༡༥
ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྲིད་ཀྱི་ལོ་བཅོ་བརྒྱད་པར། ཨ་བི་ཨམ་་ཡ་ཧུ་དཱའི་རྒྱལ་པོར་གྱུར་ཏོ།  དེས་ཡེ་རུ་ཤ་ལེམ་དུ་ལོ་གསུམ་སྲིད་བྱས་སོ། ཨབ་ཤ་ལོམ་གྱི་བུ་མོ་མ་ཨ་ཀཱ་བྱ་བ་ནི་དེའི་མ་ལགས་སོ།  དེ་ལས་སྔོན་དུ་རང་གི་ཕས་བྱས་པའི་ཉེས་སྡིག་རྣམས་ཀྱི་ནང་དུ་འདི་ཡང་འགྲུལ་ཏེ། ཁོའི་སྙིང་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་དྲུང་དུ་མེས་པོ་དཱ་བིད་ཀྱི་སྙིང་དང་འདྲ་བར་ཕུལ་དུ་ཕྱིན་པར་མ་གྱུར་ཏོ།  དེའི་སྟེང་དུའང་། དེའི་བུ་གདུང་འཚོབ་པ་དང་། ཡེ་རུ་ཤ་ལེམ་ནི་གཏན་འཇག་མཛད་པའི་ཕྱིར་དུ། ཡ་ཧོ་ཝཱ་དེའི་དཀོན་མཆོག་གིས་དཱ་བིད་ཀྱི་ངོར། ཡེ་རུ་ཤ་ལེམ་ནང་དེ་ལ་སྒྲོན་མེ་ཞིག་གནང་བར་མཛད།  དེ་ཅིའི་ཕྱིར་ཞེ་ན། དཱ་བིད་ཀྱིས་ཡ་ཧོ་ཝཱའི་སྤྱན་ལམ་དུ་གང་ཆོས་དྲང་པོ་ཡིན་པ་དེ་ལ་སྤྱད་དེ། ཧེད་པ་ཨུ་རི་ཡཱའི་ཆུང་མའི་སྐོར་ལ་མ་གཏོགས་པར། དེས་ཚེ་གང་པོ་ལ་ཡ་ཧོ་ཝཱའི་བཀའ་རྒྱ་གང་ལས་ཀྱང་མ་བྱོལ་ཏོ།  རེ་ཧབ་ཨམ་གྱི་ཚེའི་དུས་ཀུན་ཏུ། ཡེ་རོབ་ཨམ་དང་མཉམ་དུ་འཐབ་མོ་ཡོད་པ་ཡིན།  ཨ་བི་ཨམ་གྱི་གཞན་བྱ་བ་དང་། དེས་ཅི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད། ཡང་ཨ་བི་ཨམ་དང་ཡེ་རོབ་ཨམ་གཉིས་ཀྱི་བར་ལའང་འཐབ་མོ་བྱུང་བ་ཡིན།  དེ་ནས་ཨ་བི་ཨམ་རང་གི་ཕ་མེས་དང་མཉམ་ཉལ་དུ་སོང་ནས། དཱ་བིད་ཀྱི་གྲོང་ཁྱེར་ན་དུར་དུ་བཙུད་དེ། དེའི་སྲས་ཨ་སཱ་ཡིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་༎
 ཨིས་ར་ཨེལ་གྱི་རྒྱལ་པོ་ཡེ་རོབ་ཨམ་གྱི་རྒྱལ་སྲིད་ཀྱི་ལོ་ཉི་ཤུ་པར། ཨ་སཱ་ཡིས་ཡ་ཧུ་དཱའི་རྒྱལ་སྲིད་བཟུང་ངོ་། ༡༠ དེས་ཡེ་རུ་ཤ་ལེམ་དུ་ལོ་ཞེ་གཅིག་ཐུག་སྲིད་བྱས་ཏེ། ཨབ་ཤ་ལོམ་གྱི་བུ་མོ་མ་ཨ་ཀཱ་བྱ་བ་ནི་དེའི་མ་ལགས་སོ། ༡༡ ཨ་སཱ་ཡིས་རང་གི་ཡབ་དཱ་བིད་དང་འདྲ་བར་ཡ་ཧོ་ཝཱའི་སྤྱན་ལམ་དུ་ལེགས་པར་སྤྱད་ཅིང་། ༡༢ སོ་དོམ་པ་རྣམས་ཡུལ་ནས་བཏོན་ནས། ཁོའི་ཕ་མེས་རྣམས་ཀྱིས་བཟོས་པའི་སྐུ་འདྲ་ཐམས་ཅད་མེད་པར་བྱས། ༡༣ དེ་རང་གི་མ་མ་ཨ་ཀཱས་ནི་ཨ་ཤེ་རཱ་བྱ་བའི་སྐུ་འདྲ་ཞིག་བཞེང་བའི་ཕྱིར། རྒྱལ་མོའི་གོ་ས་ལས་ཕབ་སྟེ། སྐུ་འདྲ་དེ་བཏུབ་ནས། ཀིད་རོན་གྲོག་པོའི་ནང་དུ་བསྲེགས་སོ། ༡༤ མཐོ་གླིང་རྣམས་རློག་པར་མ་བྱས་ཀྱང་། ཨ་སཱའི་ཚེ་ཧྲིལ་པོར་དེའི་སྙིང་ཡ་ཧོ་ཝཱའི་དྲུང་དུ་ཕུལ་དུ་ཕྱིན་བཞིན་དུ་ལུས་སོ། ༡༥ དེའི་ཕས་བསྔོས་པའི་རྫས་དང་། རང་གིས་བསྔོས་པའི་རྫས། དངུལ་དང་། གསེར་དང་། ཡོ་བྱད་རྣམས་ཡ་ཧོ་ཝཱའི་ཕོ་བྲང་ལ་བདོག་པར་བྱས་སོ༎
༡༦ ཡང་ཨ་སཱ་དང་ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱ་གཉིས་ཀྱི་བར་ལ། དེ་དག་གི་ཚེའི་དུས་ཀུན་ཏུ་དམག་འཁྲུགས་ལུས་སོ། ༡༧ ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱས་ཡ་ཧུ་དཱ་ལ་དམག་དྲངས་ནས། ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་དང་མི་གང་ཡང་ཆ་འོང་མི་བྱེད་པའི་དོན་དུ། དེས་རཱ་མཱ་བརྩིགས་སོ། ༡༨ དེ་ནས་ཨ་སཱས་ཡ་ཧོ་ཝཱའི་ཕོ་བྲང་གི་དཀོར་མཛོད་དང་། རྒྱལ་པོའི་ཁྱིམ་གྱི་གཏེར་མཛོད་ན་ལུས་པའི་དངུལ་དང་། གསེར་ཐམས་ཅད་བླངས་ཏེ། རང་གི་ཕྱག་ཕྱི་རྣམས་ཀྱི་ལག་ཏུ་བཏད་དེ། དེ་རྣམས་ནི་ད་མཱ་སེག་ཏུ་གནས་པའི་ཨ་རམ་གྱི་རྒྱལ་པོ་བེན་ཧ་དད་ཀྱི་དྲུང་དུ་བརྫངས་སོ། དེ་ནི་ཐབ་རིམ་མོན་གྱི་བུ་དང་། ཧེས་ཡོན་གྱི་ཚ་བོ་ལགས་སོ། ཨ་སཱས་འདི་སྐད་དུ། ༡༩ ང་དང་ཁྱེད་གཉིས་ཀྱི་བར་དང་། ངའི་ཕ་དང་ཁྱེད་ཀྱི་ཕ་གཉིས་ཀྱི་བར་ན་ཆད་དོན་ཞིག་ཡོད་པས། ངས་ཁྱེད་ལ་གཟིགས་རྟེན་དུ་དངུལ་དང་གསེར་སྐུར། ད་ཁྱེད་ཤོག་ལ། ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱ་ང་ལས་འགྱེས་པའི་དོན་དུ། དེ་མཉམ་ཡོད་པའི་ཁྱེད་ཀྱི་ཆད་དོན་མེད་པར་མཛོད་ཅིག་ཅེས་སྨྲས་པས། ༢༠ བེན་ཧ་དད་ཀྱིས་རྒྱལ་པོ་ཨ་སཱ་ཡི་གཏམ་ལ་ཉན་ཅིང་། དམག་དཔོན་རྣམས་ཨིས་ར་ཨེལ་གྱི་གྲོང་ཁྱེར་རྣམས་སུ་བརྫངས་ཏེ། དེ་དག་གིས་ཨི་ཡོན་དང་། དཱན་དང་། ཨ་བེལ་བེད་མ་ཨ་ཁ་དང་། ཀིན་ནེ་རེད་ཀུན་དང་། ནབ་ཐ་ལི་ཡུལ་ཐམས་ཅད་ཕམ་པར་བྱས་སོ། ༢༡ བ་ཨེ་ཤཱས་དེ་ཐོས་པའི་ཚེ། རཱ་མཱ་རྩིག་འཕྲོ་བོར་ནས། ཐིར་ཙཱ་རུ་སོང་ནས། དེར་གནས་སོ། ༢༢ དེའི་ཚེ་ན་རྒྱལ་པོ་ཨ་སཱས་ཡ་ཧུ་དཱའི་ཡུལ་གཅིག་ཀྱང་ལུས་མེད་དུ་བཀར་བཏགས་པ་དང་། དེ་དག་གིས་བ་ཨེ་ཤཱས་བརྩིགས་པའི་རཱ་མཱ་ཡི་རྡོ་བ་དང་ཤིང་རྣམས་ཁྱེར་འོངས་པས། རྒྱལ་པོ་ཨ་སཱས་དེ་ལས་བེན་ཡ་མིན་གྱི་གེ་བཱ་དང་། མིས་པཱ་གཉིས་བརྩིགས་སོ། ༢༣ ཨ་སཱ་ཡི་གཞན་བྱ་བ་དང་། དེའི་མངའ་ཐང་ཐམས་ཅད་དང་། དེའི་མཛད་རྒྱ་ཐམས་ཅད་དང་། དེས་བཙུགས་པའི་གྲོང་ཁྱེར་རྣམས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད་དོ། འོན་ཀྱང་ན་སོ་རྒས་པའི་དུས་སུ་དེའི་ཞབས་ན་བར་གྱུར་ཏོ། ༢༤ དེ་ནས་ཨ་སཱ་རང་གི་ཕ་མེས་དང་མཉམ་ཉལ་དུ་སོང་ནས། དཱ་བིད་ཀྱི་གྲོང་ཁྱེར་ན་རང་གི་ཕ་མེས་ཀྱི་ཁྲོད་དུ་དུར་དུ་བཙུད་དེ། དེའི་སྲས་ཡེ་ཧོ་ཤ་ཕད་ཀྱིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་༎
༢༥ ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་རྒྱལ་སྲིད་ཀྱི་ལོ་གཉིས་པར། ཡེ་རོབ་ཨམ་གྱི་བུ་ནཱ་དབ་ནི་ཨིས་ར་ཨེལ་གྱི་རྒྱལ་པོར་གྱུར་ནས། ཨིས་ར་ཨེལ་ལ་ལོ་གཉིས་ཀྱི་བར་དུ་སྲིད་བྱས། ༢༦ ཁོས་ཡ་ཧོ་ཝཱའི་གཟིགས་ངོར་ལོག་པར་བྱས་ཏེ། རང་གི་ཕའི་ལམ་དུ་འགྲུལ་ཏེ། ཕས་ཨིས་ར་ཨེལ་ལ་སྡིག་པ་བྱེད་བཅུག་པ་ལྟར། ཁོས་ཀྱང་བྱེད་དུ་བཅུག་གོ།
༢༧ ཨི་ས་གར་གྱི་བརྒྱུད་ནས་བྱུང་བའི་ཨ་ཧི་ཡཱའི་བུ་བ་ཨེ་ཤཱས་དེ་ལ་གཉའ་རེངས་བྱས་ཏེ། བ་ཨེ་ཤཱས་ཁོ་ཕེ་ལེ་ཤེད་པའི་གྲོང་ཁྱེར་གིབ་བེ་ཐོན་དུ་བསད། དེའི་དུས་སུ་ནཱ་དབ་དང་ཨིས་ར་ཨེལ་ཐམས་ཅད་ཀྱིས་གིབ་བེ་ཐོན་ལ་མཐའ་བསྐོར་བཏང་ནས་བཞག་པ་ཡིན་ནོ། ༢༨ དེ་ལྟར་ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་རྒྱལ་སྲིད་ཀྱི་ལོ་གསུམ་པར། བ་ཨེ་ཤཱས་ཁོ་བསད་ནས། ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ༢༩ དེ་ནས་དེས་སྲིད་བྱེད་པར་གཟས་པ་ལས། ཡེ་རོབ་ཨམ་གྱི་བརྒྱུད་ཐམས་ཅད་བསད་ནས། ཡ་ཧོ་ཝཱས་ཁོང་ཉིད་ཀྱི་གཡོག་པོ་ཤི་ལོ་པ་ཨ་ཧི་ཡཱའི་ངང་ནས་གསུངས་པ་བཞིན་དུ། ཐམས་ཅད་མེད་པར་བྱས་པའི་བར་དུ། ཡེ་རོབ་ཨམ་གྱི་དབུགས་ལེན་མཁན་གཅིག་ཀྱང་མ་ཕུད་དོ། ༣༠ དེ་ཅིའི་ཕྱིར་ཞེ་ན། ཡེ་རོབ་ཨམ་རང་གིས་བྱས་པའི་ཉེས་སྡིག་དང་། ཨིས་ར་ཨེལ་ལ་ཡང་སྡིག་པ་བྱེད་དུ་བཅུག་པའི་སྡིག་པ་དང་། ཡ་ཧོ་ཝཱའི་ཐུགས་ཁྲོས་སུ་བཅུག་པའི་ཕྱིར་དུ་བྱུང་ངོ་༎
༣༡ ཡང་ནཱ་དབ་ཀྱི་གཞན་བྱ་བ་དང་། དེས་ཅི་བྱས་པ་ཐམས་ཅད་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད་དོ། ༣༢ ཨ་སཱ་དང་ཨིས་ར་ཨེལ་གྱི་རྒྱལ་པོ་བ་ཨེ་ཤཱ་གཉིས་ཀྱི་བར་ལ་དེ་དག་གི་ཚེའི་དུས་ཀུན་ཏུ་དམག་འཐབ་ལུས་པ་ཡིན།
༣༣ ཡ་ཧུ་དཱ་ཡི་རྒྱལ་པོ་ཨ་སཱ་ཡི་རྒྱལ་སྲིད་ཀྱི་ལོ་གསུམ་པར། ཨ་ཧི་ཡཱ་ཡི་བུ་བ་ཨེ་ཤཱས་ཨིས་ར་ཨེལ་ལ་ལོ་ཉེར་བཞི་ཐུག་ཐིར་ཙཱ་རུ་སྲིད་བྱས་པ་དང་། ༣༤ དེས་ཡ་ཧོ་ཝཱའི་གཟིགས་ངོར་ལོག་པར་སྤྱད་དེ། ཡེ་རོབ་ཨམ་གྱི་ལམ་དང་དེའི་སྡིག་པའི་ནང་དུ་འགྲུལ་ཏོ། ཡེ་རོབ་ཨམ་གྱིས་ཨིས་ར་ཨེལ་ལ་སྡིག་པ་བྱེད་བཅུག་པ་ལྟར། དེས་ཀྱང་བྱས་སོ༎