༡༧
གིལ་ཨད་པ་རྣམས་ལས་ཡིན་པའི་ཏིས་བི་པ་ཨེ་ལི་ཡཱས་ཨ་ཧབ་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གསོན་པོ་ལགས་པ་དང་། ང་ཁོང་གི་དྲུང་དུ་འགྲེང་ཞིང་སྡོད་པར་ངེས་པ་ལྟར། ངའི་ཚིག་བཞིན་དུ་ལོ་འདི་དག་ན་ཟིལ་པའམ་ཆར་པ་གང་ཡང་འབབ་པར་མི་འགྱུར་རོ། ཞེས་བསྒོ་བ་དང་།  དེ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ།  འདི་ནས་སོང་། ཁ་ཤར་དུ་ལྟས་ཏེ། ཡོར་དན་གྱི་མདུན་དུ་ཡོད་པའི་གྲོག་པོ་ཀེ་རིད་དུ་འཆབ་པར་གྱིས་ཤིག་དང་།  ཁྱོད་ཀྱིས་གྲོག་པོ་དེ་ལས་ཆུ་འཐུང་བར་འགྱུར། ཁྱོད་ལ་འཚོ་ཆས་སྟེར་དུ་ངས་ཕོ་རོག་རྣམས་ལ་བཀའ་བཀོད་པ་ཡིན། ཅེས་གསུངས་པས།  དེ་ཆས་ཏེ། ཡ་ཧོ་ཝཱའི་བཀའ་ཁོ་ན་བཞིན་དུ་བྱས་སོ། ཇི་ལྟར་ཞེ་ན། དེ་སོང་ནས། ཡོར་དན་གྱི་མདུན་དུ་ཡོད་པའི་གྲོག་པོ་ཀེ་རིད་དུ་བསྡད་པར་བྱས་སོ།  ཕོ་རོག་རྣམས་ཀྱིས་སྔ་དྲོ་བག་ལེབ་དང་ཤ་དྲངས་ཏེ། དགོངས་མོར་ཡང་བག་ལེབ་དང་ཤ་དྲངས་ཏེ། ཆུ་ནི་གྲོག་པོ་ནས་འཐུངས།  ཡང་ཡུལ་དེར་ཆར་ཆུ་མ་བབས་པས། ཡུན་རིང་ཞིག་གི་འོག་ཏུ་གྲོག་པོ་དེ་སྐམས་པ་དང་།
 དེ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ།  ལོངས་ཤིག ཚི་དོན་གྱི་ཡུལ་ཚར་ཕད་དུ་སོང་ནས་དེར་སྡོད་ཅིག ལྟོས་ཤིག ཁྱོད་ལ་འཚོ་བ་སྦྱོར་བའི་ཕྱིར་ངས་བུད་མེད་མོ་རང་མོ་ཞིག་ལ་བཀའ་བཀོད་ཡོད། ཅེས་བསྒོ་བ་དང་། ༡༠ དེ་ལངས་ཏེ། ཚར་ཕད་དུ་ཕྱིན་ཏེ། གྲོང་ཁྱེར་གྱི་རྒྱ་སྒོའི་དྲུང་དུ་སླེབ་པའི་ཚེ། བུད་མེད་མོ་རང་མོ་ཞིག་ཤིང་སྒྲུག་གིན་ཡོད་པ་ལས། ཁོས་མོ་ལ་བོས་ནས། ང་ལ་འཐུང་བའི་ཕྱིར་སྣོད་ཅིག་གི་ནང་དུ་ཆུ་ཅུང་ཟད་ཅིག་ཁུར་ཤོག ཅེས་སྨྲས་པ་དང་། ༡༡ མོ་ཕར་ལེན་དུ་ཆས་པ་ལས། དེས་ཡང་མོ་ལ་བོས་ནས། ང་ལ་བག་ལེབ་ཁམ་བུ་ཞིག་ཀྱང་ལག་ཏུ་ཁྱེར་ཤོག ཅེས་སྨྲས་པས། ༡༢ མོས་དེ་ལ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་བསྣམས་ཤིག བདག་ལ་བག་ལེབ་ནི་མེད། རྫ་མ་ཞིག་གི་ནང་ན་བག་ཕྱེ་སྤར་བ་གང་དང་། མར་བླུག་གི་ནང་ན་འབྲུ་མར་ཅུང་ཟད་ཅིག་ལས་ནི་མེད་དོ། གཟིགས་ཤིག ངས་ཤིང་གཉིས་གསུམ་ཞིག་འཐུའོ། བདག་ཁྱིམ་དུ་སོང་ནས། བདག་དང་བདག་གི་བུའི་ཕྱིར་ཁ་ཟས་གཡོས་ཏེ། ཟོས་ཟིན་ནས་འཆི་བར་འགྱུར་རོ། ཞེས་སྨྲས་པས། ༡༣ ཨེ་ལི་ཡཱས་བུད་མེད་ལ། མ་འཇིགས་ཤིག ད་སོང་ལ། ཁྱོད་ཀྱིས་སྨྲས་པ་བཞིན་དུ་བྱོས་ཤིག འོན་ཀྱང་སྔར་དེ་ལས་བག་ལེབ་ཆུང་བ་ཞིག་བྱས་ཏེ། ང་ལ་ཁུར་ཤོག གཞུག་ལ་ཁྱོད་རང་དང་བུའི་ཕྱིར་བྱོས་ཤིག ༡༤ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ངས་ས་གཞི་རུ་ཆར་པ་གནང་བར་བྱ་བའི་ཞག་གི་བར་དུ། རྫ་མའི་ཕྱེ་ཡང་མི་ཚར། མར་བླུག་གི་འབྲུ་མར་ཡང་རྫོགས་པར་མི་འགྱུར་ཞེས་གསུངས་སོ་སྨྲས་པ་དང་། ༡༥ མོ་སོང་ནས། ཨེ་ལི་ཡཱས་བསྒོ་བ་ལྟར་བྱས་ཏེ། མོ་རང་དང་། ཁོ་དང་། མོའི་ནང་མི་རྣམས་ཀྱིས་ཞག་མང་པོའི་བར་དུ་ཟོས་སོ། ༡༦ ཡ་ཧོ་ཝཱས་ཨེ་ལི་ཡཱའི་ངག་གི་སྒོ་ནས་གསུངས་པ་བཞིན་དུ། རྫ་མའི་ཕྱེ་ཡང་མ་ཚར། མར་བླུག་གི་འབྲུ་མར་ཡང་མ་བརྫོགས་སོ༎
༡༧ དེའི་འོག་ཏུ་ཁྱིམ་བདག་མོ་དེའི་བུ་ནད་ཀྱིས་བཏབ་སྟེ། དབུགས་མེད་པར་མ་གྱུར་བའི་བར་དུ་ནད་དྲག་ཏུ་སོང་ངོ་། ༡༨ དེར་བུད་མེད་ཀྱིས་ཨེ་ལི་ཡཱ་ལ། ཀྱེ་དཀོན་མཆོག་གི་སྐྱེས་བུ། ཁྱེད་དང་ང་གཉིས་ལ་དོན་ཅི་ཡོད། ཁྱེད་ངའི་སྡིག་པ་དྲན་དུ་འཇུག་པ་དང་། ངའི་བུ་གསོད་དུ་འོངས་པ་ཡིན་ནམ། ཞེས་ཟེར་བས། ༡༩ དེས་མོ་ལ། ཁྱོད་ཀྱི་བུ་ང་ལ་ཐོང་ཞིག་སྨྲས་ནས། བུ་དེ་མོའི་པང་ནས་བླངས་ཏེ། ཁོ་རང་སྡོད་སའི་སྟེང་ཐོག་ཏུ་ཁྱེར་ནས། རང་གི་མལ་ཁྲི་ལ་བཞག་སྟེ། ༢༠ ཡ་ཧོ་ཝཱ་ལ་བོས་ཤིང་། ཀྱེ་ཡ་ཧོ་ཝཱ་བདག་གི་དཀོན་མཆོག བདག་ལ་གནས་ཚང་བྱིན་པའི་བུད་མེད་འདི་ལ་ཡང་ཁྱེད་ཀྱིས་བར་ཆད་གནང་སྟེ། དེའི་བུ་བཀུམ་པ་ལགས་སམ། ཞེས་གསོལ་ནས། ༢༡ དེས་རང་གི་ལུས་ཕྲུ་གུ་དེའི་སྟེང་དུ་ཚར་གསུམ་འགབ་སྟེ། ཡ་ཧོ་ཝཱ་ལ་བོས་ཤིང་། ཀྱེ་ཡ་ཧོ་ཝཱ་བདག་གི་དཀོན་མཆོག ཕྲུ་གུ་འདིའི་སྲོག་ཡང་སྐྱར་གནང་བར་མཛོད། ཅེས་གསོལ་ཏོ། ༢༢ ཡ་ཧོ་ཝཱས་ཨེ་ལི་ཡཱ་ཡི་གསོལ་བ་གསན་ཏེ། ཕྲུ་གུའི་སྲོག་ལོག་འོངས་ཏེ་གསོན་པོར་ལངས་སོ། ༢༣ དེ་ནས་ཨེ་ལི་ཡཱས་ཕྲུ་གུ་དེ་བླངས་ཏེ། སྟེང་ཐོག་ནས་ཁྱིམ་གྱི་ནང་དུ་ཕབ་སྟེ། རང་གི་མའི་ལག་ཏུ་བཏད་ནས། ཨེ་ལི་ཡཱས། ལྟོས་ཤིག ཁྱོད་ཀྱི་བུ་གསོན་ནོ། ཞེས་སྨྲས་སོ། ༢༤ དེར་བུད་མེད་ཀྱིས་ཨེ་ལི་ཡཱ་ལ། ཁྱེད་དཀོན་མཆོག་གི་སྐྱེས་བུ་ཞིག་ཡིན་པ་དང་། ཁྱེད་ཀྱི་ཞལ་ནང་བཞུགས་པའི་ཡ་ཧོ་ཝཱའི་བཀའ་ནི་བདེན་ཚིག་ལགས་པར། ངས་བྱ་བ་འདི་ལས་རྟོགས་པར་གྱུར་ཏོ། ཞེས་སྨྲས་སོ༎