༡༦
དཱ་བིད་རི་རྩེ་ལས་ཅུང་ཟད་ཅིག་འཐལ་བའི་ཚེ། ཀྱེ་ཧོ། མེ་ཕི་བོ་ཤེད་ཀྱི་གཡོག་པོ་ཙི་བཱ་ཡིས། བོང་བུ་གཉིས་ཀྱི་ཁ་རུ་བག་ལེབ་ཉིས་བརྒྱ་དང་། རྒུན་འབྲུམ་གྱི་སྙེ་མ་བརྒྱ་དང་། སེ་ཡབ་ཀྱི་བག་ལེབ་བརྒྱ་དང་། རྒུན་ཆང་རྐྱལ་པ་གཅིག་བཀལ་ནས། ཁོང་ལ་གདན་བསུར་འོངས་སོ།  དེར་རྒྱལ་པོས་ཙི་བཱ་ལ། འདི་དག་གི་དོན་ཅི་ལགས། དྲིས་པའི་ལན་དུ་ཙི་བཱ་ཡིས། བོང་བུ་ནི་རྒྱལ་པོའི་སྲས་བུ་འཆིབ་རྒྱུ་དང་། བག་ལེབ་དང་སེ་ཡབ་ཀྱི་བག་ལེབ་རྣམས་ནི། གཡོག་པོ་རྣམས་ཀྱི་ཟ་རྒྱུ་དང་། རྒུན་ཆང་ནི་འབྲོག་སྟོང་ན་ཐང་ཆད་དུས་སུ། གསོལ་བའི་ཕྱིར་ཡིན་ཞུས་པས།  རྒྱལ་པོས་དེ་ལ། ཁྱོད་ཀྱི་ཇོ་བོའི་བུ་གང་དུ་ཡོད། དྲིས་པའི་ལན་དུ་ཙི་བཱ་ཡིས་རྒྱལ་པོ་ལ། གཟིགས་ཤིག ཁོ་ནི་ཡེ་རུ་ཤ་ལེམ་ན་ཡོད། ཁོས་ནི། དེ་རིང་གི་ཉིན་པར་ཨིས་ར་ཨེལ་གྱི་ཁྱིམ་གྱིས་ངའི་ཕ་ཡི་རྒྱལ་སྲིད་ང་ལ་སླར་སྦྱིན་པར་བྱ་ཞེས་ཟེར་རོ་ཞུས་པས།  རྒྱལ་པོས་ཙི་བཱ་ལ། ལྟོས་ཤིག མེ་ཕི་བོ་ཤེད་ཀྱི་ནོར་ཐམས་ཅད་ཁྱོད་ལ་རྙེད་པར་འགྱུར་རོ་སྨྲས་ནས། ཙི་བཱ་ཡིས། ཀྱེ་བདག་གི་ཇོ་བོ་རྒྱལ་པོ། ཁྱེད་ཀྱི་སྤྱན་དྲུང་དུ་བདག་ལ་ཐུགས་རྗེ་འབྱུང་བར་ཤོག་ཞུས་སོ༎
 དེ་ནས་རྒྱལ་པོ་དཱ་བིད་་བ་ཧུ་རིམ་དུ་ཕེབས་པའི་ཚེ་ན། ཤ་ཨུལ་གྱི་ཁྱིམ་གྱི་མི་རྣམས་ཀྱི་ནང་ནས། གེ་རཱ་ཡི་བུ་ཤི་མེ་ཨི་བྱ་བ་དེ་ཐོན་ཏེ། དམོད་ཟོར་འདེབས་ཀྱིན།  དཱ་བིད་དང་། རྒྱལ་པོ་དཱ་བིད་ཀྱི་འཁོར་གཡོག་ཀུན་ལ་རྡོ་བ་བརྒྱབས་སོ། ཡང་མི་ཚོགས་རྣམས་དང་། མི་དཔའ་བོ་ཐམས་ཅད་ནི་ཁོང་གི་གཡས་གཡོན་ན་ཡོད་པ་ཡིན།  ཤི་མེ་ཨི་ཡིས་དམོད་ཟོར་འདེབས་ཤིང་འདི་སྐད་དུ། ཁྲག་གིས་ཚོས་པ་ཁྱོད། བེ་ལི་ཨལ་གྱི་མི་ཁྱོད། ཐོན་ཤོག  ཁྱོད་ཀྱི་ཁ་རུ་ཡ་ཧོ་ཝཱས་ཤ་ཨུལ་གྱི་ཁྱིམ་གྱི་མི་ཤ་ཐམས་ཅད་ཕབས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཁྱོད་དེའི་ཚབ་ཏུ་རྒྱལ་པོར་གྱུར་པ་ཡིན། ཡང་ཡ་ཧོ་ཝཱས་ཁྱོད་ཀྱི་རྒྱལ་སྲིད་ནི་ཁྱོད་ཀྱི་བུ་ཨབ་ཤ་ལོམ་གྱི་ལག་ཏུ་བཏད་དོ། ལྟོས། ཁྱོད་ནི་སྡིག་ཅན་དང་། མི་གསོད་ཡིན་པས། དེ་ལྟར་བྱུང་ངོ་ཞེས་ཟེར་བས།
 ཙེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨི་ཡིས་རྒྱལ་པོ་ལ། ཁྱི་རོ་དེས་ནི་བདག་གི་ཇོ་བོ་རྒྱལ་པོ་ལ་ཅིའི་སླད་དུ་དམོད་པ་འདེབས། བདག་ནི་ཕར་འགྲོ་བར་ཁྱེད་ཀྱིས་བཀའ་གནོང་ཞིག་དང་། བདག་གིས་ཁོའི་མགོ་ལེན་པར་བྱ་ཞེས་ཞུས་པས། ༡༠ རྒྱལ་པོས། ཀྱེ་ཙེ་རུ་ཡཱ་ཡི་བུ། ང་ལ་ཁྱོད་དང་བྲེལ་ཅི་ཡོད། ཡ་ཧོ་ཝཱས་དེ་ལ། དཱ་བིད་ལ་དམོད་པ་ཐོབ་ཅིག་ཅེས་གསུངས་པས། དེ་ལ་འདེབས་པར་ཆུག་ཅིག ཡང་སུས་ཀྱང་དེ་ལ། ཁྱོད་ཀྱིས་གང་ལ་འདི་ལྟར་བྱས་པ་ཡིན་ཟེར་ཐུབ་བམ། ༡༡ ཡང་དཱ་བིད་ཀྱིས་ཨ་བི་ཤཱ་ཨི་དང་། ཉིད་ཀྱི་འཁོར་གཡོག་ཐམས་ཅད་ལ། ལྟོས་ཤིག ང་རང་གི་བྱང་ཁོག་ལས་ཆད་པའི་བུ་དེས་ངའི་སྲོག་ལ་རྔམ་པས། བེན་ཡ་མིན་པ་འདིས་ཅི་དང་ཅི་ཟེར་བར་མི་རུང་། ཡ་ཧོ་ཝཱས་ཁོ་ལ་བཀའ་སྩལ་བས། འགྲོར་ཆུག དམོད་པ་འདེབས་པར་ཆུག་ཅིག ༡༢ ཡ་ཧོ་ཝཱས་ནི་ངའི་སྡུག་བསྔལ་ལ་གཟིགས་ཤིང་། དེ་རིང་གི་ཉིན་པར་མི་དེའི་དམོད་པའི་ཚབ་ཏུ་ང་ལ་བཟང་པོའང་སྟེར་ལས་ཆེ། གསུངས་སོ། ༡༣ ཡང་དཱ་བིད་དང་དེའི་མི་རྣམས་ལམ་ལས་འགྲུལ་བ་དང་། ཤི་མེ་ཨི་དེ་དག་དང་ཁ་དྲང་དུ་རིའི་ཕྱོགས་སུ་འཛེགས་ཤིང་། དམོད་ཟོར་བཏབས། རྡོ་བ་བརྒྱབས། ཐལ་བ་གཡོགས་སོ། ༡༤ རྒྱལ་པོ་དང་ཁོང་དང་མཉམ་ཡོད་པ་ཐམས་ཅད་ཐང་ཆད་དེ། བསླེབས་ནས། ངལ་སོས་སོ༎
༡༥ དེ་ནས་ཨབ་ཤ་ལོམ་དང་། ཨིས་ར་ཨེལ་གྱི་མི་ཐམས་ཅད་ཡེ་རུ་ཤ་ལེམ་དུ་ཕྱིན་ཏེ། དེ་དང་མཉམ་ཨ་ཧི་ཐོ་ཕེལ་ཡོད་པ་ཡིན། ༡༦ ཡང་དཱ་བིད་ཀྱི་མཛའ་བོ་ཨར་ཁི་པ་ཧུ་ཤཱ་ཨི་བྱ་བ་དེ་ཨབ་ཤ་ལོམ་གང་ན་བར་སོང་སྟེ། ཧུ་ཤཱ་ཨི་ཡིས་ཨབ་ཤ་ལོམ་ལ། རྒྱལ་པོའི་སྐུ་ཚེ་རིང་ཞིག རྒྱལ་པོའི་སྐུ་ཚེ་བརྟན་ཅིག ཅེས་ཞུས་པས། ༡༧ ཨབ་ཤ་ལོམ་གྱིས་ཧུ་ཤཱ་ཨི་ལ། ཁྱོད་ཀྱིས་རང་གི་མཛའ་བོ་ལ་འདི་འདྲའི་དྲིན་བྱས་པ་ཡིན་ནམ། རང་གི་མཛའ་བོ་དང་མཉམ་ཅིའི་ཕྱིར་མ་སོང་། ཞེས་འདྲིས་པའི་ལན་དུ་ཧུ་ཤཱ་ཨི་ཡིས་ཨབ་ཤ་ལོམ་ལ། ༡༨ དེ་བཞིན་མ་ལགས་ཀྱིས། ཡ་ཧོ་ཝཱ་དང་། མི་བརྒྱུད་འདི་དང་། ཨིས་ར་ཨེལ་གྱི་སྐྱེས་པ་ཡོངས་ཀྱིས་གང་འདམ་པར་མཛད་ན། བདག་ནི་ཁོང་གི་ཡིན། ཁོང་མཉམ་གནས་པར་འགྱུར། ༡༩ དེ་མ་ཟད། བདག་གིས་སུའི་ཞབས་ཏོག་བྱས། སྲས་ཀྱི་ཞབས་ཏོག་བྱེད་པའི་མི་རིགས་སམ། ཇི་ལྟར་བདག་གིས་ཁྱེད་ཀྱི་ཡབ་ཀྱི་རྩར་ཞབས་ཏོག་ཞུས་པ་བཞིན་དུ། ཁྱེད་ཀྱི་སྐུ་དྲུང་དུའང་ཞབས་འདེགས་པར་བྱའོ་ཞེས་ཞུས་ནས།
༢༠ ཨབ་ཤ་ལོམ་གྱིས་ཨ་ཧི་ཐོ་ཕེལ་ལ། ད་ངེད་ཀྱིས་གང་འདྲ་བྱེད་དགོས། ཁྱོད་ཅག་གི་ནང་ན་འདུན་མ་བྱོས་ཤིག་བསྒོ་བས། ༢༡ ཨ་ཧི་ཐོ་ཕེལ་གྱིས་ཨབ་ཤ་ལོམ་ལ། ཁྱེད་ཀྱི་ཕས་ཁང་སྲུང་དུ་བཞག་པའི་གྲོགས་མོ་རྣམས་ཀྱི་རྩར་ནང་དུ་ཕེབས་ཤིག ཁྱེད་ལ་ཉིད་ཀྱི་ཕས་ཞེན་ལོག་པ་དེ་ཨིས་ར་ཨེལ་ཐམས་ཅད་ཀྱིས་ཐོས་ན། ཁྱེད་ཀྱི་ཕྱོགས་པ་ཐམས་ཅད་ཀྱི་ལག་ཤེད་ཆེ་བར་འགྱུར་རོ་ཞེས་བགྲོས་ནས། ༢༢ དེ་དག་གིས་ཕོ་བྲང་གི་ཐོག་ཏུ་ཨབ་ཤ་ལོམ་གྱི་ཕྱིར་གུར་སྤུབས་ནས། དེས་ཨིས་ར་ཨེལ་ཐམས་ཅད་ཀྱི་མཐོང་ས་རུ་རང་གི་ཡབ་ཀྱི་གཟིམ་གྲོགས་རྣམས་ཀྱི་རྩར་སོང་ངོ་། ༢༣ དེའི་དུས་ཨ་ཧི་ཐོ་ཕེལ་གྱིས་འདེབས་པའི་གྲོས་ནི། ཁོས་དཀོན་མཆོག་གི་གསུང་གི་ངང་ནས་ཐུགས་བརྟག་ཞུས་པ་བཞིན་དུ་ཡོད་པ་ཡིན། དཱ་བིད་དང་ཨབ་ཤ་ལོམ་གཉིས་ཀྱིས་ཨ་ཧི་ཐོ་ཕེལ་གྱི་གྲོས་ནི་དེ་ལྟར་བརྩིས་པ་ཡིན་ནོ༎