༡༩
དེ་ནས་ཨ་ཧབ་ཀྱིས་ཡི་ཟེ་བེལ་ལ། ཨེ་ལི་ཡཱས་ཅི་བྱས་པ་ཐམས་ཅད་དང་། ཇི་ལྟར་བ་ཨཱལ་གྱི་ལྷ་པ་རྣམས་རལ་གྲིས་བསད་པའི་གཏམ་བཤད་པ་དང་།  ཡི་ཟེ་བེལ་གྱིས་ཨེ་ལི་ཡཱ་ལ་བང་ཆེན་བཏང་ནས་དེ་ལ། ཇི་སྟེ་སང་ཉིན་དུས་འདི་ཙམ་ལ། དེ་དག་གི་སྲོག་བླངས་པ་ལྟར། ཁྱོད་ཀྱི་སྲོག་ཀྱང་མ་ལེན་ན། ལྷ་རྣམས་ཀྱིས་ང་ལ་དེ་བཞིན་དང་དེ་ལས་ལྷག་པར་ཡང་མཛོད་ཅིག ཅེས་པའི་ཕྲིན་བསྐུར་ཏོ།  དེས་ཕྲིན་དེ་ཐོས་པ་ཙམ་གྱིས་ལངས་ནས། རང་སྲོག་སྐྱོབ་ཏུ་ཡ་ཧུ་དཱའི་བེ་ཨེར་ཤེ་བཱ་རུ་ཕྱིན་ཏེ། རང་གི་གཡོག་པོ་དེ་དེར་བཞག་གོ།  འོན་ཀྱང་ཁོ་རང་ནི་འབྲོག་སྟོང་དུ་ཉིན་ལམ་གཅིག་གི་སར་སོང་ནས། ཤུག་སྡོང་ཞིག་གི་ལྐོག་ཏུ་བསྡད་དེ། རང་འཆི་བའི་ཕྱིར་གསོལ་བ་བཏབ་སྟེ། ད་ཆོག ཀྱེ་ཡ་ཧོ་ཝཱ། བདག་ནི་བདག་གི་མེས་པོ་ལས་བཟང་པོ་མ་ཡིན། ད་བདག་གི་སྲོག་བཞེས་སུ་གསོལ། ཞེས་ཞུས་ནས།  ཤུག་སྡོང་དེའི་ལྐོག་ཏུ་ཉལ་ནས། གཉིད་ལོག་ཡོད་པ་དང་། ཀྱེ་ཧོ། དཀོན་མཆོག་གི་ཕོ་ཉ་ཞིག་གིས་དེ་ལ་རེག་ནས། ཡར་ལོངས་ལ། ཁ་ཟས་ཟོས་ཤིག ཅེས་བསྒོ་བས།  དེས་བལྟས་པ་དང་། སྔས་མགོར་སོལ་བའི་མེ་ལ་བཙོས་པའི་བག་ལེབ་ཅིག་ཆུའི་བུམ་པ་དང་བཅས་སུ་ཡོད་པ་ལས། དེས་ཟོས་ཏེ་བཏུང་ནས། ཡང་སྐྱར་ཉལ་བ་དང་།  ཡ་ཧོ་ཝཱའི་ཕོ་ཉ་དེ་ཐེངས་གཉིས་པར་བྱོན་ནས། དེ་ལ་རེག་ནས། ཁྱོད་ཀྱི་བྱེས་འདི་རབ་ཏུ་རྒྱང་རིང་བས། ད་ཡར་ལོངས་ལ། ཁ་ཟས་ཟོས་ཤིག ཅེས་བསྒོ་བས།  དེ་ལངས་ནས། བཟོས་ཏེ་བཏུང་ནས། ཁ་ཟས་དེའི་སྟོབས་ཀྱིས་ཞག་བཞི་བཅུ་ཉིན་མཚན་མེད་པར་སོང་ནས། དཀོན་མཆོག་གི་རི་ཧོ་རེབ་ཏུ་ཕྱིན་ཏོ༎
 དེར་བསླེབས་ནས། ཕུག་པ་ཞིག་གི་ནང་དུ་ཞུགས་བསྡད་པ་ལས། ཀྱེ་ཧོ། ཡ་ཧོ་ཝཱའི་བཀའ་བྱུང་ནས་དེ་ལ། ཨེ་ལི་ཡཱ། ཁྱོད་འདིར་ཅི་བྱེད། ༡༠ དེས་ཞུ་ལན་དུ། ཡ་ཧོ་ཝཱ་དཔུང་ཚོགས་ཀྱི་དཀོན་མཆོག་གི་ཕྱིར་བདག་ལ་ཁྲག་རླུང་ལྡང་ངོ་། ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་ཁྱེད་ཀྱི་ཞལ་ཆད་སྤངས་ཏེ། ཁྱེད་ཀྱི་མཆོད་ཁྲི་རྣམས་བཤིགས། ལུང་སྟོན་པ་རྣམས་ནི་རལ་གྲིས་བཀུམ་ནས། ད་བདག་གཅིག་པུ་ལུས་ཡོད་རུང་། དེ་རྣམས་ཀྱིས་བདག་གི་སྲོག་ཀྱང་ལེན་དུ་སྙེགས་པའི་སྟབས་བྱེད་ཀྱིན་འདུག ཅེས་ཞུས་པས། ༡༡ ཁོང་གིས་དེ་ལ། ད་ཕྱི་རོལ་དུ་ཐོན་ཅིག་དང་། ཡ་ཧོ་ཝཱའི་ཞལ་ངོར་རི་ལ་ལངས་ནས་སྡོད་ཅིག ཅེས་བསྒོ་བ་དང་། ཀྱེ་ཧོ། ཡ་ཧོ་ཝཱ་དེའི་མདུན་ནས་ཕར་གཤེགས་པ་ལས། ཡ་ཧོ་ཝཱའི་མདུན་དུ་རི་རྣམས་འགྱེས་བྱེད་དང་། བྲག་རྣམས་སིལ་བུར་གཅོག་པའི་རླུང་དྲག་པོ་ཤིན་ཏུ་ཆེ་བ་ཞིག་བྱུང་ཡང་། ཡ་ཧོ་ཝཱ་རླུང་དྲག་གི་ནང་ན་མཆིས་པ་མ་ཡིན། རླུང་དྲག་གི་འོག་ཏུ་ས་གཡོ་བ་བྱུང་ཡང་། ཡ་ཧོ་ཝཱ་ས་གཡོ་བའི་ནང་ན་མཆིས་པ་མ་ཡིན། ༡༢ ས་གཡོ་བའི་འོག་ཏུ་མེ་འཁྱུག་བྱུང་ཡང་། ཡ་ཧོ་ཝཱ་མེའི་ནང་ན་མཆིས་པ་མ་ཡིན། མེའི་འོག་ཏུ་སྐད་ཐིང་འཇམ་པ་ཞིག་བྱུང་། ༡༣ ཨེ་ལི་ཡཱས་དེ་ཐོས་པར་ཙམ་གྱིས། གཟན་གོས་ཀྱིས་རང་གི་གདོང་པ་བཀབ་སྟེ། ཕྱིར་ཐོན་ནས། ཕུག་པའི་སྒོ་འགྲམ་དུ་ཀེ་རེ་བསྡད་པ་དང་། ཀྱེ་ཧོ། ཨེ་ལི་ཡཱ། འདིར་ཅི་བྱེད། ཅེས་པའི་སྐད་བྱུང་བས། ༡༤ དེས་ཁོང་ལ། ཡ་ཧོ་ཝཱ་དཔུང་ཚོགས་ཀྱི་དཀོན་མཆོག་གི་ཕྱིར་བདག་ལ་ཁྲག་རླུང་ལྡང་ངོ་། ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་ཁྱེད་ཀྱི་ཞལ་ཆད་སྤངས་ཏེ། ཁྱེད་ཀྱི་མཆོད་ཁྲི་རྣམས་བཤིགས། ལུང་སྟོན་པ་རྣམས་ནི་རལ་གྲིས་བཀུམ་ནས། ད་བདག་གཅིག་པུ་ལུས་ཡོད་རུང་། དེ་རྣམས་ཀྱིས་བདག་གི་སྲོག་ཀྱང་ལེན་དུ་སྙེགས་པའི་སྟབས་བྱེད་ཀྱིན་འདུག ཅེས་ཞུས་པས། ༡༥ ཡ་ཧོ་ཝཱས་དེ་ལ། ད་སོང་ལ། འབྲོག་སྟོང་གི་ལམ་བཟུང་ནས་ད་མཱ་སེག་ཏུ་སོང་ཞིག ཡང་དེར་ཕྱིན་པའི་དུས་སུ། ཨ་རམ་གྱི་རྒྱལ་པོར་ཧ་ཟ་ཨེལ་དང་། ༡༦ ཨིས་ར་ཨེལ་གྱི་རྒྱལ་པོར་ནིམ་ཤིའི་བུ་ཡེ་ཧུ་ལ་སྣུམ་སྐུས་ཤིག ཁྱོད་ཀྱི་ཚབ་ཏུ་ལུང་སྟོན་པར་འགྱུར་བ་ལ་ཨ་བེལ་མེ་ཧོ་ལཱ་པ་ཤ་ཕད་ཀྱི་བུ་ཨེ་ལི་ཤཱ་ལ་སྣུམ་སྐུས་ཤིག ༡༧ དེ་ནས་ཧ་ཟ་ཨེལ་གྱི་རལ་གྲི་ལས་ཐར་པ་ཐམས་ཅད་ནི་ཡེ་ཧུས་གསད། ཡེ་ཧུའི་རལ་གྲི་ལས་བུད་པ་ཐམས་ཅད་ཨེ་ལི་ཤཱས་གསད་དོ། ༡༨ དེའང་ཁོ་བོས་བ་ཨཱལ་གྱི་མདུན་དུ་པུས་མོ་མ་བཙུགས་པའམ། དེ་ལ་ཁ་ཡང་མ་བསྐྱལ་བའི་ཨིས་ར་ཨེལ་གྱི་ཁྲོད་དུ་མི་སྟོང་བདུན་ད་བར་བཞག་པ་ཡིན། ཞེས་བཀའ་སྩལ་པ་དང་།
༡༩ ཁོང་དེ་ནས་པོས་ཏེ། མདུན་དུ་གླང་དོར་བཅུ་གཉིས་བཙུགས་ནས་ཞིང་རྨོ་ཞིང་ཡོད་པའི་ཤ་ཕད་ཀྱི་བུ་ཨེ་ལི་ཤཱ་དང་ཕྲད་དེ། དོར་བཅུ་གཉིས་པ་དང་མཉམ་དུ་དེ་རང་ཡོད་པ་ལས། ཨེ་ལི་ཡཱ་མདུན་དུ་བྱོན་ནས། དེའི་ཐོག་ཏུ་རང་གི་གཟན་ཕངས་བཏང་བས། ༢༠ དེས་གླང་རྣམས་བོར་ཏེ། ཨེ་ལི་ཡཱའི་ཕྱི་བཞིན་རྒྱུག་ཅིང་དེ་ལ། རང་གི་ཕ་དང་མ་ལ་ཁ་སྐྱེལ་དུ་བདག་ལ་དགོངས་པ་གནོང་ཞིག་དང་། དེ་ནས་ཁྱེད་ཀྱི་ཕྱི་བཞིན་འབྲང་བར་བྱའོ། ཞེས་ཞུས་པས། ཁོང་གིས་དེ་ལ། ངས་ཁྱོད་ལ་ཅི་བྱེད། ཕྱིར་ལོག་སོང་ཞིག གསུངས་པས། ༢༡ ཁོང་གི་དྲུང་ནས་ལོག་འོངས་ནས། གླང་དོར་གཅིག་ཁྱེར་ནས་བསད་དེ། རྨོ་བའི་ཆས་ཀྱིས་དེ་དག་གི་ཤ་བཙོས་ནས། མི་རྣམས་ལ་བྱིན་ཏེ། དེ་རྣམས་ཀྱིས་ཟོས་པ་དང་། དེ་ལངས་ནས། ཨེ་ལི་ཡཱའི་ཕྱི་བཞིན་འབྲངས་ཏེ། ཞབས་ཏོག་བྱས་སོ༎