༢༢
ཡ་ཧོ་ཝཱས་དཱ་བིད་ནི་དེའི་དགྲ་བོ་ཐམས་ཅད་ཀྱི་ལག་པ་དང་། ཤ་ཨུལ་གྱི་ལག་པ་ལས་བསྐྱབས་པའི་ཉིན་པར། དེས་ཡ་ཧོ་ཝཱའི་དྲུང་དུ་མགུར་མ་འདིའི་ཚིག་རྣམས་ཞུས་པ།༢ ཡ་ཧོ་ཝཱ་ནི་བདག་གི་བྲག་བཙན་པོ་དང་། རྫོང་དང་སྐྱབས་མགོན་ལགས།
༣ བདག་གི་བྲག་གི་དཀོན་མཆོག་ཁོང་ལ་བདག་གིས་བློ་གདེང་བྱེད། ཁོང་ནི་བདག་གི་ཕུབ་དང་སྐྱབས་ཀྱི་རྭ་དང་། མཐོ་བའི་རྫོང་དང་སྐྱབས་གནས་ལགས། ཀྱེ་བདག་གི་སྐྱབས་མགོན། ཁྱེད་ཀྱིས་བདག་ནི་མགོ་ནོན་ལས་ཐར་བར་མཛད།
༤ སྟོད་འོས་པའི་ཡ་ཧོ་ཝཱ་ལ་བདག་གིས་བོས་པས། རང་གི་དགྲ་བོ་རྣམས་ལས་ཐར་བར་འགྱུར།
༥ འཆི་བའི་རྦ་རླབས་ཀྱིས་བདག་ལ་སྐོར། བེ་ལི་ཨལ་གྱི་ཆུ་ལོག་དྲག་པོ་རྣམས་ཀྱིས་བདག་འཇིགས་སུ་བཅུག
༦ ཕྱོགས་བཞིར་གཤིན་ཡུལ་གྱི་ཐག་པ་རྣམས་ཀྱིས་བདག་བསྐོར། འཆི་བའི་རྙི་དང་ཞགས་པས་བདག་ནི་འཛིན་དུ་རུབ་ཅིང་འོངས།
༧ སྡུག་བསྔལ་གྱི་ནང་ནས་བདག་གིས་ཡ་ཧོ་ཝཱ་ལ་འབོད་སྒྲོག་ཅིང་། བདག་གི་དཀོན་མཆོག་གི་ཕྱོགས་སུ་སྐད་ཆེན་པོས་བོས་པས། ཁོང་གིས་ཉིད་ཀྱི་ཕོ་བྲང་ནང་ནས་ངའི་སྒྲ་ལ་གསན་ཏེ། བདག་གིས་བཏོན་པའི་སྨྲེ་སྔགས་ཁོང་གི་སྙན་དུ་ཆུད།
༨ ཁོང་ཐུགས་ཁྲོས་པས། ས་གཞི་འདར་ཞིང་འགུལ་བ་དང་། ནམ་མཁའི་རྨང་རྣམས་གཡོས།
༩ ཁོང་གི་ཤངས་ཀྱི་ནང་ནས་དུ་བ་འཐུལ་བ་དང་། སོལ་བ་གཞེན་པའི་མེ་ཞིག་ཁོང་གི་ཞལ་ནས་བྱུང་།
༡༠ ཁོང་གིས་ནམ་མཁའ་རྣམས་ཕབ་ནས་མར་བབ་པ་དང་། ཁོང་གི་ཞབས་ཀྱི་འོག་ཏུ་སྨག་རུམ་འདུག
༡༡ ཁོང་ནི་ཀེ་རུབ་ཅིག་ལ་བཅིབས་ཤིང་འཕུར་ཏེ། རླུང་གི་ཤོག་པས་ལྡིང་བར་མཐོང་བྱུང་།
༡༢ ཁོང་ནི་མུན་པ་དྲག་པོས་བཏུམ་སྟེ། ཆུའི་མུན་ཁྲོད་དང་སྤྲིན་ཕུང་ནང་བཞུགས།
༡༣ ཁོང་གི་དྲུང་དུ་ཡོད་པའི་མདངས་ཀྱིས་མེ་སོལ་ཁྱུག
༡༤ ཡ་ཧོ་ཝཱས་ནམ་མཁའ་རྣམས་ཀྱི་ནང་ནས་འབྲུག་ལྡིར་བར་མཛད་དེ། བླ་ན་མེད་པས་གསུང་སྐད་འདོན་པར་མཛད།
༡༥ ཁོང་ཉིད་ཀྱིས་ཕྱག་མདའ་ཕངས་ནས་དེ་དག་གཏོར་བར་མཛད། གློག་རྣམས་འཁྱུག་པར་མཛད་ནས། དེ་དག་ཤིན་ཏུ་འཁྲུག་པར་གྱུར་བྱུང་།
༡༦ ཡ་ཧོ་ཝཱས་བཀའ་བཀྱོན་ཞིང་། ཤངས་ནས་དབུགས་འབུད་པས། རྒྱ་མཚོ་རྣམས་ཀྱི་མཐིལ་སྣང་བར་གྱུར་ཏེ། ས་གཞིའི་རྨང་རྣམས་ཐོན་ནོ༎
༡༧ སྟེང་ནས་ཕྱག་བརྐྱང་ཞིང་བདག་བཟུང་ནས། ཆུ་ཆེ་བ་ལས་དྲངས།
༡༨ བདག་ལས་སྟོབས་ཆེ་བའི་ཕ་རོལ་པ་དྲག་པོ་དང་། དགྲར་སྡང་བ་རྣམས་ལས་ཁོང་གིས་བདག་བསྒྲལ།
༡༩ བཀྲ་མི་ཤིས་ཀྱི་ཉིན་པར་དེ་བདག་ཐོག་ཏུ་བརྒྱུགས་ཀྱང་། ཡ་ཧོ་ཝཱས་བདག་གི་སྐྱབས་མགོན་མཛད་ཅིང་།
༢༠ ས་གནས་རྒྱ་ཆེ་བ་ཞིག་ཏུ་ཁྲིད་པར་མཛད། ཁོང་ནི་བདག་ལ་ཐུགས་དགྱེས་པས། བདག་ཐར་བར་མཛད།
༢༡ བདག་གི་དྲང་བ་ཉིད་བཞིན་དུ་ཡ་ཧོ་ཝཱས་བསབ་སྟེ། བདག་གི་ལག་པ་གཙང་མ་ལ་གཟིགས་ཤིང་ལན་གནང་།
༢༢ ཡ་ཧོ་ཝཱའི་གཤེགས་ལམ་རྣམས་བདག་གིས་བསྲུངས་ཤིང་། བདག་གི་དཀོན་མཆོག་ལ་ངོ་ལོག་གི་སེམས་བྱས་པ་མ་ཡིན།
༢༣ ཁོང་གི་བཀའ་ཁྲིམས་གང་ཡོད་པ་རྣམས་བདག་གི་མིག་གི་མདུན་དུ་ཡོད། ཁོང་གི་སྤྱད་མཚམས་རྣམས་ལས་བྱོལ་བ་མ་ཡིན།
༢༤ བདག་གིས་ཁོང་ལ་སྙིང་དྲང་པོ་སྐྱེད་ཅིང་། ཉེས་པ་ལས་རང་ལུས་བསྲུངས་བ་ཡིན།
༢༥ དེའི་ཕྱིར་ཡ་ཧོ་ཝཱས་བདག་གི་དྲང་བ་ཉིད་བཞིན་དུ་བདག་ལ་བསབས། བདག་གི་ལག་པ་གཙང་མ་ལ་གཟིགས་ཤིང་བདག་ལ་ལན་གནང་།
༢༦ སྙིང་རྗེ་ཅན་ལ་ཁྱེད་ཀྱིས་སྙིང་རྗེས་གཟིགས་ཤིང་། ཆོས་དྲང་བའི་མི་ལ་ཁྱེད་ཀྱང་ཐུགས་དྲང་པོ་ལགས་ཏེ།
༢༧ ལྷད་མེད་པ་ལ་ཁྱེད་ཀྱང་ལྷད་མེད་ལགས་པ་དང་། གཡོན་པོ་རྣམས་ལ་ཁྱེད་ཀྱང་གཡོན་པོར་སྣང་བར་མཛད།
༢༨ སྡུག་གིས་གདུངས་པའི་མི་རྣམས་ལ་ཁྱེད་ཀྱིས་ཐར་ལམ་མཛད་ཀྱི། རང་མཐོང་ཅན་རྣམས་ནི་ཁྱེད་ཀྱིས་སྨད་པར་མཛད།
༢༩ ཀྱེ་ཡ་ཧོ་ཝཱ་ཁྱེད་ནི་བདག་གི་སྒྲོན་མེ་ལགས་ཏེ། ཡ་ཧོ་ཝཱས་བདག་གི་མུན་པ་སེལ་བར་མཛད།
༣༠ ཁྱེད་དང་སྡོངས་ཤིང་བདག་གི་དགྲ་ཡི་དམག་ཚོགས་རྩ་ནས་གཅོད། བདག་གི་དཀོན་མཆོག་དང་སྡོངས་ཤིང་ལྕགས་རི་ལས་མཆོང་དཔང་བཏང་།
༣༡ དཀོན་མཆོག་གི་གཤེགས་ལམ་ནི་ཡོངས་སུ་ཕུན་སུམ་ཚོགས་པ་དང་། ཡ་ཧོ་ཝཱའི་བཀའ་ནི་ཡེ་ནས་སྐྱོན་མེད་པ་དག་པ་ལགས། ཁོང་ཉིད་ཀྱི་སྐྱབས་སུ་འགྲོ་བའི་མི་རྣམས་ཀྱི་ཕུབ་ཁོང་ལགས་སོ༎
༣༢ ཡ་ཧོ་ཝཱ་མ་གཏོགས་པར་གཞན་དཀོན་མཆོག་སུ་ཡོད། ངེད་ཀྱི་དཀོན་མཆོག་མ་གཏོགས་པར་བྲག་འདྲ་གང་ཡོད།
༣༣ དཀོན་མཆོག་ནི་བདག་གི་རྫོང་བཙན་པོ་ལགས་ཏེ། ཁོང་གིས་མཐར་ཕྱིན་པའི་མི་རྣམས་ཉིད་ཀྱི་གཤེགས་ལམ་ནང་ལམ་སྣ་མཛད།
༣༤ བདག་གི་རྐང་པ་རི་དྭགས་ཀྱི་རྐང་པ་དང་འདྲ་བར་མཛད། བདག་རང་གི་མཐོ་རྩེའི་ནང་ན་ཁོང་གིས་བདག་འཇོག་པར་མཛད།
༣༥ དམག་འདྲེན་པ་དང་། རག་གཞུ་འཐེན་ཕྱིར་བདག་གི་ལག་པ་སྦྱོང་དུ་བཅུག
༣༦ ཁྱེད་ཀྱི་སྐྱབས་ཀྱི་ཕུབ་བདག་ལ་གནང་སྟེ། ཁྱེད་ཀྱི་ཐུགས་བརྩེ་བས་བདག་ཆེན་པོར་མཛད།
༣༧ བདག་གི་འགྲོ་ལམ་ཡངས་པར་མཛད་ནས། བདག་གི་ལོང་མོ་མི་འཁྲུལ་ལོ༎
༣༨ བདག་རང་གི་དགྲ་བྱེད་རྣམས་ཀྱི་ཐོག་ཏུ་བརྒྱུགས་ནས་ཚར་དུ་བཅད། དེ་དག་མ་སྣུབས་པའི་བར་དུ་བདག་ནི་ཕྱིར་མ་ལོག
༣༩ ཚར་བཅད་ནས་རྟོལ་བར་བྱས་པ་དང་། དེ་རྣམས་རང་གི་རྐང་འོག་འགྲིལ་ནས་ལང་མ་ནུས།
༤༠ དམག་འདྲེན་ཕྱིར་ཁྱེད་ཀྱིས་བདག་ལ་མཐུ་ཡི་སྐ་རགས་བཅིངས། བདག་གི་དགྲར་ལྡང་བ་རྣམས་ནི་ཁྱེད་ཀྱིས་བདག་གི་དབང་དུ་སྤྲད།
༤༡ རང་གི་དགྲ་རྣམས་བདག་གིས་འགེམས་པའི་ཕྱིར། ཁྱེད་ཀྱིས་བདག་ལ་དགྲ་རུ་སྡང་བ་རྣམས་ཀྱི་ཤུལ་རྒྱབ་བདག་ཕྱོགས་བསྒྱུར།
༤༢ དེ་དག་བསྒུགས་ཀྱང་ར་མདའ་བྱེད་པ་གང་ཡང་མ་བྱུང་། ཡ་ཧོ་ཝཱ་ལ་ཞུས་ཀྱང་བཀའ་ལན་མ་ཐོབ།
༤༣ རྡུལ་ལྟར་བདག་གིས་དེ་དག་ཕྱེ་མར་བཏགས། ལམ་སྲང་གི་ཕྱག་དར་དང་འདྲ་བར་བདག་གིས་དེ་རྣམས་བརྫིས་ནས་གཡོགས།
༤༤ བདག་རང་གི་འབངས་ཀྱི་འབངས་གྱེན་ལོག་ནས་ཁྱེད་ཀྱིས་བདག་ཐར་བར་མཛད། མི་བརྒྱུད་རྣམས་ཀྱི་ནང་ན་བདག་ནི་དཔོན་པོར་བཅུག བདག་གིས་ངོ་མི་ཤེས་པའི་རིགས་བརྒྱུད་ཅིག་གིས་བདག་ལ་འབངས་བྱེད་དོ༎
༤༥ མི་ཡན་རྣམས་ཀྱིས་བདག་ལ་ངོ་བསྟོད་འོང་། དེ་དག་གིས་ཐོས་མ་ཐག་ཏུ་བདག་གི་ཁ་ལ་ཉན།
༤༦ མི་ཡན་གྱི་སྤོབས་པ་ཤོར་ནས། འདར་ཞིང་རྫོང་ལས་འཐོན།
༤༧ ཡ་ཧོ་ཝཱ་ནི་གསོན་པོ་ལགས། བདག་གི་བྲག་བཀྲ་ཤིས་ཤོག བདག་གི་སྐྱབས་ཀྱི་བྲག་གི་དཀོན་མཆོག་ལ་སྟོད་པར་ཤོག
༤༨ དཀོན་མཆོག་གིས་བདག་གི་ཆེད་དུ་ལན་བཅལ་མཛད་དེ། མི་བརྒྱུད་རྣམས་ནི་བདག་གི་རྐང་འོག་ཏུ་བཅུག
༤༩ བདག་ལ་དགྲ་བྱེད་རྣམས་ཀྱི་ལག་ལས་བདག་ཐར་བར་མཛད་དེ། བདག་ལ་རྒོལ་དུ་ལྡང་བ་རྣམས་ཀྱི་ཁྲོད་ལས་ཁྱེད་ཀྱིས་བདག་མཐོ་སར་བཞག མི་གཏུམ་པོ་ལས་ཁྱེད་ཀྱིས་བདག་བསྒྲལ་བྱུང་།
༥༠ དེའི་ཕྱིར་དུ་ཀྱེ་ཡ་ཧོ་ཝཱ། བདག་གིས་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་ཁྱེད་ལ་སྟོད་ཅིང་། ཁྱེད་ཀྱི་མཚན་ལ་སྟོད་བསྔགས་པར་བྱའོ༎
༥༡ ཉིད་ཀྱིས་རྒྱལ་པོར་ཁྱེད་ཀྱིས་ཐར་པ་ཆེན་པོ་གནང་། ཉིད་ཀྱིས་བྱུགས་པའི་དཱ་བིད་དང་དེའི་བརྒྱུད་ལ་ཁྱེད་ཀྱིས་དུས་བརྒྱུན་ནས་རྒྱུན་དུ་ཐུགས་རྗེས་གཟིགས་པ་ལགས་སོ༎