༢༠
དེར་བེན་ཡ་མིན་པ་བིག་རིའི་བུ་ཤེ་བཱ་ཞེས་བྱ་བའི་མི་ངན་པ་ཞིག་བྱུང་ནས། དེས་ནི་དུང་འབུད་ཅིང་འདི་སྐད་དུ། ངེད་ཚོ་ལ་དཱ་བིད་ཀྱི་ནང་ན་སྐལ་བ་མེད་དེ། ཨི་ཤཱ་ཡི་བུ་མཉམ་ནོར་སྐལ་མེད་པས། ཀྱེ་ཨིས་ར་ཨེལ། མི་རེ་རང་གི་གུར་དུ་སོང་ཞིག་ཅེས་ཟེར་བས།  ཨིས་ར་ཨེལ་པ་ཐམས་ཅད་དཱ་བིད་ཀྱི་རྗེས་སུ་མ་འབྲང་བར། བིག་རི་ཡི་བུ་ཤེ་བཱ་ཡི་རྒྱབ་ནས་འབྲངས་ཀྱིས། ཡ་ཧུ་དཱ་པ་རྣམས་ཡོར་དན་ནས་བཟུང་སྟེ་ཡེ་རུ་ཤ་ལེམ་གྱི་བར་དུ་རང་གི་རྒྱལ་པོ་ལ་འབྱར་འབྱར་པར་བསྡད་དོ༎
 དེ་ནས་དཱ་བིད་་ཡེ་རུ་ཤ་ལེམ་དུ་རང་གི་ཕོ་བྲང་དུ་ཕྱིན་པ་དང་། ཁྱིམ་སྲུང་བར་བཞག་པའི་བུད་མེད་གཟིམ་གྲོགས་བཅུ་པོ་དེ་རྣམས་དགར་བཞག་གོ། ཁོང་གིས་དེ་དག་ལ་བསྩལས་ཀྱང་། དེ་དག་གི་རྩར་མ་བྱོན་པས། དེ་དག་འཆི་བའི་ཉིན་མོའི་བར་དུ་བཙོན་ནང་མོ་རང་མོའི་ཚུལ་དུ་གནས་སོ༎
 དེ་ནས་རྒྱལ་པོས་ཨ་མ་སཱ་ལ། ཞག་གསུམ་གྱི་ནང་དུ་ཡ་ཧུ་དཱ་ཡི་མི་ཐམས་ཅད་ངའི་དྲུང་དུ་ཁུག་ལ། ཁྱོད་རང་ཡང་འདི་རུ་འོང་བར་དགོས་ཤེས་བཀའ་སྩལ་བས།  ཡ་ཧུ་དཱ་པ་རྣམས་སྡུད་པའི་ཕྱིར་ཨ་མ་སཱ་སོང་ནས། ཞག་ཆད་ལས་མང་དུ་འགོར་བས།  དཱ་བིད་ཀྱིས་ཨ་བི་ཤཱ་ཨི་ལ། ད་ལྟ་ཨབ་ཤ་ལོམ་ལས་བིག་རིའི་བུ་ཤེ་བཱ་ཡིས་ངེད་ཅག་ལ་ལྷག་པར་གནོད་པ་བྱེད་འོང་། དེ་བས་ན་མི་དེ་གྲོང་ཁྱེར་བཙན་པོའི་ནང་དུ་ཞུགས་ནས། ངེད་ཀྱི་མིག་ལས་མ་སྟོར་བའི་གོང་དུ། ཁྱོད་ཀྱིས་རང་གི་ཇོ་བོའི་བྲན་རྣམས་འཁྲིད་ཅིང་། ཁོའི་རྗེས་སུ་འདེད་པར་གྱིས་ཤིག་ཅེས་བསྒོ་བས།  དེའི་རྒྱབ་ནས་ཡོ་ཨབ་ཀྱི་མི་རྣམས་དང་། ཀེ་རེད་པ་དང་། པེ་ལེད་པ་དང་། རྩལ་ཅན་ཐམས་ཅད་ཐོན་ནས། ཡེ་རུ་ཤ་ལེམ་ལས་བྱུང་བ་དང་། བིག་རིའི་བུ་ཤེ་བཱ་ལ་འདེད་པར་སོང་ངོ་།  གི་བེ་ཨོན་གྱི་ཕ་བོང་ཆེན་པོར་སླེབ་པའི་ཚེ་ན། ཨ་མ་སཱ་དེ་དག་གི་མདུན་ཕྱོགས་ལས་འོངས་སོ། ཡང་ཡོ་ཨབ་ཀྱིས་གོན་པའི་ཁྲབ་ཀྱི་ཁར་སྐ་རགས་བཅིང་སྟེ། ཁོའི་རྐེད་པ་རུ་ཤུབས་ཀྱི་ནང་ན་རལ་གྲི་ཞིག་ཡོད་པ་ཡིན། ཁོ་ནི་འགྲུལ་བར་ཙམ་གྱིས་རལ་གྲི་དེ་ཐོན་སོང་ངོ་།  དེར་ཡོ་ཨབ་ཀྱིས་ཨ་མ་སཱ་ལ། ངའི་སྤུན་མཆེད། སྐུ་ཁམས་བདེ་ལགས་སམ་ཟེར་ནས། ཡོ་ཨབ་ཀྱིས་ལག་པ་གཡས་པས་ཨ་མ་སཱའི་སྨ་ར་ལ་འཐམས་ཏེ། དེ་ལ་འོ་བྱས་སོ། ༡༠ ཨ་མ་སཱ་ཡིས་ཡོ་ཨབ་ཀྱི་ལག་ཏུ་ཡོད་པའི་རལ་གྲི་ལ་ཟོན་མ་བྱས་པས། དེའི་རྩིབ་མ་ལྔ་པར་བརྒྱབས་ནས། རྒྱུ་མ་ས་རུ་བླུགས་སོ། གཞན་རྡུང་དགོས་མ་བྱུང་བར་ཤིའོ། དེ་ནས་ཡོ་ཨབ་དང་དེའི་ནུ་བོ་ཨ་བི་ཤཱ་ཨི་གཉིས་བིག་རིའི་བུ་ཤེ་བཱ་ལ་བདས་སོ། ༡༡ ཡོ་ཨབ་ཀྱི་གཞོན་ནུ་རྣམས་ཀྱི་ནང་ནས་གཅིག་ཨ་མ་སཱ་ཡི་མདུན་དུ་བསྡད་པ་དང་། དེས་ནི། སུ་ཡང་ཡོ་ཨབ་ལ་དགའ་བ་དང་། དཱ་བིད་ཀྱི་ཕྱོགས་པ་རྣམས་ནི། ཡོ་ཨབ་ཀྱི་ཕྱི་བཞིན་སོང་ཞིག་ཅེས་བསྐུལ་ཏོ། ༡༢ ཨ་མ་སཱ་ལམ་དཀྱིལ་ན་ཁྲག་གི་ནང་ན་འགྲེ་ལྡོག་བྱེད་པས། མི་དེས་མི་ཚོགས་ཐམས་ཅད་དེ་རུ་སྒུག་པར་མཐོང་བས། ཁོས་ཨ་མ་སཱ་ལམ་ལས་ཐང་དུ་ཁྱེར་ཏོ། ད་དུང་ཡང་དེ་རུ་བསླེབ་པ་ཐམས་ཅད་སྒུག་པར་མཐོང་བས། ཨ་མ་སཱ་རས་ཀྱིས་བཀབ་བོ། ༡༣ ཁོ་ལམ་ཁ་ལས་འཐེན་པའི་ཚེ་ན། མི་ཚོགས་ཐམས་ཅད་བིག་རིའི་བུ་ཤེ་བཱ་ལ་འདེད་པར་ཡོ་ཨབ་ཀྱི་རྗེས་སུ་སོང་ངོ་༎
༡༤ དེ་ནས་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་དང་། ཨ་བེལ་དང་། བེད་མ་ཨ་ཁ་རྣམས་རྒྱུད་དེ་བེ་རིམ་གྱི་བར་དུ་བསླེབས་སོ། ཡུལ་དེའི་མི་ཐམས་ཅད་བསྡུས་ནས། ཁོའི་ཕྱི་བཞིན་སོང་ངོ་། ༡༥ དེ་དག་འོངས་ནས། ཁོ་ནི་ཨ་བེལ་་བེད་མ་ཨ་ཁའི་ནང་དུ་དགར་བར་བྱས་ཏེ། གྲོང་ཁྱེར་གྱི་མདུན་དུ་ཕག་ར་བྱས་ནས། ལྕགས་རིའི་ཐད་ཀར་བསྡད་དོ། ཡོ་ཨབ་དང་བཅས་སུ་ཡོད་པ་རྣམས་ཀྱིས་ལྕགས་རི་རློག་ཏུ་བསྙེགས་པར་བྱས་སོ། ༡༦ དེའི་ཚེ་གྲོང་ཁྱེར་ལས་བུད་མེད་བློ་གྲོས་དང་ལྡན་པ་ཞིག་གིས་བོས་ཏེ། གསན་དང་། ཁྱོད་ཅག་གིས་ཡོ་ཨབ་ལ། ཉེ་བར་འོང་དང་། ངས་ཁྱེད་ལ་གཏམ་ཞིག་ཞུ་བར་བྱའོ་ཞེས་ཟེར་ཞིག་སྨྲས་པས། ༡༧ དེ་ནི་ཉེ་བར་ཕྱིན་པའི་ཚེ་ན་བུད་མེད་ཀྱིས། ཁྱེད་རང་ཡོ་ཨབ་ལགས་སམ། ཞེས་སྨྲས་པའི་ལན་དུ་ཁོས། ང་ཡིན་སྨྲས་སོ། དེ་ནས་བུད་མེད་ཀྱིས། ཁྱེད་ཀྱི་བྲན་མོའི་གཏམ་ལ་གསན་ཅིག་ཅེས་ཞུས་པས། ཁོས་ང་ཉན་ནོ་ཞེས་སྨྲས་སོ། ༡༨ ཡང་བུད་མེད་ཀྱིས། སྔོན་དུས་ཀྱི་གཏམ་ལོ་ལ། དེ་དག་གིས་ཅི་ནས་ཀྱང་ཨ་བེལ་ནང་གྲོས་འདྲི་བའི་ནང་ནས་བྱ་བ་རྫོགས་པར་བྱས་ཞེས་ཟེར་རོ། ༡༩ ང་ནི་བཟང་སྒྲིག་ལ་དགའ་བ་དང་། བློ་དྲང་བའི་ཨིས་ར་ཨེལ་པའི་ཁྲོད་ལས་ཡིན། ཁྱེད་ཅག་གིས་གྲོང་ཁྱེར་དང་ཨིས་ར་ཨེལ་གྱི་མ་ཞིག་མེད་པར་བྱེད་པར་ཐབས་འཚོལ་ལོ། དེ་བས་ན་ཁྱེད་ཀྱིས་ཡ་ཧོ་ཝཱའི་ནོར་སྐལ་མིད་སྙིང་འགྲོ་བ་དེ་ཅི་ཡིན་ཞེས་ཞུས་པས། ༢༠ ཡོ་ཨབ་ཀྱིས་ལན་དུ། མིད་པ་དང་མེད་པར་བྱེད་པ་འདི་ནི། ང་ལས་རྒྱང་རིང་བར་གྱུར་ཅིག རྒྱང་རིང་བར་གྱུར་ཅིག ༢༡ ལ་རྒྱ་འདི་ནི་དེ་བཞིན་མ་ཡིན་གྱི། ཨེབ་ར་ཨིམ་རིའི་བིག་རིའི་བུ་ཤེ་བཱ་བྱ་བ་དེས་རང་གི་ལག་པ་རྒྱལ་པོ་དཱ་བིད་ཀྱི་ཕྱོགས་སུ་བཏེགས་པས། ཁྱོད་ཀྱིས་མི་དེ་གཅིག་འབའ་ཞིག་ངའི་ལག་ཏུ་གཏོང་ན། ང་གྲོང་ཁྱེར་ལས་ཕར་འགྲོ་ངེས། ཞེས་སྨྲས་པས། བུད་མེད་ཀྱིས་ཡོ་ཨབ་ལ། གཟིགས་ཤིག དེའི་མགོ་ནི་ལྕགས་རིའི་གོང་ནས་དབྱུག་པར་བྱའོ་ཞེས་སྨྲས་ནས། ༢༢ བུད་མེད་དེས་རང་གི་བྱུས་ཀྱིས་མི་ཚོགས་ཀྱི་རྩར་སོང་སྟེ། དེ་དག་གིས་བིག་རིའི་བུ་ཤེ་བཱ་ཡི་མགོ་བཅད་དེ། ཕྱི་རོལ་ཏུ་ཡོ་ཨབ་ཀྱི་དྲུང་དུ་དབྱུགས་པས། དེས་ནི་དུང་ཕུས་ཏེ། མི་རྣམས་གྲོང་ཁྱེར་དེ་ལས་ཆས་པ་དང་། རེ་རང་གི་གུར་དུ་སོང་ངོ་། དེ་ནས་ཡོ་ཨབ་ཕྱིར་ལོག་ནས། ཡེ་རུ་ཤ་ལེམ་དུ་རྒྱལ་པོའི་དྲུང་དུ་ཕྱིན་ཏོ༎
༢༣ ཡོ་ཨབ་ནི་ཨིས་ར་ཨེལ་ཐམས་ཅད་ཀྱི་དམག་དཔོན་དང་། ཡེ་ཧོ་ཡ་དཱ་ཡི་བུ་བེ་ནཱ་ཡཱ་ནི་ཀེ་རེད་པ་དང་པེ་ལེད་པའི་སྟོང་དཔོན་ཡོད་པ་ཡིན། ༢༤ ཨ་དོ་རམ་ནི་ཁྲལ་དཔོན་དང་། ཨ་ཧི་ལུད་ཀྱི་བུ་ཡེ་ཧོ་ཤ་ཕད་ནི་དེབ་ཐེར་འབྲི་མཁན་ཡོད་པ་ཡིན། ༢༥ ཤེ་ཡཱ་ནི་དྲུང་ཡིག་དང་། ཙ་དོག་དང་ཨབ་ཡ་ཐར་གཉིས་ནི་བླ་མ་དང་། ༢༦ ཡ་ཨིར་པ་ཨི་རཱ་ཡང་དཱ་བིད་ཀྱི་བླ་མ་ཡོད་པ་ཡིན་ནོ༎