༢༡
དཱ་བིད་ཀྱི་དུས་སུ་ལོ་གསུམ་སྟུད་མར་མུ་གེ་བྱུང་བས། དཱ་བིད་ཀྱིས་ཡ་ཧོ་ཝཱ་ལ་ཐུགས་བརྟག་ཞུས་ནས། ཡ་ཧོ་ཝཱས་བཀའ་ལན་དུ། ཤ་ཨུལ་གྱིས་གི་བེ་ཨོན་པ་རྣམས་བསད་པས་ན། ཁྲག་འཕོ་བར་བྱེད་པའི་བརྒྱུད་ཀྱི་རྐྱེན་གྱིས་བྱུང་ངོ་ཞེས་གསུངས་སོ། ༢ གི་བེ་ཨོན་པ་རྣམས་ནི་ཨིས་ར་ཨེལ་གྱི་བརྒྱུད་ལས་མ་ཡིན་གྱི། ཨ་མོར་པ་ལས་ལུས་པ་ཡིན་ནོ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དེ་དག་དང་མནའ་ཐོ་བྱས་ཀྱང་། ཤ་ཨུལ་གྱིས་ཨིས་ར་ཨེལ་དང་ཡ་ཧུ་དཱ་ཡི་བུ་རྣམས་ཀྱི་དོན་ལ་དམིགས་ནས། དེ་དག་གསོད་དུ་བསྙེགས་པ་ཡིན་ནོ། ཡང་རྒྱལ་པོས་གི་བེ་ཨོན་པ་རྣམས་བོས་ནས། དེ་དག་ལ། ༣ ཁྱོད་ཅག་གིས་ཡ་ཧོ་ཝཱའི་ནོར་སྐལ་ལ་བྱིན་གྱིས་རློབས་པའི་དོན་དུ་ངས་ཁྱོད་ཅག་ལ་ཅི་བྱེད་པར་དགོས། སྡིག་བཤགས་སུ་ངས་ཅི་གཏོང་བར་དགོས། ཞེས་དྲིས་པས། ༤ གི་བེ་ཨོན་པས་ཁོང་ལ། ཤ་ཨུལ་དང་དེའི་བརྒྱུད་ཀྱི་དངུལ་དང་གསེར་ང་ཚོ་ལ་མི་དགོས། ང་ཚོའི་དོན་དུ་ཨིས་ར་ཨེལ་གྱི་སྐྱེས་པ་གང་ཡང་གསོད་པར་མི་དགོས། ཞེས་ཞུས་པས། ཁོང་གིས་ནི། དེ་ནས་ངས་ཁྱོད་ཅག་གི་དོན་དུ་ཅི་བྱེད་པར་དགོས། ༥ ཞེས་པའི་གཏམ་ལན་དུ་དེ་དག་གིས་རྒྱལ་པོ་ལ། ང་ཚོ་ནི་བསད་ནས། ང་ཚོ་ཨིས་ར་ཨེལ་གྱི་ས་མཐའ་གང་དུའང་མི་ལུས་པའི་དོན་དུ། ང་ཚོ་མེད་པར་བྱེད་པའི་ཇུས་བྱས་པའི་མི་དེའི་ཕྱིར་དུ། ༦ དེའི་བུ་རྣམས་ཀྱི་ནང་ནས་མི་བདུན་ང་ཚོའི་ལག་ཏུ་སྤྲོད་ཅིག་དང་། ཡ་ཧོ་ཝཱས་འདམས་པའི་ཤ་ཨུལ་གྱི་གི་བེ་ཨ་རུ་ཡ་ཧོ་ཝཱའི་དོན་དུ་ང་ཚོས་དེ་དག་ནི་འཕྱར་བར་བྱའོ་ཞེས་ཞུས་པས། རྒྱལ་པོས་ནི། ངས་དེ་བཞིན་གཏོང་བར་བྱ་ཞེས་གསུངས་སོ༎༧ དཱ་བིད་དང་ཤ་ཨུལ་གྱི་བུ་ཡོ་ན་ཐན་གཉིས་ཀྱི་བར་ན་ཡ་ཧོ་ཝཱའི་མནའ་ཡོད་པས། རྒྱལ་པོས་ཤ་ཨུལ་གྱི་བུ་ཡོ་ན་ཐན་གྱི་བུ་མེ་ཕི་བོ་ཤེད་ཀྱི་ཚེ་ཐར་དུ་བཅུག་གིས། ༨ རྒྱལ་པོས་ཨ་ཡཱ་ཡི་བུ་མོ་རིས་པཱ་ལས་ཆད་པའི་ཤ་ཨུལ་གྱི་བུ་ཨར་མོ་ནི་དང་། མེ་ཕི་བོ་ཤེད་བྱ་བ་གཉིས་དང་། ཤ་ཨུལ་གྱི་བུ་མོ་མི་ཁལ་དང་མེ་ཧོ་ལད་པ་བར་ཟིལ་ལཱ་ཨི་ཡི་བུ་ཨད་རི་ཨེལ་གཉིས་ཀྱི་བར་ལ་སྐྱེས་པའི་བུ་ལྔ་བཟུང་བ་དང་། ༩ གི་བེ་ཨོན་པ་རྣམས་ཀྱི་ལག་ཏུ་སྤྲད་ནས། དེ་དག་གིས་དེ་རྣམས་སྒང་ཁར་ཡ་ཧོ་ཝཱའི་དྲུང་དུ་འཕྱར་བ་བྱས་ཏེ། མི་བདུན་པོ་འདི་ཕྱོགས་གཅིག་ཏུ་མེད་པར་སོང་ངོ་། བཙས་མའི་ཞག་དང་པོ་དང་། ནས་ཀྱི་བཙས་མ་ཚུགས་པའི་འགོ་མ་ཞག་ཏུ་དེ་རྣམས་བསད་དོ༎
༡༠ དེ་ནས་ཨ་ཡཱ་ཡི་བུ་མོ་རིས་པཱ་ཡིས་རྩྭ་ཕད་ཀྱི་གོས་འཁུར་ནས། དེ་ནི་བཙས་མའི་ཞག་དང་པོ་ནས། གནམ་ལས་ཆར་ཆུ་མ་འབབ་པའི་བར་དུ་རང་གི་ཕྱིར་བྲག་དེ་ལ་བཏིང་བཞག་ནས། ཉིན་མོར་ནམ་མཁའི་འདབ་ཆགས་དང་། མཚན་མོར་རིའི་གཅན་གཟན་རྣམས་འབབ་མ་བཅུག་པར་བསྲུངས་སོ༎
༡༡ ཡང་དཱ་བིད་ལ་ཤ་ཨུལ་གྱི་གྲོགས་མོ་ཨ་ཡཱ་ཡི་བུ་མོ་རིས་པཱ་ཡིས་བྱས་པ་དེ་བཤད་པས། ༡༢ དཱ་བིད་སོང་སྟེ། ཡ་བེས་གིལ་ཨད་པ་རྣམས་ནས་ཤ་ཨུལ་གྱི་རུས་པ་དང་། དེའི་བུ་ཡོ་ན་ཐན་གྱི་རུས་པ་རྣམས་ཕྱིར་བླངས་སོ། ཕེ་ལེ་ཤེད་པ་རྣམས་ཀྱིས་གིལ་བོ་ཨ་རུ་ཤ་ཨུལ་བསད་ནས། ཕེ་ལེ་ཤེད་པ་རྣམས་ཀྱིས་དེ་དག་བེད་ཤན་གྱི་ལམ་སྲང་ནང་འཕྱར་དུ་བཏགས་པ་དང་། ཡ་བེས་གིལ་ཨད་པ་རྣམས་ཀྱིས་བརྐུས་ཁྱེར་བ་ཡིན་ནོ། ༡༣ ཁོང་གིས་ཤ་ཨུལ་གྱི་རུས་པ་དང་། དེའི་བུ་ཡོ་ན་ཐན་གྱི་རུས་པ་རྣམས་གནས་དེ་ནས་ཁྱེར་ནས། དེ་དག་གིས་འཕྱར་ལ་བཏགས་པ་རྣམས་ཀྱི་རུས་པ་ཡང་བསྡུས་སོ། ༡༤ ཤ་ཨུལ་དང་དེའི་བུ་ཡོ་ན་ཐན་གྱི་རུས་པ་རྣམས་བེན་ཡ་མིན་གྱི་ས་ཆ་ཙེ་ལཱ་རུ། དེའི་ཕ་ཀིས་ཀྱི་དུར་དུ་བསྐུངས་པ་དང་། རྒྱལ་པོས་གང་བཀའ་སྩལ་པ་དེ་ཐམས་ཅད་བསྒྲུབ་པའི་འོག་ཏུ། དཀོན་མཆོག་གིས་ཡུལ་གྱི་ཞུ་བ་བསྐངས་སོ༎
༡༥ སླད་མར་ཡང་ཕེ་ལེ་ཤེད་པ་རྣམས་ཀྱིས་ཨིས་ར་ཨེལ་ལ་དམག་དྲངས་པས། དཱ་བིད་རང་གི་བྲན་དང་བཅས་སུ་མར་སོང་བ་དང་། ཕེ་ལེ་ཤེད་པ་དང་འཐབ་པ་ལས། དཱ་བིད་འཁམས་པར་གྱུར་ཏོ། ༡༦ དེ་ནས་ར་ཕཱའི་བུ་རྣམས་ལས་ཨིས་བི་བེ་ནོབ་བྱ་བ་དེའི་མདུང་ལྕེའི་ལྕིད་དུ་ར་གན་གྱི་ཤེ་ཀེལ་གསུམ་བརྒྱ་དང་། རལ་གྲི་གསར་པ་ཞིག་བཏག་སྟེ་ཡོད་པ་ཡིན། མི་དེས་དཱ་བིད་གསོད་པར་བསྙེགས་ཀྱང་། ༡༧ ཙེ་རུ་ཡཱ་ཡི་བུ་ཨ་བི་ཤཱ་ཨིས་ཁོང་ལ་སྟོངས་གྲོགས་བྱས་ཏེ། ཕེ་ལེ་ཤེད་པ་ལ་བརྡུངས་ནས་བསད་དོ། དེ་ནས་དཱ་བིད་ཀྱི་མི་རྣམས་ཀྱིས་མནའ་སྐྱེལ་ཞིང་ཁོང་ལ། ཨིས་ར་ཨེལ་གྱི་སྒྲོན་མེ་མི་འཆི་བའི་སླད་དུ། ད་ཕྱིན་ཆད་ཁྱེད་ང་ཚོ་དང་བཅས་སུ་སླར་འཐབ་མོར་མ་བཞེངས་ཤིག་ཅེས་ཞུས་སོ༎
༡༨ དེའི་འོག་ཏུ་གོབ་ཡུལ་དུ་ཕེ་ལེ་ཤེད་པ་རྣམས་དང་འཐབ་མོ་བྱུང་བ་དང་། ཧུ་ཤད་པ་སིབ་བེ་ཀཱ་ཨི་བྱ་བ་དེས་ར་ཕཱའི་བུ་རྣམས་ལས་ཡིན་པའི་སབ་བྱ་བ་དེ་བསད་ནས། ༡༩ གོབ་ཡུལ་དུ་སླར་ཡང་ཕེ་ལེ་ཤེད་པ་དང་འཐབ་མོ་ཐོན་ནས། དེ་རུ་བེད་ལེ་ཧེམ་པ་ཡ་ཨ་རེ་ཨོ་རེ་གིམ་གྱི་བུ་ཨེལ་ཧ་ནན་གྱིས་གད་པ་གོལ་ཡད་བྱ་བ་དེ་བསད་དོ། མི་དེའི་མདུང་ནི་འཐགས་མཁན་གྱི་གདུང་མ་ལྟ་བུ་ཡོད་པ་ཡིན། ༢༠ དེ་ནས་ཡང་གད་ཡུལ་དུ་འཐབ་མོ་ཞིག་ཐོན་ཏེ། དེ་རུ་སྒོ་བོ་རིང་བའི་མི་ཞིག་ཡོད་པ་ལས། མི་དེའི་ལག་པ་དང་རྐང་པ་རེ་རེ་ལ་མཐེ་བོ་དྲུག་དྲུག་ཡོད་པས། ཀུན་སྡོམ་སོར་མོ་ཉི་ཤུ་རྩ་བཞི་ཡོད་པ་ཡིན། མི་དེ་ཡང་ར་ཕཱ་དེའི་བུའོ། ༢༡ དེས་ནི་ཨིས་ར་ཨེལ་ལ་སྐུར་པ་བཏབ་པའི་ཚེ། དཱ་བིད་ཀྱི་སྐུ་མཆེད་ཤི་མེ་ཨ་ཡི་བུ་ཡོ་ན་ཐན་གྱིས་ཁོ་བསད་དོ། ༢༢ མི་དེ་བཞི་ཀ་གད་པ་ར་ཕཱ་ལས་ཆད་ནས། དཱ་བིད་དང་དེའི་བྲན་གྱི་ལག་པ་ལས་ཤིའོ༎