༡༨
དེ་ནས་ཞག་དུ་མའི་འོག་ཏུ་ལོ་གསུམ་པར། ཡ་ཧོ་ཝཱའི་བཀའ་ཨེ་ལི་ཡཱ་ལ་བྱུང་ཞིང་དེ་ལ། ད་སོང་ལ། ཁྱོད་རང་གི་གདོང་ཨ་ཧབ་ལ་སྟོན་ཅིག་དང་། ངས་ས་གཞི་ལ་ཆར་ཆུ་དབབ་བོ། ཞེས་བཀའ་སྩལ་པ་དང་།  ཨེ་ལི་ཡཱ་་ཨ་ཧབ་ལ་གདོང་སྟོན་དུ་སོང་སྟེ། ས་མར་ཡཱ་རུ་མུ་གེ་དྲག་པོ་བྱུང་བས།  ཨ་ཧབ་ཀྱིས་རང་གི་ཁྱིམ་གྱི་ཕྱག་མཛོད་ཨོ་བད་ཡཱ་བྱ་བ་ལ་བོས་སོ། ཨོ་བད་ཡཱ་ནི་ཡ་ཧོ་ཝཱ་ལ་རབ་ཏུ་བག་བྱེད་པ་ཞིག་གོ།  གང་ལྟར་ཞེ་ན། ཡི་ཟེ་བེལ་གྱིས་ཡ་ཧོ་ཝཱའི་ལུང་སྟོན་པ་རྣམས་བཀུམ་པའི་ཚེ། ཨོ་བད་ཡཱས་ལུང་སྟོན་པ་བརྒྱ་ཁྱེར་ཏེ། ལྔ་བཅུ་ལྔ་བཅུ་བྱས་ནས། ཕུག་པའི་ནང་དུ་སྦས་ཏེ། བག་ལེབ་དང་ཆུས་བསྲེལ་ཏོ།  ཡང་ཨ་ཧབ་ཀྱིས་ཨོ་བད་ཡཱ་ལ། ཡུལ་གྱི་ཆུ་མིག་དང་གྲོག་པོ་ཡོད་ཚད་དུ་འཁོར་ཞིག་དང་། རྟ་དྲེལ་རྣམས་ཀྱི་སྲོག་སྐྱོབ་ཅིང་། དུད་འགྲོ་མེད་པར་མི་འགྱུར་བའི་ཕྱིར་དུ། ངེད་ལ་རྩྭ་ཞིག་ཨེ་རྙེད་ཅེས་སྨྲས་པ་དང་།  དེ་དག་གིས་ཡུལ་ཐམས་ཅད་འཁོར་བའི་དོན་དུ། ཡུལ་ཁམས་དེ་ཁོ་གཉིས་པོའི་ནང་དུ་བགོས་ནས། ཕྱོགས་གཅིག་ཏུ་ཨ་ཧབ་གཅིག་པུར་སོང་། གཞན་ཕྱོགས་གཅིག་ཏུ་ཨོ་བད་ཡཱ་གཅིག་པུར་སོང་ངོ་༎
 དེ་ནས་ཨོ་བད་ཡཱ་ལམ་ཁར་ཡོད་པའི་ཚེ་ན། ཀྱེ་ཧོ། ཨེ་ལི་ཡཱ་དེ་དང་ཕྲད་དེ། ཁོས་ཁོང་གི་ངོ་ཤེས་ནས། ཁ་འབུབ་ཏུ་གྱེལ་ཏེ་དེ་ལ། ངའི་ཇོ་བོ་ཨེ་ལི་ཡཱ་ནི་ཁྱེད་ལགས་སམ། ཞུས་པས།  དེས་ལན་དུ། ང་ཡིན། ད་སོང་ལ་རང་གི་དཔོན་པོ་ལ། ཀྱེ་ཧོ་ཨེ་ལི་ཡཱ་འདི་ན་འདུག་ཤོད་ཅིག ཅེས་བསྒོ་བ་དང་།  དེ་ན་རེ། ངས་ཉེས་པ་ཅི་བྱས། ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་བདག་སྲོག་དང་འཕྲལ་དུ་ཨ་ཧབ་ཀྱི་ལག་ཏུ་གཏོད་པར་བྱའམ། ༡༠ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་བསྣམས་ཤིག ངའི་དཔོན་པོས་ཁྱེད་འཚོལ་དུ་མ་བཏང་བའི་མི་སྡེ་དང་། རྒྱལ་ཁམས་གཅིག་ཀྱང་ལུས་པ་མེད། ཡང་ཁོ་འདི་ན་མེད་དོ་སྨྲས་པ་ཙམ་གྱིས། མི་སྡེ་དང་། རྒྱལ་ཁམས་དེས་ཁྱེད་དང་མ་ཕྲད་པའི་མནའ་བཀལ་ཏོ། ༡༡ ད་ཁྱེད་ཀྱིས། ཀྱེ་ཧོ། ཨེ་ལི་ཡཱ་འདི་ན་འདུག་ཅེས་ཁྱོད་རང་གི་དཔོན་པོ་ལ་ཤོད་ཅིག་གསུང་བས། ༡༢ དེ་ནས་ཅི་འབྱུང་འོང་ཞེ་ན། བདག་ཁྱེད་ཀྱི་སྐུ་དྲུང་ནས་ཆས་མ་ཐག་ཏུ། ཡ་ཧོ་ཝཱའི་ཐུགས་ཀྱིས་ཁྱེད་ནི་བདག་ལ་ཆ་མེད་པའི་གནས་སུ་འཁྱེར་བར་འགྱུར། ཡང་བདག་སོང་ནས་ཨ་ཧབ་ལ་བཤད་ནས། དེ་ལ་ཁྱེད་མི་རྙེད་པས། ཁོས་བདག་གསད་དོ། འོན་ཀྱང་ཁྱེད་ཀྱི་བྲན་པོ་བདག་ནི་ཆུང་ངུ་ནས་ཡ་ཧོ་ཝཱ་ལ་བག་བྱེད་པ་ཞིག་སྟེ། ༡༣ ཡི་ཟེ་བེལ་གྱིས་ཡ་ཧོ་ཝཱའི་ལུང་སྟོན་པ་རྣམས་འགུམ་དུས་སུ། བདག་གིས་ཅི་བྱས་པ་དང་། བདག་གིས་ཇི་ལྟར་ཡ་ཧོ་ཝཱའི་ལུང་སྟོན་པ་མི་བརྒྱ་ལ་ལྔ་བཅུ་ལྔ་བཅུ་བྱས་ཏེ། ཕུག་པའི་ནང་དུ་སྦས་ནས། དེ་དག་བག་ལེབ་དང་ཆུས་བསྲེལ་བའི་གཏམ་བདག་གི་ཇོ་བོ་ལ་སུས་ཀྱང་མ་བཤད་དམ། ༡༤ ད་ཁྱེད་ཀྱིས། ཀྱེ་ཧོ། ཨེ་ལི་ཡཱ་འདི་ན་འདུག་ཅེས་རང་གི་དཔོན་པོ་ལ་ཤོད་ཅིག ཅེས་གསུངས་པས། དེས་བདག་བསད་དེ། ༡༥ ཞེས་ཞུས་པས། ཨེ་ལི་ཡཱ་ན་རེ། དཔུང་ཚོགས་ཀྱི་ཡ་ཧོ་ཝཱ་གསོན་པོར་མཆིས་ཤིང་། ང་ཁོང་གི་དྲུང་དུ་འགྲེང་བའི་ངེས་ཚིག་བཞིན། དེ་རིང་གི་ཉིན་མོར་ངས་རང་གི་གདོང་དེ་ལ་སྟོན་པར་བྱ། སྨྲས་པས། ༡༦ ཨོ་བད་ཡཱ་་ཨ་ཧབ་དང་ཕྲད་དུ་ཕྱིན་ཏེ། དེ་ལ་བཤད་དོ། ཨ་ཧབ་ནི་ཨེ་ལི་ཡཱ་དང་འཕྲད་དུ་འོངས་པ་དང་།
༡༧ ཨ་ཧབ་ཀྱིས་ཨེ་ལི་ཡཱ་མཐོང་མ་ཐག་ཏུ། ཨ་ཧབ་ཀྱིས་དེ་ལ། ཨིས་ར་ཨེལ་ལ་གནོད་པ་དེ་ཁྱོད་རང་མ་ཡིན་ནམ། ༡༨ ཞེས་པའི་ལན་དུ་དེས། ཨིས་ར་ཨེལ་ལ་གནོད་པ་ནི་ང་མིན་ཏེ། ཁྱོད་དང་ཁྱོད་ཀྱི་ཕ་སྤད་ཡིན། ཁྱོད་ཅག་གིས་ཡ་ཧོ་ཝཱའི་བཀའ་རྒྱ་རྣམས་སྤངས་ཏེ། བ་ཨཱལ་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན། ༡༩ དེ་བས་ན་བང་ཆེན་བཏང་ནས། ཀར་མེལ་གྱི་རི་ལ་ངའི་མདུན་དུ་ཨིས་ར་ཨེལ་ཐམས་ཅད་དང་། བ་ཨཱལ་གྱི་ལུང་སྟོན་པ་བཞི་བརྒྱ་དང་ལྔ་བཅུ་དང་། ཡི་ཟེ་བེལ་གྱི་ལྕོག་ཙེ་ལས་ཟ་བའི་ཨ་ཤེ་རཱ་ཡི་ལྷ་པ་བཞི་བརྒྱ་སྡུས་ཤིག སྨྲས་པས།
༢༠ ཨ་ཧབ་ཀྱིས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཐམས་ཅད་ལ་བང་ཆེན་བཏང་ནས། ལུང་སྟོན་པ་རྣམས་ཀར་མེལ་གྱི་རི་རུ་བསྡུས་སོ། ༢༡ ཨེ་ལི་ཡཱ་མི་ཐམས་ཅད་ཀྱི་མདུན་དུ་བྱོན་ཏེ་དེ་དག་ལ། ཁྱེད་ཅག་ནམ་གྱི་བར་དུ་ཚམ་ཚོམ་དུ་སྡོད་པར་བྱ། ཇི་སྟེ་ཡ་ཧོ་ཝཱ་ནི་དཀོན་མཆོག་ལགས་ན། ཁོང་གི་ཞབས་རྗེས་སུ་བྲོངས་ཤིག ཇི་སྟེ་བ་ཨཱལ་དཀོན་མཆོག་ཡིན་ན། དེའི་རྗེས་སུ་བྲོངས་ཤིག ཅེས་བསྐུལ་མོད། མི་ཚོགས་ཀྱིས་ལན་དུ་ཚིག་གཅིག་ཀྱང་མ་ཟེར་ཏོ། ༢༢ དེར་ཨེ་ལི་ཡཱས་མི་ཚོགས་ལ། ཡ་ཧོ་ཝཱའི་ལུང་སྟོན་པའི་ནང་ནས་ང་རང་གཅིག་འབའ་ཞིག་ལུས་ཀྱང་། བ་ཨཱལ་གྱི་ལྷ་པ་ནི་བཞི་བརྒྱ་དང་ལྔ་བཅུ་ཐམ་པའོ། ༢༣ དེ་བས་ན་ངེད་ཅག་ལ་གླང་གཉིས་བྱིན་ཞིག་དང་། དེ་དག་གིས་རང་གི་ཕྱིར་གླང་ཞིག་འདམས་ཏེ། དུམ་བུར་བཏུབ་ནས། ཤིང་གི་ཁར་ཞོག་ལ་མེ་མ་ཐོང་ཞིག ཡང་བ་གླང་ཞིག་བཤམས་ཏེ། ཤིང་གི་ཁར་བཞག་ནས་མེ་མི་གཏང་། ༢༤ དེ་ནས་ཁྱོད་ཅག་གིས་རང་གི་ལྷ་རྣམས་ཀྱི་མིང་བརྗོད་ཅིང་བོས་ཤིག ངས་ནི་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་འབོད་པར་བྱའོ། ཡང་གང་དཀོན་མཆོག་དེས་མེ་ལས་ལན་འདེབས་པ་དེ་ནི་དཀོན་མཆོག་ཏུ་འཛིན་ཞིག ཅེས་སྨྲས་པའི་ལན་དུ་མི་ཐམས་ཅད་ཀྱིས། ལེགས་སོ་ཞེས་ཟེར་བ་དང་། ༢༥ ཨེ་ལི་ཡཱས་བ་ཨཱལ་གྱི་ལུང་སྟོན་པ་རྣམས་ལ། ཁྱོད་ཅག་གིས་རང་གི་ཕྱིར་གླང་ཞིག་འདམས་པར་གྱིས་ཤིག ཁྱོད་མང་བས། སྔོན་དུ་བཤམས་ནས། རང་གི་ལྷའི་མིང་རྗོད་ཅིག འོན་ཀྱང་མེ་མ་ཐོང་ཞིག ཅེས་སྨྲས་པས། ༢༦ དེ་དག་ལ་བྱིན་པའི་གླང་དེ་བླངས་ཏེ། བཤམས་ནས། སྔ་དྲོ་ནས་ཉིན་གུང་གི་བར་དུ་བ་ཨཱལ་གྱི་མིང་འབོད་ཅིང་། ཀྱེ་བ་ཨཱལ། བདག་ཅག་ལ་གསན་པར་མཛོད་ཅིག ཅེས་ཞུས་ཀྱང་། སྐད་ཀྱང་མ་བྱུང་། ལན་ཡང་མ་བྱུང་བ་དང་། དེ་དག་གིས་བཟོས་པའི་མཆོད་ཁྲི་ལ་སྐོར་བ་བྱེད་དེ། རྐང་ལག་གཡོབ་ཅིང་གར་རྩེས་སོ། ༢༧ དེ་ནས་ཉིན་གུང་ལ་ཨེ་ལི་ཡཱས་དེ་དག་ལ་འཕྱ་ཞིང་། སྐད་ཆེན་པོས་བོས་ཤིག གང་ལ་ཞེ་ན། དེ་ནི་ལྷ་ཞིག་ཡིན་པས། གཏམ་གླེང་གིན་ཡོད་དམ། ཕྱོགས་ཤིག་ཏུ་སོང་ངམ། བྱེས་སུ་ཡོད་དམ། གཉིད་ལོག་གམ་མི་ཤེས་པས། གཉིད་སོད་ཅིག ཅེས་སྨྲས་པས། ༢༨ དེ་དག་གིས་སྐད་ཆེན་པོས་འབོད་ཅིང་། རང་གི་ལུགས་བཞིན་དུ་ཁྲག་རྒྱུག་པ་ཙམ་དུ། རང་གིས་རང་ལ་གྲི་དང་གཙག་བུས་བརྩབས་སོ། ༢༩ ཉིན་གུང་ཡོལ་ནས། དགོངས་མོའི་ཞལ་ཟས་ཀྱི་མཆོད་པ་འབུལ་དུས་ཀྱི་བར་དུ། དེ་དག་གིས་ལུང་སྟོན་ཅིང་བསྡད་ཀྱང་། སྐད་ཀྱང་མ་བྱུང་། ལན་ཡང་མ་བྱུང་། སྣང་དག་བྱེད་མཁན་ཡང་མ་བྱུང་ངོ་༎
༣༠ དེ་ནས་ཨེ་ལི་ཡཱས་མི་ཐམས་ཅད་ལ། ངའི་མདུན་དུ་ཤོག ཟེར་བས། མི་ཐམས་ཅད་དེའི་མདུན་དུ་སོང་། དེར་ཁོས་ཡ་ཧོ་ཝཱའི་མཆོད་ཁྲི་བཞིག་པ་དེ་གསོས་པར་བགྱིས་ཏེ། ༣༡ ཡ་ཧོ་ཝཱས། ཁྱོད་ཀྱི་མིང་ཨིས་ར་ཨེལ་དུ་འགྱུར་བར་འགྱུར་རོ། ཞེས་པའི་བཀའ་བྱུང་བའི་ཡ་ཀོབ་ཀྱི་བུ་རྣམས་ཀྱི་སྡེའི་གྲངས་བཞིན་དུ། ཨེ་ལི་ཡཱས་རྡོ་བ་བཅུ་གཉིས་བླངས་ཏེ། ༣༢ རྡོ་དེ་རྣམས་ལས་ཡ་ཧོ་ཝཱའི་མཚན་ལ་མཆོད་ཁྲི་ཞིག་བཞེངས་ཏེ། མཆོད་ཁྲིའི་ཀྱིར་འཁོར་དུ་འབྲུ་ཁལ་གཉིས་ཀྱི་འོབས་ཤིག་བྲུས་ཏེ། ༣༣ ཤིང་རྣམས་བསྒྲོན་ཏེ། གླང་དེ་དུམ་བུར་བཏུབ་སྟེ། ཤིང་གི་ཁར་བཞག་ནས། དེ་དག་ལ། རྫ་བུམ་བཞི་ཆུས་བཀང་ནས། སྦྱིན་སྲེག་གི་མཆོད་པ་དང་། ཤིང་རྣམས་ཀྱི་ཁར་བླུག་ཅིག ཅེས་བསྒོའོ། ༣༤ ཡང་དེ་ན་རེ། ད་དུང་ལན་གཉིས་པར་དེ་ལྟར་གྱིས་ཤིག་སྨྲས་པས། དེ་དག་གིས་ལན་གཉིས་པར་དེ་སྟར་བྱས་ནས། དེ་ན་རེ། ད་དུང་ལན་གསུམ་པར་དེ་ལྟར་གྱིས་ཤིག་སྨྲས་པས། དེ་དག་གིས་ལན་གསུམ་པར་དེ་ལྟར་བྱས་པ་དང་། ༣༥ མཆོད་ཁྲིའི་ཀྱིར་འཁོར་དུ་ཆུ་རྒྱུགས་ནས། འོབས་དེ་ཡང་ཆུས་ཁེངས་པར་གྱུར་ཏོ༎
༣༦ ཞལ་ཟས་ཀྱི་མཆོད་པ་འབུལ་བའི་དུས་སུ། ལུང་སྟོན་པ་ཨེ་ལི་ཡཱ་མདུན་དུ་འོངས་ནས། ཀྱེ་ཡ་ཧོ་ཝཱ། ཨབ་ར་ཧམ་དང་། ཨི་སཱག་དང་། ཨིས་ར་ཨེལ་གྱི་དཀོན་མཆོག དེ་རིང་གི་ཉིན་པར། ཁྱེད་ཨིས་ར་ཨེལ་གྱི་དཀོན་མཆོག་ལགས་པ་དང་། བདག་ཁྱེད་ཀྱི་བྲན་པོ་ཡིན་པ་དང་། བདག་གིས་བྱས་པའི་བྱ་བ་འདི་དག་ཁྱེད་ཀྱི་བཀའ་བཞིན་དུ་བྱས་པ་ཡིན་པར། མངོན་པར་མཛོད་ཅིག ༣༧ བདག་ལ་གསན་དུ་གསོལ། ཀྱེ་ཡ་ཧོ་ཝཱ། མི་བརྒྱུད་འདི་དག་གིས་ཁྱེད་ཡ་ཧོ་ཝཱ་དཀོན་མཆོག་ལགས་པ་དང་། ཁྱེད་ཀྱིས་དེ་དག་གི་སྙིང་ཡང་སྐྱར་བསྒྱུར་པ་ནི་ཁོང་དུ་ཆུད་པའི་ཕྱིར། བདག་ལ་གསན་པར་མཛོད། ༣༨ ཅེས་ཞུས་པས། ཡ་ཧོ་ཝཱས་མེ་བབས་ནས། སྦྱིན་སྲེག་གི་མཆོད་པ་དང་། ཤིང་དང་། རྡོ་བ་དང་། ས་དེ་ཐམས་ཅད་བསྲེག་སྟེ། འོབས་ཀྱི་ནང་དུ་ཡོད་པའི་ཆུ་ཡང་ལྡག་པར་བྱས་སོ། ༣༩ མི་བརྒྱུད་ཐམས་ཅད་ཀྱིས་དེ་མཐོང་བ་ཙམ་གྱིས། ས་ལ་ཁ་འབུབ་ཏུ་གྱེལ་ཏེ། ཡ་ཧོ་ཝཱ་རང་དཀོན་མཆོག་གོ། ཡ་ཧོ་ཝཱ་རང་དཀོན་མཆོག་གོ། ཞེས་ཞུས་སོ། ༤༠ དེར་ཨེ་ལི་ཡཱས་དེ་དག་ལ། བ་ཨཱལ་གྱི་ལུང་སྟོན་པ་རྣམས་བཟུང་སྟེ། དེ་དག་གི་ནང་ནས་གཅིག་ཀྱང་འབུད་དུ་མ་ཆུག་ཅིག་བྱས་པས། མི་རྣམས་ཀྱིས་བཟུང་ནས། ཨེ་ལི་ཡཱས་དེ་དག་ཀི་ཤོན་བྱ་བའི་གྲོག་པོ་རུ་ཁྱེར་ནས། དེར་བསད་དོ༎
༤༡ ཡང་ཨེ་ལི་ཡཱས་ཨ་ཧབ་ལ། ཆར་པ་མང་པོའི་སྐད་ཐོས་པས། ད་ཁྱེད་ཡར་སོང་སྟེ། ཟོས་ཤིག འཐུང་ཞིག ཅེས་སྨྲས་པས། ༤༢ ཨ་ཧབ་ཟ་བ་དང་བཏུང་བའི་ཕྱིར་ཡར་སོང་ནས། ཨེ་ལི་ཡཱ་་ཀར་མེལ་གྱི་རྩེ་རུ་འཛེགས་ཏེ། ས་ལ་ཁ་འབུབ་ལོག་ནས་པུས་མོ་གཉིས་ཀྱི་བར་ལ་རང་གི་གདོང་བཞག་ནས། ༤༣ རང་གི་གཡོག་པོ་ལ། ཡར་སོང་ལ། རྒྱ་མཚོའི་ཕྱོགས་སུ་ལྟོས་ཤིག ཅེས་བསྒོ་བ་དང་། དེ་སོང་ནས་བལྟས་ཏེ། ཅིའང་མི་འདུག་ཞུས་སོ། ཡང་དེས་ཁོ་སླར་ཐེང་བདུན་གྱི་བར་དུ། དེར་སོང་ཞིག ཅེས་བསྒོ་བ་ཡིན། ༤༤ ལན་བདུན་པ་ལ་དེས། ཀྱེ་ཧོ། མིའི་ལག་པ་དང་འདྲ་བའི་སྤྲིན་ཆུང་དུ་ཞིག་རྒྱ་མཚོ་ནས་འཐོན་ནོ་ཞུས་པས། དེ་ལ་ཁྱོད་སོང་སྟེ་ཨ་ཧབ་ལ། ཤིང་རྟ་ཤོམས་ཤིག དེ་མིན། ཆར་པས་ཁྱེད་འཁེགས་པར་བྱའོ་སྨྲོས་ཤིག ཅེས་བསྒོའོ། ༤༥ ཅུང་ཟད་ཅིག་ནས་སྤྲིན་དང་རླུང་གིས་ནམ་མཁའ་ནག་པོར་སོང་ནས། དྲག་ཆར་བབས་པ་དང་། ཨ་ཧབ་ཐེག་པའི་ནང་དུ་ཡིས་རེ་ཨེལ་དུ་སོང་ངོ་། ༤༦ ཡང་ཡ་ཧོ་ཝཱའི་ཕྱག་ཨེ་ལི་ཡཱའི་ཐོག་ཏུ་ཡོད་པས། ཁོས་སྐ་རགས་བཅིང་སྟེ། ཨ་ཧབ་ཀྱི་སྔོན་དུ་ཡིས་རེ་ཨེལ་དུ་བརྒྱུགས་སོ༎