྒྱལ་པོ། བདག་ནི་ཁྱེད་ཀྱི་བྲན་པོ་ཡིན། ཇི་ལྟར་ཁྱེད་ཀྱི་ཡབ་ཀྱི་བྲན་པོ་ལགས་པ་བཞིན། ད་ལྟ་ཁྱེད་ཀྱི་བྲན་པོ་ཡིན། ཞེས་སྨྲ་ན། ཁྱོད་ཀྱིས་ངའི་དོན་དུ་ཨ་ཧི་ཐོ་ཕེལ་གྱི་གྲོས་ཟློག་པའང་སྲིད་དོ། ༣༥ དེ་མ་ཟད་དེ། ཙ་དོག་དང་ཨབ་ཡ་ཐར། བླ་མ་དེ་གཉིས་ཁྱོད་དང་མཉམ་དུ་ཡོད། དེ་བས་ན་ཁྱོད་ཀྱིས་རྒྱལ་པོའི་ཕོ་བྲང་ན་ཅི་ཐོས་པ་དེ། བླ་མ་ཙ་དོག་དང་ཨབ་ཡ་ཐར་དེ་གཉིས་ལ་འཆད་པར་དགོས། ༣༦ ལྟོས་ཤིག མི་དེ་གཉིས་ཀྱི་དྲུང་དུ་ཙ་དོག་གི་བུ་ཨ་ཧི་མ་ཨས་དང་། ཨབ་ཡ་ཐར་གྱི་བུ་ཡོ་ན་ཐན་བུ་དེ་གཉིས་ཀྱང་ཡོད་པས། ཁྱོད་ཀྱིས་ཅི་ཐོས་པ་དེ། དེ་དག་རྒྱུད་ནས་ང་ལ་ཕྲིན་སྐུར་ཞིག
༣༧ ཞེས་གདམས་པས། དཱ་བིད་ཀྱི་མཛའ་བོ་ཧུ་ཤཱ་ཨི་རྒྱལ་ས་རུ་ཕྱིན་པ་དང་། ཨབ་ཤ་ལོམ་ཡང་ཡེ་རུ་ཤ་ལེམ་དུ་བསླེབས་སོ༎