༣༠
ཡང་འདི་ལྟར་བྱུང་། ཞག་གསུམ་པ་རུ་དཱ་བིད་དང་དེའི་མི་རྣམས་ཙིག་ལག་ཏུ་འོང་བའི་ཚེ། ཨ་མ་ལེག་པ་རྣམས་ཀྱིས་ལྷོ་ཕྱོགས་དང་ཙིག་ལག་ཏུ་དམག་དྲངས་ནས། ཙིག་ལག་མེད་པར་བྱས་ཏེ། མེ་ལ་བསྲེགས་སོ། ༢ གྲོང་ཁྱེར་དེ་ན་གནས་པའི་བུད་མེད་ཐམས་ཅད་ནི་དེ་དག་གིས་བཟུང་ནས། ཆེ་ཆུང་གཅིག་ཀྱང་མ་བསད་དེ། བཟུང་ཞིང་ཁྲིད་ནས། ལམ་དུ་ཞུགས་སོ། ༣ ཡང་དཱ་བིད་དང་དེའི་མི་རྣམས་གྲོང་ཁྱེར་དེར་བསླེབ་པ་དང་། ཀྱེ་ཧོ། ཡུལ་ཚོ་མེ་ལ་བསྲེགས་ཏེ། དེ་དག་གི་བུད་མེད་རྣམས་དང་། བུ་རྣམས་དང་། བུ་མོ་རྣམས་བཟུང་ནས། བཙོན་དུ་བཟུང་ཁྱེར་བ་ཡིན་པར་མཐོང་ནས། ༤ དཱ་བིད་དང་དེ་དང་བཅས་སུ་ཡོད་པའི་མི་རྣམས་ཀྱིས་སྐད་དྲག་པོ་བཏོན་ཅིང་། ངུ་བའི་སྟོབས་མ་ལུས་པའི་བར་དུ་ངུས་སོ། ༥ ཡང་དཱ་བིད་ཀྱི་ཆུང་མ། ཡིས་རེ་ཨེལ་མ་ཨ་ཧི་ནོ་ཨམ་དང་། སྔར་ཀར་མེལ་པ་ནཱ་བལ་གྱི་ཆུང་མ་ཨ་བི་ཀཱ་ཨིལ་གཉིས་ནི་བཙོན་དུ་བཟུང་སྟེ་ཁྱེར་ཏོ། ༦ མི་དེ་དག་གིས་དཱ་བིད་ནི་རྡོ་རུབ་ཏུ་གཏོང་བའི་གཏམ་བྱེད་པས། དཱ་བིད་ཤིན་ཏུ་འཇིགས་སྐྲགས་སོ། མི་ཐམས་ཅད་ཀྱིས་རང་རང་གི་བུ་དང་བུ་མོའི་ཕྱིར་ཁོང་འཁྲུགས་བྱས་ཏེ། དཱ་བིད་ལ་ཡ་ཧོ་ཝཱ་དཀོན་མཆོག་གི་ནང་ན་སྤོབས་པ་སྐྱེད་པར་བྱས་སོ༎༧ དེ་ནས་དཱ་བིད་ཀྱིས་ཨ་ཧི་མེ་ལེག་གི་བུ་བླ་མ་ཨབ་ཡ་ཐར་ལ། འདིར་ང་ལ་ཨེ་ཕོད་ཁྱེར་ཤོག་ཟེར་བས། ཨབ་ཡ་ཐར་གྱིས་དཱ་བིད་ལ་ཨེ་ཕོད་འཁུར་འོངས་ནས། ༨ དཱ་བིད་ཀྱིས་ཡ་ཧོ་ཝཱ་ནས་ཐུགས་བརྟག་ཞུས་ཤིང་ཁོང་ལ། བདག་ནི་དམག་དཔུང་འདིའི་རྗེས་སུ་འདེད་ཅིང་ནོན་པར་འགྱུར་རམ་ཞེས་ཞུས་པས། ཡ་ཧོ་ཝཱས་བཀའ་ལན་དུ། འདེད་ཅིག ཁྱོད་དེ་དག་ལ་ནོན་ཏེ། ཐམས་ཅད་ཕྱིར་ལོག་རྙེད་པར་འགྱུར་རོ་ཞེས་གསུངས་པས། ༩ དཱ་བིད་དང་དེ་དང་མཉམ་དུ་ཡོད་པའི་མི་དྲུག་བརྒྱ་ཕྱིན་པ་དང་། གྲོག་པོ་བེ་སོར་དུ་བསླེབས་སོ། དེར་མི་འགའ་ཞིག་རྒྱབ་ཏུ་ལུས་སོ། ༡༠ མི་ཉིས་བརྒྱ་ཤིན་ཏུ་ངལ་བས། གྲོག་པོ་བེ་སོར་རྒལ་བར་མི་ནུས་པས། རྒྱབ་ཏུ་ལུས་ནས། དཱ་བིད་དང་མི་བཞི་བརྒྱ་བཅས་འདེད་དུ་ཕྱིན་ཏོ༎
༡༡ དེར་ཐང་ལ་མི་སེར་པ་ཞིག་བརྙེད་པས། དཱ་བིད་ཀྱི་དྲུང་དུ་ཁྲིད་དོ། མི་དེ་ལ་བག་ལེབ་བཏང་ནས་ཟོས་ཏེ། ཆུ་ཡང་འཐུང་བར་བཏང་ངོ་། ༡༢ དེ་ནས་ཁོ་ལ་སེ་ཡབ་སྐམ་པོའི་བག་ལེབ་ཅིག་དང་། རྒུན་འབྲུམ་གྱི་བག་ལེབ་གཉིས་བཏང་ནས། ཁོས་དེ་ཟོས་པ་དང་། ཁོའི་སྲོག་རང་གི་ལུས་སུ་ཕྱིར་ལོག་གོ། མི་དེས་ཉིན་གསུམ་དང་མཚན་གསུམ་བག་ལེབ་ཡང་མ་ཟོས་ཏེ། ཆུ་ཡང་མ་བཏུངས་པ་ཡིན། ༡༣ དེར་དཱ་བིད་ཀྱིས་དེ་ལ། ཁྱོད་སུའི་མི་ཡིན། གང་ནས་འོངས་འདྲིས་པས། མི་དེས། ང་མི་སེར་ཡུལ་གྱི་གཞོན་ནུ་དང་། ཨ་མ་ལེག་པ་ཞིག་གི་གཡོག་པོ་ཡིན་ཏེ། ཞག་གསུམ་གྱི་སྔོན་དུ་ང་ན་བས། ངའི་དཔོན་པོས་ང་ཕངས་སོ། ༡༤ ང་ཚོས་ཀེ་རེད་པའི་ལྷོ་ཕྱོགས་དང་། ཡ་ཧུ་དཱ་ཡུལ་ལ་གཏོགས་པ་དང་། ཀ་ལེབ་ཡུལ་གྱི་ལྷོ་ཕྱོགས་སུ་དམག་ཁྱེར་ནས། ཙིག་ལག་མེས་བསྲེགས་པ་ཡིན་ཞེས་ཞུས་ནས། ༡༥ དཱ་བིད་ཀྱིས་ཁོ་ལ། ཁྱོད་ཀྱིས་ང་ནི་དམག་དཔུང་དེའི་རྩར་འཁྲིད་པར་བྱའམ་འདྲིས་ནས། མི་དེས། ཁྱེད་ཀྱིས་དཀོན་མཆོག་གི་མཚན་རྗོད་ཅིག ཁྱེད་ཀྱིས་བདག་ནི་མི་གསོད་པ་དང་། བདག་གི་དཔོན་པོའི་ལག་ཏུ་མི་གཏང་བའི་མནའ་བཞེས་ཤིག་དང་། བདག་གིས་ཁྱེད་དམག་དཔུང་དེའི་མདུན་དུ་འཁྲིད་པར་བྱའོ་ཞེས་ཞུས་སོ༎
༡༦ མི་དེས་ཁོང་མར་ཁྲིད་ནས། ལྟོས་ཤིག དེ་དག་ཡུལ་ཐམས་ཅད་དུ་ཡན་ནས། ཟ་ཞིང་འཐུང་གིན་གར་རྩེད་ཀྱིན་འདུག་གོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཕེ་ལེ་ཤེད་དང་ཡ་ཧུ་དཱ་ཡུལ་གཉིས་ནས་བཅོམ་ནོར་ཆེན་པོ་ཁྱེར་བ་ཡིན་ནོ། ༡༧ དེར་དཱ་བིད་ཀྱིས་སྐྱ་འོད་ནས་བཟུང་སྟེ། སང་ཉིན་གྱི་ཕྱི་དྲོའི་བར་དུ་དེ་དག་དང་འཐབ་འཛིང་བྱས་པས། རྔ་མོང་གི་ཐོག་ཏུ་ཞོན་ཏེ་བྲོས་པའི་གཞོན་ནུ་བཞི་བརྒྱ་མ་གཏོགས་པར། དེ་དག་ལས་མི་གཅིག་ཀྱང་མ་ཐར་རོ། ༡༨ ཡང་ཨ་མ་ལེག་པ་རྣམས་ཀྱིས་ཁྱེར་བ་ཐམས་ཅད་དཱ་བིད་ཀྱིས་ཕྱིར་ལོག་ལེན་ཏེ། དཱ་བིད་ཀྱིས་རང་གི་ཆུང་མ་གཉིས་ཀྱང་ཐར་དུ་བཅུག་གོ། ༡༩ དེར་ཆུང་ངུ་འམ། ཆེ་བ་དང་། བུའམ་བུ་མོ་དང་། བཅོམ་ནོར་རམ་གཞན་ནོར། དེ་དག་གིས་ཅི་དང་ཅི་ཁྱེར་བ་ཐམས་ཅད་ཀྱི་ནང་ནས་གང་ཡང་མ་སྟོར་བར། དཱ་བིད་ཀྱིས་ནོར་དེ་ཐམས་ཅད་ཕྱིར་ལོག་བླངས་སོ། ༢༠ དེ་ནས་དཱ་བིད་ཀྱིས་ལུག་ཁྱུ་དང་བ་ཁྱུ་རྣམས་བཟུང་སྟེ་ཁྲིད་དེ། དེ་དག་གིས། འདི་ནི་དཱ་བིད་ཀྱི་བཅོམ་ནོར་ཡིན་ཞེས་ཟེར་ཏོ༎
༢༡ ཡང་དཱ་བིད་ནི་མི་ཉིས་བརྒྱ། སྔར་ངལ་བས། དཱ་བིད་ཀྱི་རྗེས་སུ་འབྲང་བར་མི་ནུས་པར། གྲོག་པོ་བེ་སོར་གྱི་འགྲམ་དུ་བཞག་པ་དེ་དག་གི་མདུན་དུ་བསླེབ་ནས། དེ་དག་ནི་དཱ་བིད་དང་ཁོང་དང་བཅས་སུ་ཡོད་པའི་མི་རྣམས་ལ་བསུ་བར་སོང་ངོ་། དཱ་བིད་ནི་དེ་དག་དང་ཉེ་བར་བསླེབས་པ་དང་། སྐུ་ཁམས་བདེའམ་ཞེས་འདྲིས་སོ། ༢༢ དེར་དཱ་བིད་དང་བཅས་སུ་ཡོད་པའི་མི་ངན་པ་དང་བེ་ལི་ཨལ་གྱི་བུ་རྣམས་ཀྱིས། མི་དེ་དག་ནི་ངེད་ཅག་དང་མཉམ་དུ་མ་ཕྱིན་པས། ངེད་རྣམས་ཀྱིས་ཕྱིར་ལོག་བླངས་པའི་བཅོམ་ནོར་འདི་ལས་དེ་དག་ལ་ཅིའང་མི་གཏང་། དེ་དག་གིས་རང་གི་ཆུང་མ་དང་ཕྲུ་གུ་རྣམས་འཁྲིད་ཅིང་ཕར་སོང་ཞིག་ཅེས་སྨྲས་ཀྱང་། ༢༣ དཱ་བིད་ཀྱིས། ངའི་སྤུན་རྣམས། དེ་ལྟར་མ་བྱེད་ཅིག ཡ་ཧོ་ཝཱས་ངེད་རྣམས་ལ་འདི་ཐམས་ཅད་གནང་སྟེ། ངེད་རྣམས་སྲུང་བར་མཛད་དེ། ངེད་རྣམས་ཀྱི་ཐོག་ཏུ་བྱུང་བའི་དམག་དཔུང་འདི་ནི་ངེད་ཀྱི་ལག་ཏུ་གནང་བས། ༢༤ ཁྱོད་ཀྱི་གཏམ་ལ་སུས་ཉན་པར་བྱ། དམག་ཏུ་སོང་མཁན་གྱི་སྐལ་བ་དང་འདྲ་བར། དམག་ཆས་ཀྱི་རྩར་བསྲུང་མཁན་རྣམས་ཀྱི་སྐལ་བའང་ཡོད་པར་འགྱུར། གཉིས་པོ་ལ་སྐལ་བ་འདྲ་བར་ཐོབ་འོང་སྨྲས་སོ། ༢༥ ཡང་ཉིན་མོ་དེ་ནས་བཟུང་སྟེ་དེ་རིང་གི་ཉིན་མོའི་བར་དུ་གཏམ་དཔེ་དེ་བཞིན་དུ་ལུས་པ་དང་། ཁོས་དེ་ནི་ཨིས་ར་ཨེལ་གྱི་ཁྲིམས་དང་སྤྱད་མཚམས་སུ་བཙུགས་སོ༎
༢༦ ཡང་དཱ་བིད་་ཙིག་ལག་ཏུ་བསླེབས་པ་དང་། བཅོམ་ནོར་གྱི་ཁག་གཅིག་ཡ་ཧུ་དཱ་པའི་རྒན་སུམ་དང་རང་གི་མཛའ་བོ་རྣམས་ལ་བཏང་ནས། ཀྱེ་ཧོ། འདི་ནི་ཡ་ཧོ་ཝཱའི་དགྲ་ཚོ་ནས་བརྙེད་པའི་བཅོམ་ནོར་དང་། ཁྱེད་ཀྱི་ཕྱིར་ཕྱག་རྟགས་ཤིག་ཡིན་ཞེས་སྨྲས་ཏེ། ༢༧ ཕྱག་རྟགས་འདི་ནི་བེད་ཨེལ་དང་། ལྷོ་ཕྱོགས་ཀྱི་རཱ་མོད་དང་། ཡ་ཐིར་དང་། ༢༨ ཨ་རོ་ཨེར་དང་། སིབ་མོད་དང་། ཨེས་ཐེ་མོ་ཨ་དང་། ༢༩ ར་ཀལ་དང་། ཡེ་ར་མེ་ཨེལ་པའི་གྲོང་ཁྱེར་དང་། ཀེ་ནི་པའི་གྲོང་ཁྱེར་དང་། ༣༠ ཧོར་མཱ་དང་། བོར་ཨ་ཤན་དང་། ཨ་ཐག་དང་། ༣༡ ཧེབ་རོན་དང་། སྔར་དཱ་བིད་དང་དེའི་མི་རྣམས་གར་འགྲོ་བའི་གནས་ཐམས་ཅད་དུ་བཀལ་ཏོ༎