༡༨
དཱ་བིད་ཀྱིས་ཁོང་མཉམ་ཡོད་པའི་མི་ཚོགས་བགྲངས་ནས། སྟོང་དཔོན་དང་བརྒྱ་དཔོན་རྣམས་བསྐོས་ཏེ།  དཱ་བིད་ཀྱིས་དཔུང་གི་གསུམ་ཆ་གཅིག་ཡོ་ཨབ་ཀྱི་ལག་ཏུ་དང་། གསུམ་ཆ་གཅིག་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་ཀྱི་ནུ་བོ་ཨ་བི་ཤཱ་ཨི་ཡི་ལག་ཏུ་དང་། གསུམ་ཆ་གཅིག་གད་པ་ཨིད་ཏཱ་ཨི་ཡི་ལག་ཏུ་བཏད་ནས། ཕར་བཏང་བ་ལས། རྒྱལ་པོས་དམག་རྣམས་ལ། ང་ཡང་ཁྱོད་ཅག་མཉམ་ཅི་ནས་ཀྱང་འགྲོ་ངེས་ཞེས་གསུངས་ཀྱང་།  དེའི་ལན་དུ་དམག་རྣམས་ཀྱིས། ཁྱེད་ནི་ཕེབས་པའི་མི་རིགས་སོ། གལ་ཏེ་བདག་ཅག་འབྲོས་ཤིང་། ཕྱེད་འཆི་བར་འགྱུར་ཀྱང་། དེ་དག་གིས་བདག་ཅག་ལ་ཅིའང་མི་ལྟའི། ཁྱེད་ནི་བདག་ཅག་གི་མི་ཁྲི་ཚོ་གཅིག་དང་འདྲ་བས། ཁྱེད་ད་ལྟ་གྲོང་ཁྱེར་གྱི་ནང་ན་བདག་ཅག་ལ་དཔུང་གྲོགས་མཛད་དུ་གྲལ་འགྲིག་བཞུགས་པ་ལེགས་སོ་ཞེས་ཞུས་ནས།  རྒྱལ་པོས་དེ་དག་ལ། ཁྱོད་ཅག་གི་སྣང་ངོར་གང་ལེགས་པ་བཞིན་ངས་བྱའོ་ཞེས་སྨྲས་ནས། རྒྱལ་པོ་ནི་རྒྱ་སྒོའི་འགག་ཏུ་བཞུགས་པ་དང་། དམག་ཐམས་ཅད་ནི་བརྒྱ་ཕྲག་དང་སྟོང་ཕྲག་གི་རིམ་པ་བཞིན་དུ་ཐོན་པ་ལས།  རྒྱལ་པོས་ཡོ་ཨབ་དང་། ཨ་བི་ཤཱ་ཨི་དང་། ཨིད་ཏཱ་ཨི་གསུམ་ལ་བཀའ་བཀོད་ཅིང་འདི་སྐད་དུ། ངའི་ངོར་གཞོན་ནུ་ཨབ་ཤ་ལོམ་ལ་འཇམ་ཆོས་བྱོས་ཤིག་ཅེས་བསྒོའོ། རྒྱལ་པོས་ཨབ་ཤ་ལོམ་གྱི་དོན་དུ་དམག་དཔོན་ཐམས་ཅད་ལ་བཀའ་གནང་བ་དེ་ནི་དམག་ཐམས་ཅད་ཀྱིས་ཐོས་པར་གྱུར་ཏོ༎
 དེ་ལྟར་དམག་རྣམས་ཨིས་ར་ཨེལ་གྱི་ཕྱོགས་སུ་ཐང་དུ་སོང་ནས། ཨེབ་ར་ཨིམ་གྱི་ནགས་ཚལ་གྱི་ནང་ན་འཐབ་མོ་བྱུང་ངོ་།  དེ་རུ་ཨིས་ར་ཨེལ་གྱི་མི་རྣམས་དཱ་བིད་ཀྱི་བྲན་རྣམས་ཀྱི་མདུན་དུ་ཕམ་ནས་གསོད་གཅོད་ཆེན་པོ་ཞིག་བྱུང་ནས་ཉིན་མོ་དེ་ལ་མི་སྟོང་ཕྲག་ཉི་ཤུ་ལྷུང་ངོ་།  ཡང་ཡུལ་ཀུན་ཏུ་དམག་འཐབ་བྱུང་བ་དང་། རལ་གྲིས་བཀུམ་པའི་མི་བས་ཀྱང་། ཤིང་ཚོགས་ཀྱིས་བཀུམ་པ་ལྷག་པར་སོང་ངོ་༎
 དེ་ནས་ཨབ་ཤ་ལོམ་་དཱ་བིད་ཀྱི་བྲན་རྣམས་དང་ཕྲད་དོ། ཨབ་ཤ་ལོམ་དྲེའུ་ཞིག་གི་ཁར་ཞོན་ཏེ། དྲེའུ་དེ་ནི་བེ་ཤིང་ཆེན་པོ་ཞིག་གི་ཡལ་ག་སྦོམ་པོའི་འོག་ཏུ་འཚང་སྟེ། ཁོའི་མགོ་ནི་བེ་ཤིང་གི་ནང་ན་འཁད་པ་དང་། ཁོ་གནམ་ས་གཉིས་ཀྱི་བར་ལ་ལིང་ངེར་ལུས་ཏེ། དྲེའུ་ཁོའི་འོག་ནས་ཤོར་རོ། ༡༠ མི་ཞིག་གིས་དེ་མཐོང་བས། ཡོ་ཨབ་ལ། གཟིགས་ཤིག ངས་ཨབ་ཤ་ལོམ་བེ་ཤིང་ལ་ཁད་དེ་འཕྱར་དུ་སོང་ཡོད་པ་མཐོང་བ་ཡིན་ཞེས་བཤད་པ་དང་། ༡༡ ཡོ་ཨབ་ཀྱིས་མི་དེ་ལ། ལྟོས། ཁྱོད་ཀྱིས་ཁོ་མཐོང་ནས། ཅིའི་ཕྱིར་བརྡུངས་ནས་ས་ལ་མ་བརྡབས་པ་ཡིན། ངས་ཁྱོད་ལ་དངུལ་གྱི་ཤེ་ཀེལ་བཅུ་དང་སྐ་རགས་གཅིག་བཏང་བ་ཡིན་ཞེས་སྨྲས་པས། ༡༢ མི་དེས་ཡོ་ཨབ་ལ། གལ་ཏེ་ངའི་ལག་ཏུ་དངུལ་གྱི་ཤེ་ཀེལ་སྟོང་གཅིག་བསྐར་ནས་གཏོང་ཀྱང་། ངས་རྒྱལ་སྲས་ཀྱི་ཕྱོགས་སུ་ལག་པ་འདེགས་པར་མི་བྱ། འོ་སྐོལ་ཀུན་གྱི་ཐོས་སར། རྒྱལ་པོས་ཁྱེད་དང་ཨ་བི་ཤཱ་ཨི་དང་ཨིད་ཏཱ་ཨི་གསུམ་ལ། སུས་ཀྱང་གཞོན་ནུ་ཨབ་ཤ་ལོམ་ལ་མི་རེག་པའི་ཕྱིར་ཟོན་བྱོས་ཤིག་ཅེས་བཀའ་གནང་བ་ཡིན། ༡༣ དེ་བཞིན་བྱས་ཚེ། བདག་གིས་རང་གི་སྲོག་སླུ་བར་བྱེད་པ་སྟེ། རྒྱལ་པོ་ལ་གཏམ་གང་ཡང་ཕག་ཏུ་མེད་པ་མ་ཟད། ཁྱེད་ཀྱང་བདག་གི་ཐོག་ཏུ་བྱུང་བ་ཡིན། ཞེས་ཞུས་པས། ༡༤ ཡོ་ཨབ་ཀྱིས། ང་ཁྱོད་ཀྱི་རྩར་འདི་འདྲར་འགོར་བར་མི་ནུས་སྨྲས་པ་དང་། མདའ་གསུམ་ལག་ཏུ་ཐོགས་ནས། ཨབ་ཤ་ལོམ་ནི་ད་དུང་ཡང་བེ་ཤིང་གི་བར་ན་གསོན་པོར་ཡོད་པའི་དུས་སུ། ཁོའི་སྙིང་བརྟོལ་བར་བྱས་སོ། ༡༥ དེ་ནས་ཡོ་ཨབ་ཀྱི་མཚོན་འཁུར་བའི་ཁྱེའུ་བཅུ་ཡིས་ཨབ་ཤ་ལོམ་ལ་རུབ་སྟེ། བརྡུངས་ནས་བསད་དོ༎
༡༦ དེ་ནས་ཡོ་ཨབ་ཀྱིས་དུང་ཕུས་ནས། མི་རྣམས་ཀྱིས་ཨིས་ར་ཨེལ་ལ་འདེད་པ་ལས་ཕྱིར་ལོག་འོངས་སོ། དེ་ཅིའི་ཕྱིར་ཞེ་ན། ཡོ་ཨབ་ཀྱིས་མི་ཚོགས་ལ་འཕངས་པ་ཚོར་བའི་ཕྱིར་རོ། ༡༧ དེ་ནས་དེ་དག་གིས་ཨབ་ཤ་ལོམ་ཐོགས་པ་དང་། ནགས་གསེབ་ཀྱི་ས་དོང་ཆེན་པོ་ཞིག་གི་ནང་དུ་ཕངས་ནས། དེའི་སྟེང་དུ་རྡོ་ཕུང་ཆེན་པོ་ཞིག་སྤུངས་སོ། ཡང་ཨིས་ར་ཨེལ་ཐམས་ཅད་བྲོས་ནས། མི་རེ་རང་གི་གུར་དུ་སོང་ངོ་༎
༡༨ ཨབ་ཤ་ལོམ་གྱིས་རང་གསོན་པོ་ཡོད་པའི་ཚེ་ན་རང་གི་དོན་དུ་རྒྱལ་པོའི་ལུང་པ་རུ་ཐོ་ཞིག་བསླང་སྟེ། ཁོས་ནི། ངའི་མིང་ལུས་པའི་ཕྱིར་ཕྲུ་གུ་གང་ཡང་མེད་སྨྲས་ནས། ཐོ་དེའི་མིང་དུ་རང་གི་མིང་བཏག་སྟེ། དེ་རིང་གི་བར་དུ་ཨབ་ཤ་ལོམ་གྱི་དྲན་རྟེན་ཞེས་ཟེར་རོ༎
༡༩ དེར་ཙ་དོག་གི་བུ་ཨ་ཧི་མ་ཨས་ཀྱིས། ད་ང་རྒྱུག་ཅིང་རྒྱལ་པོ་ལ། ཡ་ཧོ་ཝཱས་ཇི་ལྟར་ཁོང་གི་དགྲ་བོ་རྣམས་ལ་ལན་བཞེས་པའི་ཕྲིན་འཁྱེར་རམ་ཞེས་ཞུས་པས། ༢༠ ཡོ་ཨབ་ཀྱིས་དེ་ལ། དེ་རིང་གི་ཉིན་པར་ཁྱོད་ཀྱིས་ཕྲིན་མ་ཁྱེར་ཞིག གཞན་ཞག་ཅིག་ཕྲིན་འཁྱེར་བར་རུང་། དེ་རིང་རྒྱལ་སྲས་གྲོངས་པས། ཕྲིན་འཁྱེར་བའི་མི་རིགས་སོ་ཞེས་སྨྲས་སོ། ༢༡ དེར་ཡོ་ཨབ་ཀྱིས་ཀུས་པ་ལ། ཁྱོད་སོང་སྟེ། ཇི་མཐོང་བ་དེ་རྒྱལ་པོ་ལ་སྦྲོན་ཞིག་ཅེས་བཀའ་སྩལ་བས། ཀུས་པས་ཡོ་ཨབ་ལ་ཕྱག་བཙལ་ཏེ་རྒྱུགས་སོ། ༢༢ སླར་ཡང་ཙ་དོག་གི་བུ་ཨ་ཧི་མ་ཨས་ཀྱིས་ཡོ་ཨབ་ལ། ཅི་འབྱུང་ན་ཡང་བྱུང་། བདག་ཀུས་པའི་རྗེས་སུ་རྒྱུག་པར་གནོང་ཞིག་ཞུས་པས། ཡོ་ཨབ་ཀྱིས། ངའི་བུ། ཁྱོད་ལ་འཁོ་བའི་ཕྲིན་མེད་ཀྱིས། ཅིའི་ཕྱིར་རྒྱུག་པར་འདོད་སྨྲས་ཀྱང་། ༢༣ དེས་ནི་ཅི་འབྱུང་ན་ཡང་བྱུང་། བདག་རྒྱུག་པར་གནོང་ཞིག་ཞུས་པས། དེས་རྒྱུག་ཅིག་ཅེས་སྨྲས་སོ། ཡང་ཨ་ཧི་མ་ཨས་ཐང་ལམ་ནས་བརྒྱུགས་ནས། ཀུས་པ་ལས་མྱུར་དུ་བསླེབས་སོ༎
༢༤ དེའི་ཚེ་དཱ་བིད་རྒྱ་སྒོ་གཉིས་ཀྱི་མཚམས་སུ་བཞུགས་ཡོད་པ་དང་། སོ་པ་ནི་རྒྱ་སྒོའི་ཐོག་གི་རྩིག་པར་འཛེགས་ནས། མིག་བཏེགས་ཤིང་བལྟས་པས། མི་རེང་ཞིག་རྒྱུག་འོང་བར་མཐོང་ངོ་། ༢༥ ཡང་སོ་པས་འབོད་ཅིང་རྒྱལ་པོ་ལ་ཞུས་པས། རྒྱལ་པོས། གལ་ཏེ་མི་གཅིག་ཡོད་ན། ཁོའི་ཁ་ནང་གཏམ་ཞིག་ཡོད་གསུངས་སོ། མི་དེ་རྒྱུག་ཅིང་ཐག་ཉེ་བར་བསླེབས་ནས། ༢༦ སོ་པས་ཡང་མི་ཞིག་རྒྱུག་འོང་བར་མཐོང་བས། སོ་པས་སྒོ་སྲུང་མཁན་ལ་བོས་ནས་དེ་ལ། ལྟོས་ཤིག ཡང་མི་རེང་ཞིག་ཚུར་རྒྱུག་གོ་ཞེས་ཟེར་བས། རྒྱལ་པོས། ཁོ་ལ་ཡང་གཏམ་ཞིག་ཡོད་སྨྲས་སོ། ༢༧ དེ་ནས་སོ་པས། མི་སྔ་མ་དེའི་རྒྱུག་ལུགས་ནི་ཙ་དོག་གི་བུ་ཨ་ཧི་མ་ཨས་ཀྱི་རྒྱུག་ལུགས་དང་འདྲ་བར་རིག་གོ་ཞེས་ཟེར་བས། རྒྱལ་པོས། ཁོ་མི་བཟང་པོ་ཡིན་པས། ཕྲིན་བཟང་པོ་ཡོད་དོ་ཞེས་གསུངས་སོ༎
༢༨ ཡང་ཨ་ཧི་མ་ཨས་ཀྱིས་འབོད་བསྒྲགས་ནས་རྒྱལ་པོ་ལ་ཕྱག་བཙལ་ཞིང་། ས་ལ་ཁ་འབུབ་ཏུ་བཏུད་ཅིང་ཁོང་ལ། བཀྲ་ཤིས་པར་གྱུར་ཅིག ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་སྟོད་པར་ཤོག ཁོང་གིས་བདག་གི་ཇོ་བོ་རྒྱལ་པོའི་ཕྱོགས་སུ་ལག་པ་བཏེགས་པའི་མི་རྣམས་དགར་བར་མཛད་དོ་ཞེས་ཞུས་པས། ༢༩ རྒྱལ་པོས། ཁྱེའུ་ཨབ་ཤ་ལོམ་ལ་ཉེ་ཞོ་མེད་པར་ཡོད་དམ་ཞེས་དྲིས་པས། ཨ་ཧི་མ་ཨས་ཀྱིས། རྒྱལ་པོའི་བྲན་པོ་ཡོ་ཨབ་ཀྱིས་སྐུ་ཉིད་ཀྱི་བྲན་པོ་བདག་བཏང་བའི་ཚེ་ན། བདག་གིས་རབ་རུབ་ཆེན་པོ་ཞིག་མཐོངས་ཀྱང་། དེ་ཅི་ཡིན། བརྟགས་པར་མ་གྱུར་ཏོ་ཞེས་ཞུས་ནས། ༣༠ རྒྱལ་པོས། ཁྱོད་ལྡོ་རུ་ནུར་ལ། འདིར་སྡོད་ཅིག བཀའ་སྩལ་བས། ཁོ་ལྡོ་རུ་ནུར་ནས་བསྡད་དོ༎
༣༡ ཡང་ལྟོས་ཤིག ཀུས་པ་དེ་བསླེབ་ནས། ཀུས་པས། ཀྱེ་བདག་གི་ཇོ་བོ་རྒྱལ་པོ་ལགས། ཡ་ཧོ་ཝཱས་དེ་རིང་གི་ཉིན་པར་ཁྱེད་ཀྱི་དགྲར་ལངས་པ་ཐམས་ཅད་ལ་ཁྲིམས་བཅད་པའི་ཞུ་ལོན་ཡོད་ཞུས་པས། ༣༢ རྒྱལ་པོས་ཀུས་པ་ལ། ཁྱེའུ་ཨབ་ཤ་ལོམ་ལ་ཉེ་ཞོ་མེད་དམ། ཞེས་འདྲིས་པའི་ལན་དུ་ཀུས་པས། བདག་གི་ཇོ་བོའི་དགྲ་བོ་རྣམས་དང་། ཁྱེད་སྣད་པའི་དོན་དུ་ལང་བ་རྣམས་ལ་ཡང་། ཁྱེའུ་དེ་དང་འདྲ་བར་གྱུར་ཅིག་ཞུས་པས། ༣༣ རྒྱལ་པོ་རབ་ཏུ་ཐུགས་འཁྲུགས་ཏེ། རྒྱ་སྒོའི་སྟེང་ཁང་དུ་འཛེགས་ནས། བཤུམ་ཞིང་། ཀྱེ་ངའི་བུ་ཨབ་ཤ་ལོམ། ངའི་བུ། ངའི་བུ་ཨབ་ཤ་ལོམ། ང་ནི་ཁྱོད་ཀྱི་ཚབ་ཏུ་ཤི་བ་ཡིན་ན་ལོས་པ། ཀྱེ་ཨབ་ཤ་ལོམ། ངའི་བུ། ངའི་བུ། ཞེས་གསུང་གིན་གྱེན་དུ་འཛེགས་སོ༎