༢༡
ཡང་བྱ་བ་དེ་དག་གི་རྗེས་སུ། ཡིས་རེ་ཨེལ་པ་ནཱ་བོད་བྱ་བ་ལ་ཡིས་རེ་ཨེལ་གྱི་ནང་དུ་ས་མར་ཡཱའི་རྒྱལ་པོ་ཨ་ཧབ་ཀྱི་ཁབ་ཀྱི་འགྲམ་དུ་རྒུན་ཚལ་ཞིག་ཡོད་པ་ཡིན། ༢ དེར་ཨ་ཧབ་ཀྱིས་ནཱ་བོད་ལ། ཁྱོད་ཀྱི་རྒུན་ཚལ་འདི་ངའི་ཁབ་ཀྱི་འགྲམ་དུ་ཡོད་པས། ཚོད་མ་འདེབས་པའི་ལྡུམ་ར་བྱེད་རྒྱུར་ང་ལ་བྱིན་ཞིག་དང་། ངས་དེ་ལས་དྲག་པའི་རྒུན་ཚལ་ཞིག་ཚབ་ཏུ་སྟེར་བར་བྱ། ཡང་ན་ཁྱོད་འདོད་ན་ངས་དེའི་རིན་དུ་དངུལ་གཏང་ངོ་། བྱས་ཀྱང་། ༣ ནཱ་བོད་ཀྱིས་ཨ་ཧབ་ལ། རང་གི་ཕ་མེས་ཀྱི་ནོར་སྐལ་ཁྱེད་ལ་འབུལ་བ་ལས། ཡ་ཧོ་ཝཱས་ང་སྲུང་བར་ཤོག་ཅིག ཅེས་ལན་དུ་སྨྲས་སོ། ༤ ཡིས་རེ་ཨེལ་པ་ནཱ་བོད་ཀྱིས། ངས་རང་གི་ཕ་མེས་ཀྱི་ནོར་སྐལ་དེ་ཁྱེད་ལ་སྟེར་བར་མི་བྱའོ། སྨྲས་པའི་ཚིག་གིས་རྐྱེན་ཏེ། ཨ་ཧབ་ཁྲོས་ཤིང་བློ་མི་བདེ་བར་གྱུར་ནས། རང་གི་ཁྱིམ་དུ་ཕྱིན་ཏེ། མལ་ཁྲིར་ཉལ་ནས། གདོང་ཡང་མ་བསྟན་ཁ་ཟས་ཀྱི་ཁམས་ཀྱང་མ་བྱུང་ངོ་༎༥ དེར་དེའི་བཙུན་མོ་ཡི་ཟེ་བེལ་མདུན་དུ་འོངས་ནས། ཁྱེད་ཀྱིས་ཁ་ཟས་ཀྱང་མི་ཟ་བར། སེམས་འཁྲུགས་པ་འདི་ཅི་ཡིན། ཞེས་དྲིས་པའི་ལན་དུ་དེས་ནི། ༦ ངས་ཡིས་རེ་ཨེལ་པ་ནཱ་བོད་དང་གཏམ་བྱས་ཏེ་དེ་ལ། ཁྱོད་ཀྱི་རྒུན་ཚལ་འདི་ང་ལ་རིན་དུ་སྟེར། ཡང་ན་ཁྱོད་འདོད་ན། ངས་དེའི་ཚབ་ཏུ་དེ་ལས་དྲག་པའི་རྒུན་ཚལ་ཞིག་སྟེར་བར་བྱའོ། སྨྲས་མོད། དེས། ཁྱོད་ལ་ངའི་རྒུན་ཚལ་མི་གཏང་ངོ་། ཞེས་ལན་བཏབ་བྱུང་། ཞེས་བཤད་པ་དང་། ༧ དེའི་བཙུན་མོ་ཡི་ཟེ་བེལ་གྱིས། ཨིས་ར་ཨེལ་གྱི་རྒྱལ་སྲིད་ཀྱི་བདག་པོ་ནི་ཁྱེད་མིན་ནམ། ད་ཡར་བཞེངས་ལ། ཁ་ཟས་ཟོས་ཤིག སེམས་དགའ་བར་གྱུར་ཅིག ངས་ཁྱོད་ལ་ཡིས་རེ་ཨེལ་པ་ནཱ་བོད་ཀྱི་རྒུན་ཚལ་སྦྱིན་པར་བྱའོ། ཞེས་སྨྲས་སོ༎
༨ དེའང་མོས་ཨ་ཧབ་ཀྱི་མིང་གིས་བཀའ་ཤོག་བྲིས་ནས། དེའི་ཐེ་མོ་བརྒྱབས་ཏེ། ནཱ་བོད་ཀྱི་གྲོང་ཁྱེར་ན་དེ་དང་མཉམ་དུ་ཡོད་པའི་རྒན་མི་མང་དང་། སྐུ་དྲག་རྣམས་ལ་སྦྲིངས་སོ། ༩ ཡི་གེ་ལ། སྨྱུང་བར་བྱོས་ཤིག་དང་། འབངས་ཀྱི་ཁྲོད་ལས་ནཱ་བོད་མཐོ་སར་འཇོག་ལ། ༡༠ མི་ངན་པ་གཉིས་དེའི་མདུན་དུ་བཞག་ནས། དེ་དག་གིས་དཔང་པོ་བྱེད་ཅིང་། ཁྱོད་ཀྱིས་དཀོན་མཆོག་དང་རྒྱལ་པོ་གཉིས་པོར་སྐུར་པ་བཏབ་པ་ཡིན། ཟེར་བ་དང་། ཁྱོད་ཚོས་ཁོ་ཕྱི་ལ་ཁྱེར་ནས་རྡོ་རུབ་ལ་ཐོང་ཞིག ཅེས་བྲིས་པས། ༡༡ ནཱ་བོད་ཀྱི་གྲོང་ཁྱེར་ན་གནས་པའི་རྒན་མི་མང་དང་སྐུ་དྲག་རྣམས་ཀྱིས་ཡི་ཟེ་བེལ་གྱི་ངག་ལོན་དང་བཀའ་ཤོག་ཏུ་བྲིས་པ་བཞིན་དུ་བྱས་ཏེ། ༡༢ མི་རྣམས་སྨྱུང་བར་བཀར་བཏགས་ནས། ནཱ་བོད་ནི་མི་ཚོགས་ཀྱི་མགོ་ལ་བཞག ༡༣ དེར་མི་ངན་པ་དེ་གཉིས་འོང་སྟེ། དེའི་མདུན་དུ་བསྡད་དེ། ནཱ་བོད་ཀྱི་ཕྱིར་མི་ཚོགས་ཀྱི་མདུན་དུ་དཔང་བྱས་ཏེ། འདི་སྐད་དུ། ནཱ་བོད་ཀྱིས་དཀོན་མཆོག་དང་རྒྱལ་པོ་གཉིས་པོར་སྐུར་པ་བཏབ་བོ། ཞེས་སྨྲས་པ་དང་། མི་དེ་གྲོང་ཁྱེར་གྱི་ཕྱི་རོལ་དུ་དྲངས་ནས། རྡོ་རུབ་ལ་བཏང་བས་ཤིའོ། ༡༤ དེ་ནས་དེ་དག་གིས་ཡི་ཟེ་བེལ་ལ། ནཱ་བོད་རྡོ་རུབ་ལ་བཏང་ནས་ཤི་ཟིན། བྱས་ནས་འཕྲིན་བསྐུར་ཏོ༎
༡༥ ཡང་ཡི་ཟེ་བེལ་གྱིས། ནཱ་བོད་རྡོ་རུབ་ལ་བཏང་ནས་ཤི་བར་ཐོས་པར་ཙམ་གྱིས། ཨ་ཧབ་ལ། ད་ནཱ་བོད་ནི་ཤི་ཟིན་ཏེ་གསོན་པོར་མེད་པས། ཡིས་རེ་ཨེལ་པ་ནཱ་བོད་ཀྱིས་རིན་དུ་སྟེར་བར་མ་དགའ་བའི་རྒུན་ཚལ་དེ་ལ་བདག་བྱེད་དུ་ལོངས་ཤིག ཅེས་སྨྲས་ནས། ༡༦ ཨ་ཧབ་ཀྱིས་ནཱ་བོད་ཤི་བའི་གཏམ་ཐོས་པ་ཙམ་གྱིས། ཡིས་རེ་ཨེལ་པ་ནཱ་བོད་ཀྱི་རྒུན་ཚལ་ལ་བདག་བྱེད་དུ་སོང་ངོ་༎
༡༧ དེར་ཏིས་བི་པ་ཨེ་ལི་ཡཱ་ལ་ཡ་ཧོ་ཝཱའི་གསུང་བྱོན་ནས་འདི་སྐད་དུ། ༡༨ ལོངས་ཤིག ས་མར་ཡཱ་རུ་ཡོད་པའི་ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་དང་འཕྲད་དུ་སོང་ཞིག ལྟོས། དེས་ནཱ་བོད་ཀྱི་རྒུན་ཚལ་ལ་བདག་བྱེད་དུ་དེར་སོང་ངོ་། ༡༩ དེ་བས་ན་ཁྱོད་ཀྱིས་དེ་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཀྱིས་བསད་ཀྱང་བསད་ནས་བདག་པོ་ཡང་རྒྱབ་བམ། སྨྲོས་ལ་སླར་ཡང་དེ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཁྱི་རྣམས་ཀྱིས་ནཱ་བོད་ཀྱི་ཁྲག་ལྡགས་པའི་མལ་དུ། ཁྱི་རྣམས་ཀྱིས་ཁྱོད་རང་གི་ཁྲག་ཀྱང་ལྡག་པར་འགྱུར་རོ། ཞེས་སྦྲོན་ཞིག་གསུངས་སོ༎
༢༠ དེར་ཨ་ཧབ་ཀྱིས་ཨེ་ལི་ཡཱ་ལ། ཀྱེ་ངའི་དགྲ་བོ། ཁྱོད་ལ་ང་ཐོབ་བམ། ཞེས་དྲིས་པས། དེས་ལན་དུ། ཐོབ་བྱུང་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་ལ་སྤྱོད་རྒྱུར་ཁྱོད་ཀྱིས་ཁྱོད་རང་བཙོངས་པ་ཡིན། ༢༡ ད་ལྟོས། ཁོ་བོས་ཁྱོད་ཀྱི་ཐོག་ཏུ་བར་ཆད་འདྲེན་པར་བྱ་སྟེ། ཁྱོད་ལ་ཡོངས་སུ་ཕྱག་དར་རྒྱབ་ཅིང་། ཨ་ཧབ་ལས་བུ་གཅིག་ཀྱང་མ་ལུས་པར་ཨིས་ར་ཨེལ་གྱི་ནང་ན་བཀར་ཡོད་པ་དང་ལྷོད་ཡོད་པ་རྣམས་རྦད་ཀྱིས་གཅད་དོ། ༢༢ དེ་ནས་ཁྱོད་ཀྱི་ཁྱིམ་ནི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ཁྱིམ་དང་། ཨ་ཧི་ཡཱ་ཡི་བུ་བ་ཨེ་ཤཱའི་ཁྱིམ་རྣམས་དང་འདྲ་བར་བྱའོ། གང་ལ་ཞེ་ན། ཁྱོད་ཀྱིས་ང་ལ་ཁྲོ་དཀྲུགས་ཤིང་། ཨིས་ར་ཨེལ་ནི་སྡིག་པའི་ནང་དུ་ལྟུང་དུ་བཅུག་པའི་ཕྱིར་རོ། ཞེས་གསུངས་སོ། ༢༣ ཡི་ཟེ་བེལ་གྱི་ཆེད་དུའང་ཡ་ཧོ་ཝཱས་འདི་སྐད་དུ། ཡིས་རེ་ཨེལ་གྱི་ལྕགས་རིའི་འགྲམ་དུ་ཡི་ཟེ་བེལ་ཁྱིས་ཟ་བར་འགྱུར་། ༢༤ ཨ་ཧབ་ཀྱི་བརྒྱུད་ནས་གང་གྲོང་ཁྱེར་དུ་ཤི་བ་ཁྱིས་ཟ་ཞིང་། ཀླུངས་སུ་ཤི་བ་རྣམས་ནམ་མཁའི་འདབ་ཆགས་ཀྱིས་ཟ་བར་འགྱུར་རོ། ཞེས་གསུངས་སོ༎
༢༥ ཡ་ཧོ་ཝཱའི་སྤྱན་ལམ་དུ་ངན་པ་སྤྱོད་རྒྱུར་བཙོངས་པ་ཨ་ཧབ་ལྟ་བུ་གཞན་གང་ཡང་མེད་པ་ཡིན། ཅིའི་ཕྱིར་ཞེ་ན། དེའི་ཆུང་མ་ཡི་ཟེ་བེལ་གྱིས་དེ་ལ་དཀྲུག་བརྒྱབས་སོ། ༢༦ ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་མདུན་ལས་བསྐྲད་པའི་ཨ་མོར་པ་དང་འདྲ་བར། དེ་ནི་སྐུ་འདྲ་རྣམས་ཀྱི་རྗེས་སུ་འབྲངས་ནས། ཡོངས་སུ་སྐྱུག་བྲོ་བའི་ལས་བྱས་སོ༎
༢༧ ཨ་ཧབ་ཀྱིས་དེ་ལྟ་བུའི་བཀའ་ཐོས་པ་དང་གོས་ཧྲལ་ནས། ལུས་ལ་རྩྭ་རས་གོན་ཏེ། སྨྱུང་གནས་ལ་བསྡད་དོ། ཡང་རྩྭ་རས་གོན་ཏེ་སྙེམས་ཆུང་གིས་འགྲུལ་ཏོ། ༢༨ དེར་ཏིས་བི་པ་ཨེ་ལི་ཡཱ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༢༩ ཨ་ཧབ་ཀྱིས་ངའི་དྲུང་དུ་ཇི་ལྟ་བུའི་སྙེམས་ཆུང་བྱེད་པ་མཐོང་ངམ། དེས་ངའི་དྲུང་དུ་སྙེམས་ཆུང་བྱེད་པས་ན། ངས་དེའི་ཚེའི་རིང་དུ་དེའི་ཁྱིམ་ལ་བར་ཆད་འདི་འདྲེན་པར་མི་བྱའི། དེའི་བུའི་དུས་སུ་བར་ཆད་འདྲེན་པར་བྱའོ། ཞེས་གསུངས་སོ༎