༡༦
དེ་ནས་ཧ་ནཱ་ནི་ཡི་བུ་ཡེ་ཧུ་ལ་བ་ཨེ་ཤཱའི་སྐོར་ལ་ཡ་ཧོ་ཝཱའི་བཀའ་བྱུང་ཞིང་འདི་སྐད་དུ། ༢ ངས་ཁྱོད་ཐལ་ཁྲོད་ལས་བསླངས་ཏེ། ངའི་འབངས་ཨིས་ར་ཨེལ་གྱི་དཔོན་པོར་བཅུག་གིས། ཁྱོད་ཡེ་རོབ་ཨམ་གྱི་ལམ་དུ་སོང་ནས། ངའི་འབངས་ཨིས་ར་ཨེལ་ལ་ཁྱོད་ཀྱིས་སྡིག་པ་བྱེད་དུ་བཅུག་པས། དེ་རྣམས་ཀྱི་ཉེས་སྡིག་གིས་ངའི་ཁོང་ཁྲོ་དཀྲུགས། ༣ ད་ཁྱོད་ལྟོས། ངས་བ་ཨེ་ཤཱའི་རིགས་བརྒྱུད་དང་། དེའི་ནང་མི་རྣམས་ཚར་གཅོད་པར་བྱའོ། ཁྱོད་ཀྱི་ཁྱིམ་ཡང་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ཁྱིམ་དང་འདྲ་བར་བྱ་བ་དང་། ༤ བ་ཨེ་ཤཱའི་ཁྱིམ་ལས་སུ་ཞིག་གྲོང་ཁྱེར་དུ་ཤི་ན། ཁྱི་ཟན་དང་། སུ་ཞིག་ཐང་དུ་ཤི་ན། གནམ་གྱི་བྱ་གཟན་དུ་འགྱུར་བར་འགྱུར་རོ། ཞེས་གསུངས་སོ༎༥ ཡང་བ་ཨེ་ཤཱའི་གཞན་བྱ་བ་དང་། དེས་ཅི་བྱས་པ་དང་། དེའི་མངའ་ཐང་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད་དོ། ༦ དེ་ནས་བ་ཨེ་ཤཱ་རང་གི་ཕ་མེས་རྣམས་དང་མཉམ་ཉལ་དུ་སོང་བ་དང་། ཐིར་ཙཱ་རུ་དུར་དུ་བཙུད་དོ། ཡང་དེའི་སྲས་ཨེ་ལཱ་ཡིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ༧ དེ་ནས་ཧ་ནཱ་ནིའི་བུ་ལུང་སྟོན་པ་ཡེ་ཧུའི་ངང་ནས་ཡ་ཧོ་ཝཱའི་བཀའ་བ་ཨེ་ཤཱ་དང་དེའི་ཁྱིམ་གྱི་སྐོར་ལ་བྱུང་ངོ་། ཅིའི་ཕྱིར་ཞེ་ན། དེས་ཡ་ཧོ་ཝཱའི་གཟིགས་ངོར་ལོག་པར་སྤྱད་དེ། རང་གི་ལག་གི་ལས་ཀྱི་སྒོ་ནས་ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུགས་པ་དང་། དེས་ཡེ་རོབ་ཨམ་གྱི་བརྒྱུད་བསད་ཀྱང་། དེ་དང་འདྲ་བར་གྱུར་ཏོ༎
༨ ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་རྒྱལ་སྲིད་ཀྱི་ལོ་ཉེར་དྲུག་པར། བ་ཨེ་ཤཱའི་སྲས་ཨེ་ལཱ་ཡིས་ཨིས་ར་ཨེལ་ལ་ཐིར་ཙཱ་རུ་ལོ་གཉིས་ཐུག་སྲིད་བྱས་སོ། ༩ དེའི་འོག་ཏུ་ཁོ་ནི་ཐིར་ཙཱའི་ཕྱག་མཛོད་ཨར་ཙཱའི་ཁྱིམ་དུ་རབ་ཏུ་བཟི་བའི་ཆེད་དུ་ཆང་འཐུང་འཐུང་བ་ལས། ཁོའི་ཤིང་རྟ་ཕྱེད་ཀའི་འགོ་པར་ཡོད་པའི་གཡོག་པོ་ཟིམ་རི་བྱ་བ་དེས་ཁོ་ལ་ངོ་ལོག་བྱེད་དུ་ལངས་ཏེ། ༡༠ ཡ་ཧུ་དཱའི་རྒྱལ་པོ་ཨ་སཱས་སྲིད་བྱེད་པའི་ལོ་ཉེར་བདུན་པར། ཟིམ་རི་ནང་དུ་ཞུགས་ནས། དེ་ལ་བརྡུངས་ནས་བསད་དེ། དེའི་མལ་དུ་རྒྱལ་སྲིད་བཟུང་ངོ་། ༡༡ དེ་ནས་སྲིད་བྱེད་པར་གཟས་ཤིང་། རྒྱལ་ཁྲིར་འཁོད་པ་ཙམ་གྱིས། ཁོས་བ་ཨེ་ཤཱའི་ནང་མི་ཐམས་ཅད་དང་། གཉེན་དང་ཟླ་བོ་རྣམས་ལས་སྐྱེས་པ་གཅིག་ཀྱང་ལུས་མེད་དུ་བསད་དོ། ༡༢ ཡ་ཧོ་ཝཱས་བ་ཨེ་ཤཱའི་ཕྱིར་ལུང་སྟོན་པ་ཡེ་ཧུ་རྒྱུད་དེ་གསུངས་པ་བཞིན་དུ། ཟིམ་རིས་བ་ཨེ་ཤཱའི་བརྒྱུད་ཐམས་ཅད་མེད་པར་བྱས་སོ། ༡༣ དེ་ལྟར་ཅིའི་ཕྱིར་བྱུང་ཞེ་ན། བ་ཨེ་ཤཱས་བྱས་པའི་ཉེས་སྡིག་དང་། དེའི་བུ་ཨེ་ལཱས་བྱས་པའི་ཉེས་སྡིག་དང་། དེ་དག་གིས་ཨིས་ར་ཨེལ་ལ་སྡིག་པ་བྱེད་བཅུག་པ་དང་། དེ་དག་གི་དོན་མེད་ཀྱི་མཆོད་པའི་སྒོ་ནས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཐུགས་ཁྲོ་དཀྲུགས་པའི་ཕྱིར་བྱུང་ངོ་། ༡༤ ཨེ་ལཱ་ཡི་གཞན་བྱ་བ་དང་། དེས་ཅི་བྱས་པ་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད་དོ༎
༡༥ ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་རྒྱལ་སྲིད་ཀྱི་ལོ་ཉེར་བདུན་པར། ཟིམ་རིས་ཐིར་ཙཱ་རུ་ཉིན་ཞག་བདུན་གྱི་རིང་དུ་སྲིད་བྱས་པའི་ཚེ། དམག་ཚོགས་རྣམས་ཕེ་ལེ་ཤེད་པའི་གྲོང་ཁྱེར་གིབ་བེ་ཐོན་ལ་མཐའ་བསྐོར་བཏང་ངོ་། ༡༦ དེར་དམག་བྲང་དུ་ཡོད་པའི་དམག་ཚོགས་ཀྱིས། ཟིམ་རིས་གཉའ་རེངས་བྱས་ཏེ། རྒྱལ་པོ་བཀུམ་མོ། ཞེས་པའི་ལོན་ཐོས་པ་ཙམ་གྱིས། ཨིས་ར་ཨེལ་ཐམས་ཅད་ཀྱིས་ཉིན་དེ་ཉིད་ལ་དམག་སྒར་གྱི་དམག་དཔོན་ཨོམ་རི་བྱ་བ་དེ་ཨིས་ར་ཨེལ་གྱི་རྒྱལ་པོར་བསྐོས་སོ། ༡༧ ཡང་ཨོམ་རི་་ཨིས་ར་ཨེལ་ཐམས་ཅད་དང་བཅས་སུ་གིབ་བེ་ཐོན་ནས་ཡར་སོང་སྟེ། ཐིར་ཙཱ་ལ་མཐའ་ནས་བསྐོར་བ་དང་། ༡༨ ཟིམ་རིས་གྲོང་ཁྱེར་དེ་ལེན་ཟིན་པར་མཐོང་སྟེ། རྒྱལ་པོའི་ཕོ་བྲང་གི་གཟབ་ཁང་དུ་སོང་སྟེ། རྒྱལ་པོའི་ཕོ་བྲང་ནང་རང་གི་ཁར་མེ་སྤར་ནས་ཤིའོ། ༡༩ དེ་ལྟར་ཅིའི་ཕྱིར་བྱུང་ཞེ་ན། ཁོས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་སྤྱད་ཅིང་སྡིག་པ་བསག་སྟེ། ཡེ་རོབ་ཨམ་གྱི་ལམ་དང་དེའི་སྡིག་པའི་ནང་དུ་འགྲུལ་ཏེ། ཁོས་ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་པའི་ཕྱིར་བྱུང་ངོ་། ༢༠ ཟིམ་རིའི་གཞན་བྱ་བ་དང་། དེས་བྱས་པའི་ངོ་ལོག་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོ་ཡི་ནང་ན་བྲིས་ཏེ་ཡོད་དོ༎
༢༡ དེ་ནས་ཨིས་ར་ཨེལ་གྱི་མི་རྣམས་ཚོ་གཉིས་སུ་གྱེས་ཏེ། མི་ཚོགས་ཕྱེད་ཀ་གི་ནད་ཀྱི་བུ་ཐིབ་ནི་རྒྱལ་པོར་བྱེད་པའི་ཕྱིར་དེའི་རྗེས་སུ་འབྲངས་ཀྱི། ཕྱེད་ཀ་ཨོམ་རིའི་རྗེས་སུ་བྲངས་སོ། ༢༢ འོན་ཀྱང་གི་ནད་ཀྱི་བུ་ཐིབ་ནིའི་ཕྱི་བཞིན་འབྲངས་པའི་མི་ཚོགས་ལས། ཨོམ་རིའི་ཕྱི་བཞིན་འབྲངས་པ་རྣམས་རྒྱལ་བར་གྱུར་ཏེ། ཐིབ་ནི་སྲོག་དང་བྲལ་ནས། ཨོམ་རིས་རྒྱལ་སྲིད་བཟུང་ངོ་། ༢༣ ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་རྒྱལ་སྲིད་ཀྱི་ལོ་སོ་གཅིག་པར། ཨོམ་རིས་སྲིད་བྱེད་པར་བརྩམས་ཏེ། ལོ་བཅུ་གཉིས་ཀྱི་རིང་དུ་ཨིས་ར་ཨེལ་ལ་སྲིད་བྱས་ཏེ། ཐིར་ཙཱ་རུ་ལོ་དྲུག་རྒྱལ་པོ་བྱས་སོ། ༢༤ དེས་ས་མར་ཡཱའི་རི་དེ་དངུལ་གྱི་རྡོ་ཚད་གཉིས་ཀྱིས་ཤེ་མེར་ནས་ཉོས་ནས། རི་དེའི་ཁར་གྲོང་ཁྱེར་བཙུག་ཅིང་། བཙུགས་པའི་གྲོང་ཁྱེར་གྱི་མིང་རིའི་བདག་པོ་ཤེ་མེར་བཞིན་དུ་ས་མར་ཡཱ་ཞེས་བཏག་གོ།
༢༥ ཨོམ་རིས་ཡ་ཧོ་ཝཱའི་སྤྱན་ལམ་དུ་ངན་པར་སྤྱད་དེ། ཁོ་ལས་སྔོན་དུ་བྱུང་བ་ཀུན་ལས་ཀྱང་ཐུ་བའི་ལས་བྱས་སོ། ༢༦ དེ་ཅིའི་ཕྱིར་ཞེ་ན། དེ་ནི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ལམ་དང་དེའི་ཉེས་སྡིག་གི་ནང་དུ་འགྲུལ་ཏེ། ཨིས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་ནས། དེ་དག་གི་དོན་མེད་ཀྱི་མཆོད་པའི་སྒོ་ནས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཐུགས་ཁྲོ་དཀྲུག་པའི་ཕྱིར་རོ། ༢༧ ཨོམ་རིའི་གཞན་བྱ་བ་དང་། དེས་ཅི་བྱས་པ་ཐམས་ཅད་དང་། དེས་མངོན་པར་བསྟན་པའི་མངའ་ཐང་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད་དོ། ༢༨ དེ་ནས་ཨོམ་རི་རང་གི་ཕ་མེས་རྣམས་དང་མཉམ་དུ་ཉལ་བ་དང་། ས་མར་ཡཱ་རུ་དུར་དུ་བཙུད་ནས། དེའི་སྲས་ཨ་ཧབ་ཀྱིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་༎
༢༩ ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་རྒྱལ་སྲིད་ཀྱི་ལོ་སོ་བརྒྱད་པར། ཨོམ་རིའི་སྲས་ཨ་ཧབ་ཀྱིས་ཨིས་ར་ཨེལ་ལ་སྲིད་བྱེད་པར་བརྩམས་ཏེ། ས་མར་ཡཱ་རུ་ཨིས་ར་ཨེལ་ལ་ལོ་ཉེར་གཉིས་ཀྱི་རིང་དུ་སྲིད་བྱས་སོ། ༣༠ ཨོམ་རིའི་བུ་ཨ་ཧབ་ཀྱིས་ཡ་ཧོ་ཝཱའི་སྤྱན་ལམ་དུ་ངན་པར་སྤྱད་དེ། ཁོ་ལས་སྔོན་དུ་བྱུང་མཁན་ཐམས་ཅད་ལས་ཀྱང་ཐུ་བའི་ལས་བྱས་སོ། ༣༡ ཁོས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ཉེས་སྡེག་གི་ནང་དུ་འགྲུལ་བ་དེ་ནི་ཅིའང་མི་རྩི་བ་མ་ཟད། ཚི་དོན་གྱི་རྒྱལ་པོ་ཨེད་བ་ཨཱལ་གྱི་བུ་མོ་ཡེ་ཟི་བེལ་ཆུང་མར་བླངས་ཏེ། སོང་ནས་བ་ཨཱལ་ལ་རིམ་གྲོ་དང་། ཕྱག་བཙལ་ཏོ། ༣༢ ཁོས་ས་མར་ཡཱ་རུ་བ་ཨཱལ་གྱི་ཕྱིར་བརྩིགས་པའི་བ་ཨཱལ་ཁང་གི་ནང་དུ་བ་ཨཱལ་ལ་མཆོད་ཁྲི་ཞིག་བཞེངས་ནས། ༣༣ ཨ་ཤེ་རཱ་ཞིག་བཞེངས་སོ། ཡང་ཨ་ཧབ་ཀྱིས་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཐུགས་ཁྲོ་དཀྲུག་པའི་ཕྱིར། སྔོན་དུ་བྱུང་བའི་ཨིས་ར་ཨེལ་གྱི་རྒྱལ་པོ་ཐམས་ཅད་པས་ལྷག་པར་ངན་པ་སྤྱད་དོ། ༣༤ ཡང་དེའི་དུས་སུ་བེད་ཨེལ་པ་ཧི་ཨེལ་གྱིས་ཡེ་རི་ཀོ་བརྩིགས་ཏེ། དེའི་བུ་སྔོན་སྐྱེས་པ་ཨ་ཧི་རམ་ནི་རྩིག་རྨང་བཏིང་བའི་རིན་དང་། དེའི་བུ་ཆུང་བ་སེ་གུབ་ནི་སྒོ་བཙུགས་པའི་རིན་དུ་གྱུར་ཏོ། དེ་ལྟར་ཡ་ཧོ་ཝཱས་ནུན་གྱི་བུ་ཡོ་ཤུ་ཨ་ཡི་ངང་ནས་གསུངས་པ་བཞིན་དུ་གྲུབ་བོ༎