༣༡
དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་ཨིས་ར་ཨེལ་ལ་དམག་བཏང་ནས། ཨིས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་མདུན་ནས་བྲོས་ཏེ། རི་གིལ་བོ་ཨ་རུ་བསད་ནས་ས་རུ་ལྷུང་ངོ་། ༢ དེ་རུ་ཕེ་ལེ་ཤེད་པ་རྣམས་ཀྱིས་ཤ་ཨུལ་དང་དེའི་བུ་རྣམས་ཀྱི་རྗེས་སུ་འདེད་ཅིང་། ཤ་ཨུལ་གྱི་སྲས་ཡོ་ན་ཐན་དང་། ཨ་བི་ནཱ་དབ་དང་། མལ་ཀི་ཤུ་ཨ་གསུམ་བསད་དོ། ༣ ཡང་འཐབ་མོ་དེའི་ཕྱིར་ཤ་ཨུལ་ལ་དཀའ་བར་བྱུང་བ་དང་། མདའ་པ་རྣམས་ཀྱིས་ཁོ་ལ་ནོན་ནས། མདའ་པ་རྣམས་ཀྱི་རྐྱེན་གྱིས་ཤིན་ཏུ་སྡུག་བསྔལ་བྱུང་ནས། ༤ ཤ་ཨུལ་གྱིས་རང་གི་དམག་ཆས་འཁུར་བའི་མི་ལ། ཁྱོད་ཀྱིས་རལ་གྲི་ཕྱུང་སྟེ། ངའི་ལུས་རྟོལ་བར་བྱོས་ཤིག དེ་ལྟར་མི་བྱེད་ན། མདུན་ལྤགས་མ་བཅད་པ་དེ་དག་འོངས་ཤིང་། ང་ལ་རལ་གྲི་བཙུགས་ནས། སྨད་པར་བྱའོ་ཞེས་སྨྲས་ཀྱང་། དམག་ཆས་འཁུར་བའི་མི་དེ་ཤིན་ཏུ་འཇིགས་སྐྲགས་ཏེ། དེ་ལྟར་བྱེད་པར་མ་དགའོ། དེའི་ཕྱིར་ཤ་ཨུལ་གྱིས་རང་གི་རལ་གྲི་བླངས་ཏེ་དེའི་རྩེར་ལྷུང་ངོ་། ༥ ཡང་དམག་ཆས་འཁུར་བའི་མི་དེས་ཤ་ཨུལ་གྲོངས་ཟིན་པར་མཐོང་བས། ཁོ་ཡང་རལ་གྲིའི་རྩེར་ལྷུང་ནས། ཁོང་དང་མཉམ་དུ་ཤིའོ། ༦ དེ་ལྟར་ཤ་ཨུལ་དང་། ཁོང་གི་སྲས་གསུམ་དང་། དམག་ཆས་འཁུར་བའི་མི་དང་། དམག་མི་ཐམས་ཅད་ནི་ཉིན་མོ་དེ་རང་ལ་ལྷན་ཅིག་ཏུ་ཚེ་འདས་སོ། ༧ ཡང་ལུང་པའི་ཕ་རོལ་དང་། ཡོར་དན་གཙང་པོའི་ཕ་རོལ་དུ་ཡོད་པའི་ཨིས་ར་ཨེལ་པ་རྣམས་ཀྱིས། ཨིས་ར་ཨེལ་པ་རྣམས་བྲོས་པ་དང་། ཤ་ཨུལ་དང་ཁོང་གི་སྲས་རྣམས་གྲོངས་པར་མཐོང་བས། དེ་དག་གིས་རང་གི་གྲོང་ཁྱེར་རྣམས་བཞག་ནས་བྲོས་སོ། དེར་ཕེ་ལེ་ཤེད་པ་རྣམས་འོངས་ནས་དེའི་ནང་ན་གནས་སོ༎༨ ཡང་སང་ཉིན་གྱི་སྔ་དྲོར་ཕེ་ལེ་ཤེད་པ་རྣམས་ནི་རོ་གོས་འཕྲོག་པའི་ཕྱིར་འོང་བའི་ཚེ། དེ་དག་ལ་རི་གིལ་བོ་ཨ་རུ་གྲོངས་པའི་ཤ་ཨུལ་དང་དེའི་སྲས་གསུམ་བརྙེད་དོ། ༩ དེ་ནས་ཁོང་གི་མགོ་བཅད་ནས། གོ་ཁྲབ་བཤུས་ཏེ། སྐུ་འདྲའི་ཁང་པ་དང་ཡུལ་མིའི་ཁྲོད་དུ་འཕྲིན་གཏོང་བའི་ཕྱིར། ཕེ་ལེ་ཤེད་པའི་ཡུལ་དུ་སྐོར་དུ་བཏང་ངོ་། ༡༠ ཡང་ཁོང་གི་གོ་ཁྲབ་ནི་ཨས་ཐཱ་རོད་ཀྱི་ལྷ་ཁང་དུ་བཞག་ནས། ཁོང་གི་རོ་བེད་ཤན་གྱི་རྩིག་པའི་ཁར་བཏགས་སོ། ༡༡ ཕེ་ལེ་ཤེད་པ་རྣམས་ཀྱིས་ཤ་ཨུལ་ལ་ཇི་ལྟར་བྱས་པའི་འཕྲིན་དེ་ཡ་བེས་གིལ་ཨད་པ་རྣམས་ཀྱིས་ཐོས་ནས། ༡༢ ཁྱོ་ག་པ་ཐམས་ཅད་ལངས་ནས། མཚན་གང་འགྲུལ་ཞིང་། ཤ་ཨུལ་དང་ཁོང་གི་སྲས་ཀྱི་རོ་རྣམས་བེད་ཤན་གྱི་རྩིག་པ་ནས་ཁྱེར་ཞིང་། ཡ་བེས་སུ་ཕྱིན་ནས། དེ་རུ་མེ་ལ་ཕུལ་ཏོ། ༡༣ དེ་ནས་རུས་པ་བླངས་ནས། ཡ་བེས་ཀྱི་འོམ་བུའི་འོག་ཏུ་དུར་ཁུང་དུ་བཙུད་པ་དང་། ཞག་བདུན་གྱི་བར་དུ་སྨྱུང་གནས་ལ་བསྡད་དོ༎ ༎