༢༠
དེ་ནས་ཨ་རམ་གྱི་རྒྱལ་པོ་བེན་ཧ་དད་ཀྱིས་རང་གི་དམག་དཔུང་ཡོད་དོ་ཅོག་སྲུངས་པས། དེ་དང་བཅས་སུ་རྒྱལ་པོ་སུམ་ཅུ་སོ་གཉིས་དང་། རྟ་དང་། ཤིང་རྟ་ཡང་ཡོད་དེ། ས་མར་ཡཱ་ལ་དམག་བཏེགས་ནས། དེ་ལ་མཐའ་ནས་བསྐོར་ཏེ། དམག་བརྒྱབས་ཏེ།  གྲོང་ཁྱེར་དེ་ལ་ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་བང་ཆེན་མངགས་ཏེ་འདི་སྐད་དུ། བེན་ཧ་དད་ཀྱིས་ཁྱོད་ལ་འདི་ན་རེ།  ཁྱོད་ཀྱི་དངུལ་དང་གསེར་དེ་ངའི་ཡིན། ཁྱོད་ཀྱི་རབ་ཏུ་མཛེས་པའི་བཙུན་མོ་དང་བུ་རྣམས་ཀྱང་ངའི་ཡིན། ཞེས་སྦྲན་པ་དང་།  ཨིས་ར་ཨེལ་གྱི་རྒྱལ་པོས། ཀྱེ་ངའི་ཇོ་བོ་རྒྱལ་པོ་ལགས། ཁྱེད་ཀྱི་བཀའ་བཞིན་དུ་ང་དང་། ང་ལ་བདོག་པ་ཐམས་ཅད་ཁྱེད་ཀྱི་ཡིན། ཞེས་ལན་དུ་སྨྲས་པ་དང་།  བང་ཆེན་དེ་དག་སླར་ལོག་འོངས་ནས་དེ་ལ། བེན་ཧ་དད་ཀྱིས་འདི་སྐད་གསུང་། ཁྱོད་ཀྱི་དངུལ་དང་། གསེར་དང་། བཙུན་མོ་དང་། ཕྲུ་གུ་རྣམས་ངའི་ལག་ཏུ་ཐོད་ཅིག ཅེས་སྦྲན་ཟིན་མོད།  ད་སང་ཉིན་དུས་འདི་གཟོད་དུ་ངའི་གཡོག་པོ་རྣམས་ཁྱོད་ཀྱི་རྩྭར་གཏོང་བར་བྱ། དེ་དག་གིས་ཁྱོད་ཀྱི་ཁྱིམ་དང་། ཁྱོད་ཀྱི་བྲན་གཡོག་རྣམས་ཀྱི་ཁྱིམ་སློང་ཞིང་། ཁྱོད་ཀྱི་མིག་ཏུ་མཛེས་པ་ཐམས་ཅད་ལག་ཏུ་བླངས་ནས། འཁྱེར་བར་འགྱུར། ཞེས་སྦྲན་པས།
 ཨིས་ར་ཨེལ་གྱི་རྒྱལ་པོས་ཡུལ་གྱི་རྒན་རབས་ཐམས་ཅད་བཀུག་ནས། དེ་དག་ལ། ད་ལྟོས་ཤིག མི་འདིས་ངའི་བཙུན་མོ་རྣམས་དང་། ཕྲུ་གུ་རྣམས་དང་། ངའི་དངུལ་དང་གསེར་གྱི་ཕྱིར་མི་བཏང་སྟེ། ངས་དེ་ལ་མི་གཏང་མ་སྨྲས་པའི་སྟེང་དུའང་། དེས་ཅིའི་དོན་དུ་ངན་འདི་བྱེད་པར་འདོད་པ་ལ་བསམ་བློ་ཐོང་ཞིག ཅེས་སྨྲས་པ་དང་།  རྒན་རབས་ཀུན་དང་འབངས་ཐམས་ཅད་ཀྱིས་དེ་ལ། དེའི་གཏམ་ལ་ཡང་མ་གསན། ཉན་པར་ཡང་མ་མཛད་ཅིག ཅེས་ཞུས་པའི་རྐྱེན་གྱིས།  རྒྱལ་པོས་བེན་ཧ་དད་ཀྱི་བང་ཆེན་རྣམས་ལ། ངའི་ཇོ་བོ་རྒྱལ་པོ་ལ་འདི་ལྟར་ཞུས་ཤིག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་བདག་ལ་སྔར་ཅི་དང་ཅི་སྒོ་བ་བཞིན་དུ་བྱའི། བྱ་བ་འདི་བཞིན་དུ་ངས་བྱེད་པར་མི་ནུས་སོ། ཞེས་སྨྲས་པ་དང་། བང་ཆེན་རྣམས་སོང་ནས། ཕྲིན་དེ་སྤྲད་པ་ལས། ༡༠ བེན་ཧ་དད་ཀྱིས་ལན་དུ། གལ་ཏེ་ས་མར་ཡཱའི་ཐལ་བ་ནི་ངའི་ཕྱི་བཞིན་འབྲང་བའི་མི་རྣམས་ཀྱིས་སྤར་བས་འཆུ་རུ་འཚང་བར་འགྱུར་ན། ལྷ་རྣམས་ཀྱིས་ང་ལ་འདིའམ་འདི་ལས་ལྷག་པར་མཛོད་ཅིག བྱས་ནས་སྦྲན་པ་དང་། ༡༡ ཨིས་ར་ཨེལ་གྱི་རྒྱལ་པོས། གོ་ཁྲབ་གོན་པའི་མིས་ནི་གོ་ཁྲབ་ཕུད་མཁན་ལྟར་རློམ་སེམས་མ་སྐྱེད་ཅིག ཅེས་དེ་ལ་སྦྲོན་ཞིག་བྱས་ཏེ། ༡༢ བེན་ཧ་དད་གཞན་རྒྱལ་པོ་རྣམས་དང་བཅས་སུ་གནམ་ལིང་གི་ནང་ན་རྒུན་ཆང་འཐུང་གིན་ཡོད་པའི་དུས་སུ། ཕྲིན་འདི་ཐོས་ནས། འཁོར་གཡོག་ཚོ་ལ། རུ་སྒྲིགས་ཤིག་ཅེས་བསྒོ་བ་དང་། དེ་དག་གིས་གྲོང་ཁྱེར་གྱི་ཐད་དུ་རུ་བསྒྲིགས་སོ༎
༡༣ ཡང་ལྟོས་ཤིག ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱི་དྲུང་དུ་ལུང་སྟོན་པ་ཞིག་འོངས་ནས་དེ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱིས་དཔུང་ཚོགས་ཆེན་པོ་འདི་ཐམས་ཅད་མཐོང་ངམ། ལྟོས་ཤིག དེ་རིང་གི་ཉིན་པར་ཁོ་བོས་དེ་རྣམས་ཁྱོད་ཀྱི་ལག་ཏུ་གཏད་པ་ལས། ཁོ་བོ་ནི་ཡ་ཧོ་ཝཱ་ལགས་པར་ཁྱོད་ཀྱིས་རྟོགས་པར་འགྱུར་རོ། ཞེས་གསུང་ངོ་། བྱས་པས། ༡༤ ཨ་ཧབ་ཀྱིས། ཐབས་གང་གིས་འདི་ལྟར་འབྱུང་བར་འགྱུར། ཞེས་དྲིས་ནས། དེས། ཡ་ཧོ་ཝཱས་འདི་སྐད་གསུང་། ཡུལ་ལྗོངས་ཀྱི་སྡེ་པ་གཞོན་ནུ་རྣམས་ཀྱི་ཐབས་ཀྱིས་སོ། སྨྲས་ནས། ཡང་དེས། འཐབ་མོ་དང་པོར་རྩོམ་པར་བྱེད་མཁན་སུ་ཡིན། དྲིས་པས། དེས་ལན་དུ། ཁྱོད་ཡིན། ཞེས་སྨྲས་སོ། ༡༥ དེ་ནས་དེས་ལྗོངས་རྣམས་ཀྱི་སྡེ་པ་གཞོན་ནུ་བགྲངས་ནས། ཉིས་བརྒྱ་དང་སོ་གཉིས་ཐོན། དེའི་རྗེས་སུ་འབངས་ཀུན་ནམ། ཨིས་ར་ཨེལ་གྱི་བུ་བརྒྱུད་རྣམས་བགྲངས་ནས། སྟོང་ཕྲག་བདུན་དུ་ཐོན་པ་དང་།
༡༦ འདི་རྣམས་ནི་ཉིན་གུང་དུ་ཐོན་རུང་། བེན་ཧ་དད་དང་། དེའི་དཔུང་གྲོགས་ཀྱི་རྒྱལ་པོ་སུམ་ཅུ་སོ་གཉིས་ནི་གནམ་གླིང་ནང་བཟིས་ནས། རྒུན་ཆང་འཐུང་གིན་ཡོད་པ་ལས། ༡༧ ལྗོངས་ཀྱི་སྡེ་པ་གཞོན་ནུ་རྣམས་སྔོན་སྔོན་དུ་འདོང་བ་ལས། བེན་ཧ་དད་ཀྱིས་བང་ཆེན་བཏང་བ་དང་། དེ་དག་གིས་དེ་ལ། ས་མར་ཡཱའི་ནང་ནས་མི་རྣམས་འཐོན་ནོ་བྱས་པས། ༡༨ དེས་དེ་དག་ལ། དེ་རྣམས་བཟང་མཚམས་བྱེད་དུ་ཐོན་པ་ཡིན་ན། གསོན་པོར་ཟུང་ཞིག འཐབ་ཏུ་ཐོན་པ་ཡིན་ནའང་། གསོན་པོར་བཟུང་ཞིག་ཅེས་བསྒོའོ༎
༡༩ ཡང་སྡེ་པའི་གཞོན་ནུ་སྟག་ཤར་རྣམས་གྲོང་ཁྱེར་ལས་ཐོན་ཏེ། དེ་དག་གི་རྒྱབ་རྒྱབ་ནས་དམག་ཚོགས་ཀྱང་ཐོན་ནས། ༢༠ མི་རེ་རེས་རང་གི་འགྲན་ཟླ་རེ་རེ་བསད་པས། ཨ་རམ་པ་བྲོས་སོང་བ་དང་། ཨིས་ར་ཨེལ་པས་འདས་ཏེ། ཨ་རམ་གྱི་རྒྱལ་པོ་བེན་ཧ་དད་རྟ་ཞིག་ལ་ཞོན་ནས། རྟ་པ་རྣམས་དང་བཅས་སུ་བུད། ༢༡ ཨིས་ར་ཨེལ་གྱི་རྒྱལ་པོ་ཡང་ཐོན་ནས། རྟ་དང་ཤིང་རྟ་རྣམས་ལ་བརྒོལ་ཞིང་། གསོད་གཅོད་ཆེན་པོའི་ལུགས་ཀྱིས་ཨ་རམ་པ་རྣམས་སྲོག་དང་ཕྲལ་ཏོ༎
༢༢ དེ་ནས་ལུང་སྟོན་པ་དེ་ཨིས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་འོངས་ནས་དེ་ལ། ལོ་འཁོར་གྱི་འོག་ཏུ་ཨ་རམ་གྱི་རྒྱལ་པོ་སླར་ཁྱེད་ཀྱི་ཐོག་ཏུ་དམག་འདྲེན་དུ་འོང་བས། ད་སོང་ལ། སྟོབས་ཀྱིས་བརྟས་པར་བྱོས་ཤིག་དང་། རང་གི་ལས་དོན་ཕྱིར་ཞིབ་པར་ལྟོས་ལ། བསམ་པ་སྐོར་ཞིག་ཅེས་གསུངས་སོ༎
༢༣ དེ་ནས་ཨ་རམ་གྱི་རྒྱལ་པོའི་འཁོར་གཡོག་གིས་དེ་ལ། དེ་དག་གི་ལྷ་དེ་རིའི་ལྷ་ཡིན་པའི་སྟབས་ཀྱིས། དེ་དག་ངེད་ལས་རྒྱལ་བར་གྱུར་ཏོ། ད་ངེད་ཚོས་ཐང་ཀར་དེ་དག་ལ་འཐབ་པར་བྱ། དེ་ནས་ངེད་རྒྱལ་བར་འགྱུར། ༢༤ དེ་མ་ཟད། རྒྱལ་པོ་ཐམས་ཅད་རེ་རང་གི་གོ་ས་ལས་ཕབ་སྟེ། དེ་དག་གི་མལ་དུ་སྡེ་དཔོན་བསྐོས་ཤིག་དང་། ༢༥ སྟོངས་ཟིན་པའི་དམག་དཔུང་གི་ཚབ་ཏུ་དམག་དཔུང་དང་། རྟའི་ཚབ་ཏུ་རྟ་དང་། ཤིང་རྟའི་ཚབ་ཏུ་ཤིང་རྟ་རྣམས་ཤོམས་ཤིག དེ་ནས་ངེད་ཅག་གིས་ཐང་ཀར་དེ་དག་ལ་འཐབ་པར་བྱ་ན། ངེས་པར་དེ་དག་ལས་རྒྱལ་བར་འགྱུར་རོ། ཞེས་ཞུས་པས། དེས་དེ་རྣམས་ཀྱི་གཏམ་ལ་ཉན་ནས། དེ་བཞིན་དུ་བྱས་སོ༎
༢༦ དེ་ནས་ལོ་འཁོར་གྱི་དུས་སུ། བེན་ཧ་དད་ཀྱིས་ཨ་རམ་པ་རྣམས་བགྲངས་ནས། ཨིས་ར་ཨེལ་ལ་འཐབ་པར་ཨ་ཕེག་ཏུ་དམག་བཏེགས་སོ། ༢༧ ཨིས་ར་ཨེལ་གྱི་བུ་བརྒྱུད་རྣམས་བརྩིས་ཟིན་ནས། རྒྱགས་བཀུར་ནས། དེ་རྣམས་དང་འཐབ་པར་སོང་ངོ་། ཨ་རམ་པས་ཡུལ་ཁྱབ་ཅིང་བསྡད་པ་དང་། ཨིས་ར་ཨེལ་པས་དེ་རྣམས་ཀྱི་ཐད་དུ་ཕབ་པའི་དམག་སྒར་ནི། ར་གུའི་ཁྱུ་ཆུང་ཆུང་གཉིས་དང་འདྲ་བར་མཐོང་བར་གྱུར་ཏོ། ༢༨ དེར་དཀོན་མཆོག་གི་སྐྱེས་བུ་ཞིག་ཨིས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་འོངས་ནས་དེ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཨ་རམ་པས། ཡ་ཧོ་ཝཱ་ནི་རིའི་ལྷ་ཡིན་གྱི། ལུང་པའི་ལྷ་ནི་མིན་ནོ། ཟེར་བས་ན། ངས་དཔུང་ཚོགས་འདི་ཐམས་ཅད་ཁྱོད་ཀྱི་ལག་པར་གཏད་དོ། དེ་ནས་ཁྱོད་ཀྱིས་ཁོ་བོ་ནི་ཡ་ཧོ་ཝཱ་ལགས་པར་རྟོགས་པར་འགྱུར་རོ། ཞེས་གསུང་ངོ་། ཞེས་སྦྲན་ཏོ། ༢༩ དེ་བཞིན་དུ་ཉིན་ཞག་བདུན་གྱི་བར་དུ་ཕར་ཚུར་དུ་དམག་སྒར་བཏབ་ནས་བསྡད་དེ། ཞག་བདུན་པར་དམག་འཐབ་བྱེད་དུ་ཕར་ཚུར་གཉིས་པོ་འདྲེས་ནས། ཨིས་ར་ཨེལ་པས་ཞག་གཅིག་གི་ནང་དུ་ཨ་རམ་པའི་རྐང་ཐང་པ་འབུམ་ཕྲག་གཅིག་བསད་པ་དང་། ༣༠ མི་ཕྱི་ལུས་རྣམས་ཨ་ཕེག་གྲོང་ཁྱེར་དུ་བྲོས་ནས། དེར་ལྕགས་རི་ཞིག་ལོག་པས། མི་ལྷག་མ་སྟོང་ཕྲག་ཉེར་བདུན་ཤི།
ཡང་བེན་ཧ་དད་བྲོས་ནས། གྲོང་ཁྱེར་གྱི་ཁང་བུ་ཞིག་གི་སྦུགས་སུ་ཞུགས་ནས་བསྡད་དོ། ༣༡ དེ་ནས་དེའི་བྲན་གཡོག་རྣམས་ཀྱིས་དེ་ལ། གཟིགས་ཤིག ཨིས་ར་ཨེལ་གྱི་བརྒྱུད་ཀྱི་རྒྱལ་པོ་རྣམས་སྙིང་རྗེ་ཅན་གྱི་རྒྱལ་པོ་ལགས་པར་ཐོས་བྱུང་སྟེ། ད་ངེད་ཀྱི་རྐེད་པར་རེ་བ་དང་། མགོ་ལ་ཐག་པ་དཀྲིས་ནས། ཨིས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་འགྲོ་བར་གནང་ན། ཁྱེད་ཀྱི་སྲོག་ཐར་དུ་ཡང་འཇུག་སྲིད། ཅེས་ཞུས་ནས། ༣༢ རྐེད་པར་རེ་བ་དང་། མགོ་ལ་ཐག་པ་དཀྲིས་ནས། ཨིས་ར་ཨེལ་གྱི་རྒྱལ་པོ་གང་ན་བར་ཕྱིན་ཏེ། ཁྱེད་ཀྱི་བྲན་པོ་བེན་ཧ་དད་ཀྱིས་འདི་སྐད་དུ། ཐུགས་རྗེས་གཟིགས་ཏེ། ངའི་སྲོག་སྐྱོབས་ཤིག ཅེས་ཞུས་པས། དེས། ད་དུང་ཁོ་གསོན་པོར་ཡོད་དམ། དེ་ངའི་སྤུན་ཡིན། ཞེས་སྨྲས་སོ། ༣༣ དེ་ལས་ཅི་འདྲ་འཐོན་པར་འགྱུར་བ་ལ། མི་དེ་དག་སྒུག་ཅིང་བསྡད་ཡོད་པ་དང་། མྱུར་དུ་དེའི་གཏམ་བཟུང་ནས། བེན་ཧ་དད་ནི་སྐུ་ཉིད་ཀྱི་སྐུ་མཆེད་ལགས་སོ། བྱས་པས། དེས། ད་སོང་ལ། ཁྲིད་ཤོག་སྨྲས་ནས། བེན་ཧ་དད་དེ་དང་འཕྲད་དུ་འོངས་པ་ལས། དེས་ཁོ་ཤིང་རྟའི་ནང་དུ་ཞུགས་སུ་བཅུག་གོ། ༣༤ དེ་ནས་བེན་ཧ་དད་ཀྱིས་དེ་ལ། ངའི་ཕས་ཁྱེད་ཀྱི་ཡབ་ལས་ཕྲོགས་ནས་ཁྱེར་བའི་གྲོང་ཁྱེར་ཐམས་ཅད་ཁྱེད་ལ་ཕྱིར་ལོག་འབུལ་བར་བྱ། ཡང་ངའི་ཕས་ས་མར་ཡཱའི་ནང་དུ་ཚོང་ཁང་གི་ལམ་སྲང་བཞེངས་པ་དང་འདྲ་བར། ཁྱེད་ཀྱིས་ཀྱང་ད་མཱ་སེག་གི་ནང་དུ་ཚོང་ཁང་གི་ལམ་སྲང་ཞིག་བཞེང་བར་མཛོད་ཅིག ཞུས་པ་ལ། ཨ་ཧབ་ཀྱིས་ཆད་དོན་འདིའི་ཐོག་ཏུ་ངས་ཁྱོད་འགྲོར་གཞུག་གོ་བྱས་པས། དེས་ཆད་དོན་བྱས་པ་དང་། འགྲོར་བཅུག་གོ།
༣༥ དེར་ལུང་སྟོན་པའི་བུ་རྣམས་ཀྱི་ཁྲོད་ནས་གཅིག་གིས་ཡ་ཧོ་ཝཱའི་བཀའ་ནང་བཞིན་དུ་རང་གི་ཁྱིམ་མཚེས་པ་ལ། ཁྱོད་ཀྱིས་ང་ལ་རྡུངས་ཤིག་སྨྲས་ཀྱང་། མི་དེས་ཁོ་ལ་མི་རྡུང་ཟེར་ཏོ། ༣༦ ཁོས་དེ་ལ། ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་ལ་མ་ཉན་པས། ང་ནས་བྲལ་མ་ཐག་ཏུ། སེང་གེ་ཞིག་གིས་ཁྱོད་གསོད་པར་འགྱུར། ཞེས་སྨྲས་པས། དེ་ལས་བྲལ་མ་ཐག་ཏུ། སེང་གེ་ཞིག་དང་ཕྲད་ནས་བསད་དོ། ༣༧ ཡང་ཁོ་མི་གཞན་ཞིག་དང་ཕྲད་ནས་དེ་ལ། ང་ལ་རྡུང་རོགས་མཛོད་ཅིག བྱས་ཏེ། དེས་རྡུང་བརྡུངས་ནས། སྣད་པོར་བྱས་སོ། ༣༨ དེ་ནས་ལུང་སྟོན་པ་དེ་སོང་སྟེ། ལམ་ཁར་རྒྱལ་པོ་ལ་སྒུག་ཅིང་། མིག་ལ་ཐོད་བཀབ་ནས། ཆས་བསྒྱུར་ཏོ། ༣༩ རྒྱལ་པོ་དེའི་མདུན་ལས་འགྲོ་བའི་ཚེ། དེས་རྒྱལ་པོ་ལ་འབོད་ཅིང་། ཁྱེད་ཀྱི་བྲན་པོ་བདག་འཐབ་མོའི་དཀྱིལ་དུ་ཕྱིན་པ་ལས། ཀྱེ་ཧོ། མི་ཞིག་ཕྱིར་ལོག་བྱུང་ནས། བདག་གི་རྩར་མི་ཞིག་ཁྲིད་ནས་བདག་ལ། མི་འདི་སྲུང་བར་གྱིས་ཤིག གལ་ཏེ་ལུགས་གང་གིས་ཀྱང་དེ་སྟོར་ན། དེའི་སྲོག་ཚབ་ཏུ་ཁྱོད་ཀྱི་སྲོག་འགྲོ་བར་འགྱུར། དེ་མིན། དངུལ་རྡོ་ཚད་ཅིག་འཇལ་བའི་རིགས་སོ། སྨྲས་ནས། ༤༠ ཁྱེད་ཀྱི་བྲན་པོ་བདག་ཕར་ཚུར་ལས་ནང་གཡེངས་མཚམས་སུ། ཁོ་བྲོས་ནས་མི་འདུག ཅེས་ཞུས་པ་དང་། ཨིས་ར་ཨེལ་གྱི་རྒྱལ་པོས། ཁྱོད་ཀྱིས་རང་ཁྲིམས་བཅད་པས། དེ་བཞིན་དུ་ཁྱོད་ཀྱི་ཁྲིམས་གཅོད་པར་བྱའོ། སྨྲས་པ་དང་། ༤༡ དེས་མྱུར་དུ་རང་གི་གདོང་ལས་ཐོད་དེ་ཕུད་པས། ཨིས་ར་ཨེལ་གྱི་རྒྱལ་པོས་དེ་ནི་ལུང་སྟོན་པའི་ཁྲོད་ལས་གཅིག་ཡིན་པར་ངོ་ཤེས་སོ། ༤༢ དེས་རྒྱལ་པོ་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་བོས་གླུད་དུ་བྱས་པའི་མི་དེ་ཁྱོད་ཀྱིས་རང་གི་ལག་པའི་ནང་ནས་འགྲོར་བཅུག་པའི་རྐྱེན་གྱིས། དེའི་སྲོག་གི་ཚབ་ཏུ་ཁྱོད་ཀྱི་སྲོག་དང་། དེའི་འབངས་ཀྱི་ཚབ་ཏུ་ཁྱོད་ཀྱི་འབངས་འགྲོ་བར་འགྱུར་རོ། ཞེས་བསྒོ་བ་དང་། ༤༣ ཨིས་ར་ཨེལ་གྱི་རྒྱལ་པོ་ཡི་མུག་ཅིང་བློ་མི་བདེ་བར་གྱུར་ནས། ཁྱིམ་དུ་ཆས་ཏེ། ས་མར་ཡཱ་རུ་ཕྱིན་ཏོ༎