༡༧
སླར་ཡང་ཨ་ཧི་ཐོ་ཕེལ་གྱིས་ཨབ་ཤ་ལོམ་ལ། ད་ལྟ་ཉིད་དུ་བདག་ལ་མི་སྟོང་ཕྲག་བཅུ་གཉིས་ཕྱེས་ཏེ། བདག་ལངས་ནས། མཚན་འདི་ལ་དཱ་བིད་ཀྱི་རྗེས་སུ་འདེད་པའི་བཀའ་གནོང་ཞིག  དེ་ནི་ཉམས་ཐག་ཅིང་ལག་པ་ལྷོད་པོ་ཡོད་དུས་སུ། བདག་དེའི་ཐོག་ཏུ་འགྲོ་ཞིང་སྐྲག་པར་བྱ། དེ་ནས་དེ་དང་མཉམ་ཡོད་པའི་མི་ཐམས་ཅད་འབྲོས་ན། བདག་གིས་རྒྱལ་པོ་གཅིག་འབའ་ཞིག་གསོད་པར་བྱའོ།  ཡང་ཇི་ལྟར་བག་མ་ཞིག་རང་གི་ཁྱོའི་ཕྱོགས་སུ་ལོག་པ་ལྟར། བདག་གིས་མི་བརྒྱུད་ཐམས་ཅད་ཁྱེད་ཀྱི་ཕྱོགས་སུ་ཧྲིལ་འགུག་པར་བྱ། ཁྱེད་ཀྱིས་སྙེགས་པའི་མི་དེ་རང་འཚར་བ་ནི། མི་བརྒྱུད་ཐམས་ཅད་འདྲིལ་བ་དང་གཅིག་པ་ཡིན་པས། མི་བརྒྱུད་ཐམས་ཅད་ཐོགས་པ་མེད་པར་ལུས་པར་འགྱུར་རོ་ཞེས་བསླབས་པས།  ཨབ་ཤ་ལོམ་དང་ཨིས་ར་ཨེལ་གྱི་རྒྱན་པོ་རྣམས་གཏམ་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ༎
 དེ་ནས་ཨབ་ཤ་ལོམ་གྱིས། ད་ལྟ་ཨར་ཁི་པ་ཧུ་ཤཱ་ཨི་ཡང་འདི་རུ་འབོད་དེ་ཁྲིད་ཅིག་དང་། དེའི་ཁ་ལས་ཀྱང་ཐོས་པར་འགྱུར་བཀའ་སྩལ་ཏོ།  དེ་ནས་ཧུ་ཤཱ་ཨི་་ཨབ་ཤ་ལོམ་གྱི་དྲུང་དུ་འོང་བའི་ཚེ། ཨབ་ཤ་ལོམ་གྱིས་དེ་ལ། ཨ་ཧི་ཐོ་ཕེལ་གྱིས་འདི་འདྲ་སྨྲས་པས། ངེད་ཅག་གིས་དེའི་གྲོས་བཞིན་དུ་བྱེད་དུ་རུང་ངམ་མི་རུང་། ཁྱོད་ཀྱིས་གཏམ་བྱོས་ཤིག་ཅེས་བསྐུལ་བས།  ཧུ་ཤཱ་ཨི་ཡིས་ཨབ་ཤ་ལོམ་ལ། འདི་རེས་ཨ་ཧི་ཐོ་ཕེལ་གྱིས་བཏབ་པའི་གྲོས་ནི་མི་འགྲིག་པ་འདུག  ཡང་ཧུ་ཤཱ་ཨི་ཡིས། ཁྱེད་ཀྱི་ཕ་དང་དེའི་མི་རྣམས་ནི་དཔའ་རྩལ་ཅན་དང་། རིར་དོམ་ཕྲུག་ཕྲོགས་པར་གྱུར་པའི་དོམ་དང་འདྲ་བར། དེ་དག་གི་སྙིང་ནང་ཁྲག་རླུང་ཡོད་པར་ཁྱེད་ཀྱིས་ཤེས་སོ། ཡང་ཁྱེད་ཀྱི་ཕ་དམག་གི་སྐྱེ་བོ་ཡིན་པས། མིའི་ཁྲོད་དུ་མི་གནས་ཀྱིས།  ད་ལྟ་ས་ཁུང་ངམ་གནས་གཞན་ཞིག་ཏུ་ཡིབ་བོ། དེའི་ཕྱིར་ཐོག་མར་དེ་དག་གི་ནང་ནས་མི་འགའ་ཞིག་སར་རྡབ་པར་འགྱུར་ན། མི་ཐམས་ཅད་ཀྱིས། ཨབ་ཤ་ལོམ་ལ་འབྲངས་པ་རྣམས་བསད་དོ་ཞེས་ཟེར་ཏེ་འགྲགས་པར་འགྱུར། ༡༠ ཁྱེད་ཀྱི་ཕ་ནི་དཔའ་བོ་དང་། དེ་དང་མཉམ་ཡོད་པ་རྣམས་ཀྱང་དཔའ་རྩལ་ཅན་ཡོད་པར། ཨིས་ར་ཨེལ་ཐམས་ཅད་ཀྱིས་ཤེས་པས། མི་སྤོབས་པ་ཅན་དང་། སེང་གེ་ལྟ་བུའི་སྙིང་ཡོད་པ་རྣམས་ཀྱི་སྙིང་ཡང་གཞུ། ༡༡ དེ་བས་ན་བདག་གི་བྱུས་ནི། དཱན་ནས་བཟུང་སྟེ། བེ་ཨེར་ཤེ་བཱ་ཡི་བར་དུ། ཨིས་ར་ཨེལ་ཐམས་ཅད་རྒྱ་མཚོའི་འགྲམ་ལ་ཡོད་པའི་བྱེ་མ་ཇི་སྙེད་ཅིག་ཁྱེད་ཀྱི་ཕྱོགས་སུ་སྡུས་ཤིག་དང་། སྐུ་ཉིད་ཀྱང་འཐབ་མོར་བཞེངས་ཤིག ༡༢ དེ་ལྟར་ཁོ་གང་ན་བར་སོང་ཀྱང་། ས་ལ་ཟིལ་པ་འབབ་པ་ལྟར། ངེད་རྣམས་ཁོའི་ཐོག་ཏུ་དབབ་པ་དང་། ཁོ་རང་དང་། ཁོ་མཉམ་ཡོད་པའི་མིའི་ནང་ནས་མི་གཅིག་ཀྱང་འབུད་པར་མི་འགྱུར། ༡༣ དེ་མ་ཟད་དེ། ཁོ་གྲོང་ཁྱེར་ཞིག་གི་ནང་དུ་ཞུགས་ཡོད་ན། ཨིས་ར་ཨེལ་ཐམས་ཅད་ཀྱིས་གྲོང་ཁྱེར་དེའི་མདུན་དུ་ཐག་པ་ཁུར་ཏེ། དེར་སོང་ནས། རྡོ་བ་ཆོ་ལོ་ཙམ་ཡང་དེར་མ་ལུས་པའི་བར་དུ་གྲོང་ཁྱེར་དེ་ནི་གཙང་པོའི་ནང་དུ་འདྲུད་པར་བྱའོ། ༡༤ ཞེས་སྨྲས་པས། ཨབ་ཤ་ལོམ་དང་ཨིས་ར་ཨེལ་པ་ཐམས་ཅད་ཀྱིས། ཨ་ཧི་ཐོ་ཕེལ་གྱི་བྱུས་ལས་ཨར་ཁི་པ་ཧུ་ཤཱ་ཨི་ཡི་བྱུས་ལྷག་པར་དྲག་གོ་ཞེས་ཟེར་ཏོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཨབ་ཤ་ལོམ་གྱི་ཐོག་ཏུ་བར་ཆོད་འབེབས་པའི་སླད་དུ། ཡ་ཧོ་ཝཱས་ཨ་ཧི་ཐོ་ཕེལ་གྱི་བྱུས་ལེགས་པ་དེ་མེད་པར་མཛད་པར་ཐུགས་ཐག་བཅད་པ་ཡིན།
༡༥ དེ་ནས་ཧུ་ཤཱ་ཨི་ཡིས་བླ་མ་ཙ་དོག་དང་ཨབ་ཡ་ཐར་གཉིས་ལ། ཨ་ཧི་ཐོ་ཕེལ་གྱིས་ཨབ་ཤ་ལོམ་དང་ཨིས་ར་ཨེལ་གྱི་རྒན་རབས་རྣམས་ལ་འདི་བཞིན་གྱི་གྲོས་བཏབ་ཀྱིས། ངས་འདི་བཞིན་དང་དེ་བཞིན་གྱི་གྲོས་བཏབ་པ་ཡིན། ༡༦ དེ་ཕྱིར་ཁྱོད་ཅག་གིས་མགྱོགས་མྱུར་བང་ཆེན་གཏོང་ཞིང་དཱ་བིད་ལ། མཚན་འདི་ལ་ཐང་དུ་མ་བཞུགས་པར། ཕ་རོལ་དུ་ཕེབས་ཤིག དེ་མིན་རྒྱལ་པོ་དང་དེ་དང་མཉམ་ཡོད་པ་ཐམས་ཅད་ནི་མེད་པར་འགྱུར་རོ། ཞེས་སྦྲོན་པར་དགོས་ཤེས་གདམས་སོ༎
༡༧ དེའི་དུས་སུ་ཡོ་ན་ཐན་དང་ཨ་ཧི་མ་ཨས་གཉིས་ཨེན་རོ་གེལ་དུ་བསྡད་དོ། ཅིའི་ཕྱིར་ཞེ་ན། མི་གང་གིས་ཀྱང་དེ་གཉིས་ཀ་རྒྱལ་སར་འགྲོ་བར་མི་མཐོང་བའི་ཕྱིར་དེར་བསྡད་དོ། ཡང་གཡོག་མོ་ཞིག་སོང་ནས། དེ་གཉིས་ལ་ལོན་སྤྲད་ནས། དེ་གཉིས་སོང་སྟེ། རྒྱལ་པོ་དཱ་བིད་ལ་བཤད་དོ། ༡༨ ཡང་ཁྱེའུ་ཞིག་གིས་དེ་གཉིས་མཐོངས་པ་དང་། ཨབ་ཤ་ལོམ་ལ་ལོན་སྤྲད་དོ། དེ་ནས་དེ་གཉིས་མྱུར་དུ་སོང་སྟེ། བ་ཧུ་རིམ་དུ་མི་ཞིག་གི་ཁང་པར་བསླེབས་སོ། ཚོམས་དཀྱིལ་དུ་ཆུ་དོང་ཞིག་ཡོད་དེ། དེའི་ནང་དུ་བབས་ཏེ་སོང་ངོ་། ༡༩ ཡང་བུད་མེད་ཀྱིས་ཁེབས་ཤིག་བླངས་ནས། ཆུ་དོང་གི་སྟེང་དུ་བཏིང་ངོ་། དེ་ནས་དེའི་ཁར་འབྲུའི་ཆག་ཙེ་བརྡལ་བས། གང་མི་ཤེས་པར་གྱུར་ཏོ། ༢༠ ཡང་ཨབ་ཤ་ལོམ་གྱི་གཡོག་པོ་རྣམས་ཁང་པ་དེར་བུད་མེད་གང་ན་བར་འོངས་ནས། དེ་དག་གིས། ཨ་ཧི་མ་ཨས་དང་ཡོ་ན་ཐན་གཉིས་ག་ན་ཡོད་དྲིས་པས། བུད་མེད་ཀྱིས་དེ་དག་ལ། དེ་གཉིས་ཆུ་བོ་བརྒལ་ཚར་རོ་ཞེས་སྨྲས་སོ། དེ་དག་གིས་དེར་བཙལ་ཀྱང་མ་རྙེད་པས། ཡེ་རུ་ཤ་ལེམ་དུ་ལོག་གོ། ༢༡ དེ་དག་སོང་ནས། ཁོ་གཉིས་པོ་ཆུ་དོང་ནས་བྱུང་ནས་སོང་སྟེ། རྒྱལ་པོ་དཱ་བིད་ལ་ཞུ་ལོན་སྤྲད་དེ། ཨ་ཧི་ཐོ་ཕེལ་གྱིས་ཁྱེད་ལ་སྡང་བའི་བྱུས་འདི་བཞིན་བྱས་པས། ཞེངས་ལ། ཇི་མྱུར་ཆུ་བོའི་ཕ་རོལ་དུ་བཞུད་ཅིག་ཅེས་ཞུས་པས། ༢༢ དཱ་བིད་ཁོང་མཉམ་ཡོད་པའི་མི་ཐམས་ཅད་ཧར་གྱིས་ལངས་ནས། ཡོར་དན་གྱི་ཕ་རོལ་དུ་སོང་ངོ་། ཐོ་རངས་ཀྱི་སྐྱ་འོད་ཀྱི་བར་དུ་དེ་དག་གི་ནང་ནས་ཡོར་དན་རྒལ་མ་ཟིན་པ་གཅིག་ཀྱང་མ་ལུས་སོ། ༢༣ དེ་ནས་ཨ་ཧི་ཐོ་ཕེལ་གྱིས་རང་གི་བྱུས་བཞིན་དུ་མི་འགྲུབ་པར་མཐོང་བས། དེས་བོང་དུ་ལ་སྒ་བསྟད་ནས། ལངས་ཏེ། རང་གི་གྲོང་ཁྱེར་དུ་ཁྱིམ་དུ་ཕྱིན་ཏོ། དེ་རུ་རང་གི་ནང་གྲལ་བྱས་ནས། སྐེ་ལ་ཐག་པ་བསྡམས་ཏེ་འཕྱར་ལ་སོང་ནས་ཤིའོ། ཁོའི་རོ་ནི་ཁོའི་ཕ་ཡི་དུར་དུ་བསྐུངས་སོ༎
༢༤ དེ་ནས་དཱ་བིད་་མ་ཧ་ནཱ་ཨིམ་དུ་འོངས་པ་དང་། ཨབ་ཤ་ལོམ་དང་དེ་དང་མཉམ་ཡོད་པའི་ཨིས་ར་ཨེལ་པ་ཐམས་ཅད་ཡོར་དན་བརྒལ་ཏེ་སོང་ངོ་། ༢༥ དེར་ཨབ་ཤ་ལོམ་གྱིས་ཡོ་ཨབ་ཀྱི་མལ་དུ་ཨ་མ་སཱ་ནི་དམག་དཔོན་དུ་བསྐོས་སོ། ཨ་མ་སཱ་ནི་ཨིས་ར་ཨེལ་པ་ཨིད་རཱ་ཞེས་བྱ་བ་ཞིག་གི་བུ་ཡོད་པ་ཡིན། ཨིད་རཱ་ནི་ནཱ་ཧས་ཀྱི་བུ་མོ། ཡོ་ཨབ་ཀྱི་མ་ཙེ་རུ་ཡཱ་ཡི་ནུ་མོ་ཡིན་པའི་ཨ་བི་ཀཱ་ཨིལ་བྱ་བ་དེའི་རྩར་སོང་ནས་བྱོར་བའི་བུ་དེ་ཡིན་ནོ། ༢༦ དེ་ལྟར་ཨིས་ར་ཨེལ་དང་ཨབ་ཤ་ལོམ་གྱིས་གིལ་ཨད་ཡུལ་དུ་སྒར་ཕབ་བོ༎
༢༧ ཡང་དཱ་བིད་་མ་ཧ་ནཱ་ཨིམ་དུ་ཕེབས་དུས་སུ། ཨམ་མོན་གྱི་བུ་རྣམས་ཀྱི་རབ་བཱ་བྱ་བ་ནས། ནཱ་ཧས་ཀྱི་བུ་ཤོ་བི་དང་། ལོ་དེ་བཱར་བྱ་བ་ནས། ཨམ་མི་ཨེལ་གྱི་བུ་མ་ཀིར་དང་། རོ་གེ་ལིམ་བྱ་བ་ནས། གིལ་ཨད་པ་བར་ཟིལ་ལཱ་ཨི་གསུམ་པོས། ༢༨ མལ་ཆས་དང་། ཡོ་བྱད་དང་། རྫ་མ་དང་། གྲོ་དང་། ནས་དང་། བག་ཕྱེ་དང་། ཡོས་དང་། སྲན་མ་དང་། ཀྱེར་ཟེ་དང་། ཀ་རས་དང་། ༢༩ སྦྲང་རྩི་དང་། མར་དང་། ལུག་དང་། བ་གླང་གི་འོ་ཐུད་དེ་ཐམས་ཅད་དཱ་བིད་དང་དེ་དང་མཉམ་ཡོད་པ་རྣམས་ཀྱིས་ཟ་རྒྱུར་དྲངས་སོ། དེ་དག་གིས་ནི། མི་ཚོགས་འབྲོག་སྟོང་དུ་བཀྲེས་སྐོམ་ཞིང་དུབ་པ་ལགས་སོ་ཞེས་སྨྲས་སོ༎