༡༩
དེ་ནས་ཡོ་ཨབ་ལ། གཟིགས་ཤིག རྒྱལ་པོ་ནི་ཨབ་ཤ་ལོམ་གྱི་དོན་དུ་ངུ་ཞིང་མྱ་ངན་བྱེད་དོ་ཞེས་བཤད་དོ། ༢ རྒྱལ་པོས་ཉིད་ཀྱི་སྲས་ཀྱི་ཕྱིར་ཐུགས་འཁྲུགས་པའི་ཧུན་དེ་མི་ཚོགས་ཀྱིས་ཐོས་པས། ཉིན་དེའི་རྒྱལ་བ་ནི་མི་ཚོགས་ཐམས་ཅད་འཚེར་བའི་རྒྱུར་གྱུར་ཏོ། ༣ ཇི་ལྟར་འཐབ་མོ་ལས་བྲོས་པའི་མི་རྣམས་ངོ་ཚ་བཞིན་འོང་བ་ལྟར། ཉིན་མོ་དེ་ལ་མི་ཚོགས་ནི་གྲོང་ཁྱེར་དུ་ཡིབ་ཅིང་ཞུགས་སོ། ༤ རྒྱལ་པོས་ནི་ཞལ་གདོང་བཏུམ་སྟེ། རྒྱལ་པོས་འོ་དོད་བཏང་ནས། ཀྱེ་ངའི་བུ་ཨབ་ཤ་ལོམ། ཀྱེ་ཨབ་ཤ་ལོམ། ངའི་བུ། ངའི་བུ་ཞེས་བོས་པས། ༥ ཡོ་ཨབ་རྒྱལ་པོའི་དྲུང་དུ་ཁྱིམ་དུ་སོང་སྟེ་དེ་ལ། དེ་རིང་གི་ཉིན་པར་ཁྱེད་ཀྱིས་ཉིད་ཀྱི་བྲན་འཁོར་ཐམས་ཅད་ཀྱི་གདོང་ཁྲེལ་དུ་བཅུག་པ་ཡིན། དེ་དག་གིས་ཁྱེད་ཀྱི་སྲོག་དང་། ཁྱེད་ཀྱི་སྲས་དང་སྲས་མོའི་སྲོག་དང་། ཁྱེད་ཀྱི་བཙུན་མོ་རྣམས་ཀྱི་སྲོག་དང་། ཁྱེད་ཀྱི་གཟིམ་གྲོགས་རྣམས་ཀྱི་སྲོག་སྐྱོབ་བྱས་ཀྱང་། ༦ ཁྱེད་ཀྱིས་ཉིད་ལ་འཁོན་ཁུར་པ་རྣམས་ལ་སྙིང་བརྩེ་བ་དང་། མཛའ་བོ་རྣམས་ལ་སྡང་བར་མཛད་དོ། དེ་རིང་གི་ཉིན་པར་ཁྱེད་ཀྱིས་དཔོན་པོ་དང་བྲན་གཉིས་ཀར་མི་རྩི་བ་དེ་བསྟན་པ་ཡིན། ཇི་སྟེ་ཨབ་ཤ་ལོམ་གསོན་ཞིང་། བདག་ཅག་ཐམས་ཅད་ཤི་བ་ཡིན་ན། ཁྱེད་ཀྱི་ཐུགས་ལྷོད་དེ་སོང་བ་ཡིན། དེ་བཞིན་བདག་གིས་དེ་རིང་མཐོང་བས་ན། ༧ ད་བཞེངས་ནས། ཕྱི་རུ་ཕེབས་ཏེ། ཁྱེད་ཀྱི་བྲན་རྣམས་ལ་བདེ་བའི་ཞལ་ཏ་མཛོད་ཅིག ངེས་མེད་དུ་ཁྱེད་མ་མཐོང་ན། མཚན་འདི་ལ་ཁྱེད་དང་མཉམ་དུ་མི་གཅིག་ཀྱང་མི་ལུས་ཏེ། སྐུ་ན་ཕྲ་མོ་ནས་ཚུན་དུ་ཁྱེད་ལ་ཕོག་པའི་སྡུག་བསྔལ་ཐམས་ཅད་ལས། འདི་ནི་ལྷག་པར་ཐུ་བར་འགྱུར་རོ་ཞེས་སྨྲས་པས། ༨ རྒྱལ་པོ་བཞེངས་ནས། རྒྱ་སྒོར་གདན་ཆགས་པས། དེ་དག་གིས་མི་ཚོགས་ལ། ལྟོས་ཤིག རྒྱལ་པོ་རྒྱ་སྒོར་བཞུགས་ཤེས་བཤད་པས། མི་ཚོགས་རྒྱལ་པོའི་དྲུང་དུ་ལྷགས་སོ༎ཨིས་ར་ཨེལ་གྱི་མི་ཐམས་ཅད་རེ་རང་གི་གུར་དུ་བྲོས་སོ། ༩ ཡང་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ཀྱི་རུས་རྣམས་ཀྱི་ནང་ན་ནང་འཁྲུགས་ལངས་པ་དང་། དེ་དག་གིས། རྒྱལ་པོས་བདག་ཅག་ནི་རང་གི་དགྲ་བོ་རྣམས་ཀྱི་ལག་ནས་ཐར་དུ་བཅུག་ནས། ཕེ་ལེ་ཤེད་པའི་ལག་པ་ལས་བསྒྲལ་བར་མཛད་ཀྱང་། ད་ལྟ་ཨབ་ཤ་ལོམ་གྱི་ཕྱིར་ཡུལ་ནས་བྲོས་དགོས་བྱུང་། ༡༠ འོ་སྐོལ་གྱིས་རྒྱལ་པོར་བྱུགས་པའི་ཨབ་ཤ་ལོམ་ནི་འཐབ་མོར་ཤིའོ། ད་ཁྱོད་ཚོས་རྒྱལ་པོ་སླར་སྤྱན་འདྲེན་པའི་སྐོར་ཚིག་གཅིག་ཀྱང་མི་ལབ་པ་དེ་ཅི་ཡིན་ཞེས་པའི་གཏམ་བྱས་སོ༎
༡༡ དེར་རྒྱལ་པོ་དཱ་བིད་ཀྱིས་བླ་མ་ཙ་དོག་དང་ཨབ་ཡ་ཐར་གཉིས་ལ་འཕྲིན་སྐུར་ཞིང་དེ་དག་ལ། ཁྱོད་གཉིས་ཀྱིས་ཡ་ཧུ་དཱ་ཡི་རྒན་རབས་རྣམས་ལ་འདི་སྐད་སྨྲ་བའི་རིགས་སོ། རྒྱལ་པོ་ཕོ་བྲང་རང་དུ་འདྲེན་པར། ཁྱོད་རྣམས་ཐམས་ཅད་པས་རྟིང་མར་གྱུར་པ་དེ་ཅི་ཡིན། ཞེས་སྨྲས་སོ། དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་ཡོངས་ཀྱིས་རྒྱལ་པོ་ཁྱིམ་དུ་སྤྱན་འདྲེན་པའི་གཏམ་ནི་ཁོང་གི་དྲུང་དུ་སླེབ་ཚར་བ་ཡིན། ༡༢ ཁྱོད་རྣམས་ངའི་སྤུན་ཟླ་དང་། རུས་པ་དང་། ཤ་ཡིན་པས། རྒྱལ་པོ་སླར་རང་གི་ཁྱིམ་དུ་འདྲེན་པའི་ཕྱིར། ཁྱོད་རྣམས་ཅིའི་ཕྱིར་རྟིང་ལ་ལུས། ༡༣ ཤེས་དྲིས་ནས། ཨ་མ་སཱ་ལ། ཁྱོད་ངའི་རུས་པ་དང་ཤ་མ་ཡིན་ནམ། གལ་ཏེ་ངས་ཁྱོད་ཡོ་ཨབ་ཀྱི་མལ་དུ་བདག་གི་དྲུང་དུ་གཏན་དུ་དམག་དཔོན་དུ་མི་བྱེད་ན། ཡ་ཧོ་ཝཱས་བདག་ལ་དེ་བཞིན་དང་དེ་ལས་ཀྱང་ལྷག་པར་མཛོད་ཅིག་ཅེས་པའི་གཏམ་སྦྲོན་པར་དགོས་ཤེས་བསྒོའོ། ༡༤ དེ་ལྟར་ཁོང་གིས་མི་གཅིག་གི་སྙིང་བཀུག་པ་ལྟར། ཡ་ཧུ་དཱ་པ་རྣམས་ཀྱི་སྙིང་ཧྲིལ་བཀུག་པར་མཛད་པས། དེ་དག་གིས་རྒྱལ་པོ་ལ། འཁོར་གཡོག་ཐམས་ཅད་དང་བཅས་སུ་གདན་འཁོར་དུ་ཞུ་ལོན་ཕུལ་བས།
༡༥ རྒྱལ་པོ་གདན་འཁོར་ནས། ཡོར་དན་གྱི་འགྲམ་དུ་ཕྱིན་ཏོ། དེ་རུ་ཡ་ཧུ་དཱ་ནི་རྒྱལ་པོར་གདན་བསུ་བ་དང་། རྒྱལ་པོ་ཡོར་དན་གྱི་ཚུར་ཁར་གདན་ཞུ་བར་གིལ་གལ་དུ་བསླེབས་སོ། ༡༦ ཡང་བེན་ཡ་མིན་པ་གེ་རཱ་ཡི་བུ། བ་ཧུ་རིམ་པ་ཤི་མེ་ཨི་བྱ་བ་དེ་ནི་རྒྱལ་པོ་དཱ་བིད་ལ་གདན་བསུ་བར་ཡ་ཧུ་དཱ་པ་རྣམས་དང་བཅས་སུ་རྟབ་རྟོབ་ཏུ་སོང་ནས་འབབ་འོངས་སོ། ༡༧ དེ་དང་མཉམ་པོ་བེན་ཡ་མིན་པ་མི་སྟོང་ཕྲག་གཅིག་དང་། ཤ་ཨུལ་གྱི་གཡོག་པོ་ཙི་བཱ་དང་། དེའི་བུ་བཅོ་ལྔ་དང་། གཡོག་པོ་ཉི་ཤུ་ཡོད་པ་ཡིན། དེ་དག་རྒྱལ་པོའི་དྲུང་དུ་ཡོར་དན་རྒལ་ཏེ་སོང་ནས། ༡༨ རྒྱལ་པོའི་སླས་རྣམས་འདྲེན་པ་དང་། ཁོང་གི་སྤྱན་ལ་རན་པའི་ལས་བྱེད་ཅིང་དེ་དག་འཁྱེར་བྱའི་གྲུ་གཟིངས་ཤིག་ཕར་ཁར་སོང་ངོ་༎
དེ་ནས་རྒྱལ་པོས་ཡོར་དན་རྒལ་ཏེ་ཕྱིན་པའི་ཚེ་ན། གེ་རཱ་ཡི་བུ་ཤི་མེ་ཨི་ཡིས་རྒྱལ་པོའི་དྲུང་དུ་ཁ་འབུབ་ཏུ་ཕྱག་བཙལ་བ་དང་རྒྱལ་པོ་ལ། ༡༩ བདག་གི་ཇོ་བོས་བདག་ལ་ཉེས་སྡིག་མ་ཁེལ་ཞིག བདག་གི་ཇོ་བོ་རྒྱལ་པོ་ཡེ་རུ་ཤ་ལེམ་ནས་ཐོན་པའི་ཚེ་ན། ཁྱེད་ཀྱི་བྲན་པོས་ལོག་པར་སྨྲས་པ་དེ་ནི་རྒྱལ་པོའི་ཐུགས་ནང་མི་ལུས་པའི་དོན་དུ་དྲན་པར་མ་མཛོད་ཅིག ༢༠ བདག་གིས་ཉེས་སྡིག་བྱས་པ་དེ་ནི་ཁྱེད་ཀྱི་བྲན་པོས་ངོ་ཕྲོད་པས། གཟིགས་དང་། དེའི་ཕྱིར་བདག་ནི་དེ་རིང་གི་ཉིན་པར་བདག་རང་གི་ཇོ་བོ་རྒྱལ་པོར་གདན་བསུ་བར། ཡོ་སེབ་ཀྱི་བརྒྱུད་ཐམས་ཅད་ཀྱི་ནང་ནས་དང་པོར་འདིར་འོངས་པ་ཡིན།
༢༡ ཞེས་ཞུས་པའི་ལན་དུ་ཙེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨིས། ཤི་མེ་ཨིས་ཡ་ཧོ་ཝཱས་བྱུགས་པ་ལ་དམོད་པ་བཏབ་པས། ཁོ་གསོད་པར་མི་གཤའ་འམ་ཞེས་སྨྲས་པས། ༢༢ དཱ་བིད་ཀྱིས། ཙེ་རུ་ཡཱ་ཡི་བུ་རྣམས། ཁྱོད་ཅག་དང་ང་ལ་བྲེལ་བ་ཅི་ཡོད། ཁྱོད་ཅག་གིས་དེ་རིང་གི་ཉིན་པར་ང་ལ་སྡང་བ་དེ་ཅི་ཡིན། དེ་རིང་གི་ཉིན་པར་མི་གང་ཡང་གསོད་པར་རུང་ངམ། དེ་རིང་ང་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་ཡིན་པ་དེ་ནི་ངས་མི་ཤེས་སམ་ཞེས་གསུངས་ནས། ༢༣ རྒྱལ་པོས་ཤི་མེ་ཨི་ལ། ཁྱོད་འཆི་བར་མི་འགྱུར་རོ་ཞེས་བསྒོ་ཞིང་། རྒྱལ་པོས་ཁོའི་ཆེད་དུ་མནའ་བསྐྱལ་ལོ༎
༢༤ དེར་ཤ་ཨུལ་གྱི་བུ་མེ་ཕི་བོ་ཤེད་ཀྱང་རྒྱལ་པོར་གདན་བསུ་བར་འོངས་སོ། རྒྱལ་པོ་བཞེངས་པའི་ཉིན་མོ་ནས་བཟུང་སྟེ། ཁོང་ལ་ཐོགས་པ་མེད་པར་གདན་འཁོར་བའི་བར་དུ། རྐང་པ་མ་བཀྲུས། སྨ་ར་ཡང་མ་བཀྲུམས། གོས་ཀྱང་མ་བཀྲུས་སོ། ༢༥ ཡང་ཁོ་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་མཇལ་བར་འོང་བའི་ཚེ་ན། རྒྱལ་པོས་དེ་ལ། ཀྱེ་མེ་ཕི་བོ་ཤེད། ཁྱོད་ང་དང་མཉམ་དུ་ཅིའི་ཕྱིར་འོངས་པ་མ་ཡིན། ཞེས་འདྲིས་པའི་ལན་དུ། ༢༦ དེས་ནི། ཀྱེ་བདག་གི་ཇོ་བོ་རྒྱལ་པོ། བདག་གི་གཡོག་པོས་བདག་གི་མགོ་བསྐོར་ཏོ། ཁྱེད་ཀྱི་བྲན་པོ་བདག་གིས་ནི། ཞོན་ནས། རྒྱལ་པོའི་དྲུང་དུ་འགྲོ་བར་བོང་བུར་སྒ་བསྟོད་པར་བྱ་ཞེས་སྨྲས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱི་བྲན་པོ་ཞ་བོ་ཡིན་པའི་ཕྱིར་རོ། ༢༧ མི་དེས་བདག་གི་ཇོ་བོ་རྒྱལ་པོའི་དྲུང་དུ་ཁྱེད་ཀྱི་བྲན་པོ་ཕྲན་གྱི་སྙན་ཕྲ་ཕུལ་ཀྱང་། བདག་གི་ཇོ་བོ་རྒྱལ་པོ་ནི་དཀོན་མཆོག་གི་ཕོ་ཉ་དང་འདྲ་བས། ཁྱེད་ཀྱི་གཟིགས་ངོར་ཅི་བདེ་བ་དེ་མཛོད་ཅིག ༢༨ བདག་གི་ཕ་བརྒྱུད་ཐམས་ཅད་ནི་བདག་གི་ཇོ་བོ་རྒྱལ་པོའི་དྲུང་དུ་མི་ཤི་མཁན་ལྟ་བུར་ཡོད་རུང་། ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་ནི་ཁྱེད་ཀྱི་གསོལ་ལྕོག་ལས་ཟ་བའི་གྲལ་དུ་བཅུག་པས། བདག་གིས་རྒྱལ་པོའི་དྲུང་དུ་ལྷག་པར་འོ་དོད་གཏོང་བའི་རིགས་སམ། ཞེས་ཞུས་པས། ༢༩ རྒྱལ་པོས་དེ་ལ། ཁྱོད་ཀྱིས་ད་དུང་ཡང་རང་གི་ལོ་རྒྱུས་འཆད་པ་དེ་ཅི་ཡིན། ངས་ནི། ཁྱོད་དང་ཙི་བཱ་གཉིས་ཀྱིས་གཞིས་ཀ་བགོད་པར་བྱོས་ཤིག ཅེས་ངས་བསྒོ་ཟིན་ཏོ། གསུངས་པ་དང་། ༣༠ མེ་ཕི་བོ་ཤེད་ཀྱིས་རྒྱལ་པོ་ལ། ལེགས་སོ། བདག་གི་ཇོ་བོ་རྒྱལ་པོ་ཉེ་ཞོ་མེད་པར་རང་གི་ཕོ་བྲང་དུ་གདན་འཁོར་བྱུང་བས། ཁོས་ཐམས་ཅད་འཁྱེར་ཀྱང་ཆོག་ཅེས་གསོལ་ཏོ༎
༣༡ གཞན་ཡང་གིལ་ཨད་པ་བར་ཟིལ་ལཱ་ཨི་དེ་ནི་རོ་གེ་ལིམ་ནས་མར་འོང་ནས། རྒྱལ་པོ་གདན་སྐྱེལ་བའི་ཕྱིར། ཁོང་དང་ལྷན་གཅིག་ཏུ་ཡོར་དན་གྱི་ཚུར་རོལ་དུ་འོངས་སོ། ༣༢ བར་ཟིལ་ལཱ་ཨི། མི་ཤིན་ཏུ་རྒས་པ་དང་། ལོ་བརྒྱད་ཅུར་ཕྱིན་པ་ཞིག་ཡིན་ཏེ། རྒྱལ་པོ་མ་ཧ་ནཱ་ཨིམ་དུ་ལུས་པའི་ཚེ་ན། བར་ཟིལ་ལཱ་ཨི་མི་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ཁོས་དམག་ཟན་བསྐྱལ་ཏོ། ༣༣ དེའི་ཕྱིར་རྒྱལ་པོས་བར་ཟིལ་ལཱ་ཨི་ལ། ཁྱོད་ང་དང་མཉམ་དུ་འདོང་དང་། ངས་ཡེ་རུ་ཤ་ལེམ་ནང་ང་རང་དང་ལྷན་ཅིག་ཏུ་ཁྱེད་ཀྱི་གསོ་སྐྱོང་བྱའོ་ཞེས་གསུངས་ཀྱང་། ༣༤ བར་ཟིལ་ལཱ་ཨི་ཡིས་རྒྱལ་པོ་ལ། ཕྲན་རྒྱལ་པོ་དང་མཉམ་དུ་ཡེ་རུ་ཤ་ལེམ་དུ་ཡར་སོང་སྟེ། ད་ཕྲན་གྱི་ཚེའི་ལོ་ལས་ཞག་ཅི་སྙེད་ཅིག་ལུས་ཡོད། ༣༥ དེ་རིང་གི་ཉིན་པར་བདག་ལོ་བརྒྱད་ཅུ་ལོན་པས། བདག་གིས་བཟང་ངན་གཉིས་ཀྱི་ཤན་འབྱེད་ནུས་སམ། ཁྱེད་ཀྱི་བྲན་པོས་ཅི་ཟ་བ་དང་འཐུང་བའི་བྲོ་བ་མྱོང་ཐུབ་བམ། གླུ་མཁན་ཕོ་མོའི་དབྱངས་བདག་གིས་ཐོས་པར་ནུས་སམ། དེ་བས་ན་ཁྱེད་ཀྱི་བྲན་པོ་ནི་ཅིའི་ཕྱིར་རང་གི་ཇོ་བོ་རྒྱལ་པོའི་ཁལ་དུ་འགྱུར་བར་བྱ། ༣༦ ཁྱེད་ཀྱི་བྲན་པོ་ནི་རྒྱལ་པོ་དང་མཉམ་དུ་ཡོར་དན་གྱི་ཕར་ཁའི་བར་ཅུང་ཟད་ཅིག་འགྲོ་བ་ལ། རྒྱལ་པོས་བདག་ལ་དེ་ལྟ་བུའི་གསོལ་རས་སྟེར་བར་དགོས་སམ། ༣༧ ཁྱེད་ཀྱི་བྲན་པོ་ལོག་ཏུ་གནོང་ཞིག དེ་ནས་བདག་རང་གི་གྲོང་ཁྱེར་དུ་འཆི་བར་གྱུར་ཡང་། རང་གི་ཕ་དང་རང་གི་མ་ཡི་དུར་ཁུང་དུ་སྐུང་བར་འགྱུར་རོ། ཁྱེད་ཀྱི་བྲན་པོ་ཁིམ་ཧམ་འདི་ལ་གཟིགས་ཤིག དེ་ནི་བདག་གི་ཇོ་བོ་རྒྱལ་པོ་དང་ལྷན་ཅིག་ཏུ་ཕ་རོལ་དུ་འགྲོ་སྟེ། དེ་ལ་ཁྱེད་གང་ཐུགས་དགྱེས་པ་བཞིན་མཛོད་ཅིག་ཅེས་ཞུས་པའི་ལན་དུ་རྒྱལ་པོས། ༣༨ ཁིམ་ཧམ་ནི་ང་དང་མཉམ་དུ་ཕར་འགྲོ་སྟེ། ཁྱོད་གང་འདོད་པ་ངས་དེ་ལ་བྱའོ། གཞན་ཡང་ཁྱོད་ཀྱིས་ང་ལས་ཅི་ཞུ་ན་ཡང་། དེ་ནི་ངས་ཁྱོད་ཀྱི་ངོར་བྱའོ་ཞེས་སྨྲས་ནས། ༣༩ མི་ཚོགས་ཐམས་ཅད་ཡོར་དན་རྒལ་ཟིན་ཏེ། རྒྱལ་པོ་ནི་ཚུར་ཁར་འབྱོན་པའི་ཚེ་ན། ཁོང་གིས་བར་ཟིལ་ལཱ་ཨི་ལ་འོ་བྱེད་ཅིང་བྱིན་རླབས་མཛད་ནས། དེ་ནི་རང་གི་ཁྱིམ་དུ་ལོག་གོ།
༤༠ དེ་ནས་རྒྱལ་པོ་གིལ་གལ་དུ་གཤེགས་པ་དང་། ཁིམ་ཧམ་ཁོང་དང་མཉམ་དུ་སོང་ངོ་། དེར་ཡ་ཧུ་དཱ་ཡི་མི་བརྒྱུད་ཐམས་ཅད་དང་ཨིས་ར་ཨེལ་གྱི་མི་བརྒྱུད་ཕྱེད་ཀྱིས་རྒྱལ་པོ་ལ་ཞབས་ཕྱི་ཞུས་སོ། ༤༡ ཡང་ཀྱེ་ཧོ། ཨིས་ར་ཨེལ་པ་ཐམས་ཅད་རྒྱལ་པོའི་དྲུང་དུ་འོངས་ནས་རྒྱལ་པོ་ལ། ངེད་ཀྱི་སྤུན་ཡ་ཧུ་དཱ་པ་རྣམས་ཀྱིས་ཅིའི་ཕྱིར་ཁྱེད་བརྐུས་ནས། རྒྱལ་པོ་དང་། ཁོང་གི་སླས་དང་། དཱ་བིད་མཉམ་ཡོད་པའི་མི་ཐམས་ཅད་ནི་ཡོར་དན་གྱི་ཕ་རོལ་ནས་ཅིའི་ཕྱིར་གདན་དྲངས། ཤེས་ཞུས་པས། ༤༢ ཡ་ཧུ་དཱ་པ་རྣམས་ཀྱིས་ཨིས་ར་ཨེལ་པ་ལ་གཏམ་ལན་དུ། ང་རྣམས་དང་རྒྱལ་པོ་ནི་གཉེན་ཉེ་བས། དེ་ལྟར་བྱས་ཀྱིས། བྱ་བ་དེའི་སླད་དུ་ཁྱོད་རྣམས་ལ་ཁྲག་རླུང་ལང་བ་དེ་ཅི་ཡིན། ང་རྣམས་ཀྱིས་རྒྱལ་པོའི་རིན་ལས་ཅི་ཞིག་ཟོས་སམ། ཁོང་གིས་ངེད་ལ་གསོལ་རས་གནང་བ་ཡིན་ནམ། ཞེས་སྨྲས་པས། ༤༣ ཨིས་ར་ཨེལ་པ་རྣམས་ཀྱིས་ཡ་ཧུ་དཱ་པ་རྣམས་ལ་ལན་དུ། ང་རྣམས་ལ་རྒྱལ་པོའི་ནང་ན་སྐལ་བ་བཅུ་ཐམ་པ་ཡོད་དེ། ཁྱོད་ཚོ་ལས་དཱ་བིད་ཀྱི་ནང་ན་ང་ཚོའི་སྐལ་བ་ཐེབ་ཡོད། རྒྱལ་པོ་གདན་ཞུ་བའི་ཕྱིར་ང་ཚོ་ལས་དང་པོར་གྲོས་མ་འདྲི་བར། ཁྱོད་ཅག་གིས་ང་ཚོ་ལ་ཅིའི་ཕྱིར་ངན་ཆེན་བྱེད། ཅེས་དྲིས་ནས། ཨིས་ར་ཨེལ་གྱི་གཏམ་ལས་ཡ་ཧུ་དཱ་པའི་གཏམ་ལན་ཚ་བར་གྱུར་ཏོ༎