༡༤
དེའི་སྐབས་སུ་ཡེ་རོབ་ཨམ་གྱི་བུ་ཨ་བི་ཡཱ་ན་བར་གྱུར་པ་དང་། ༢ ཡེ་རོབ་ཨམ་གྱིས་རང་གི་ཆུང་མ་ལ། ལོངས་ལ། ཁྱོད་རང་ཡེ་རོབ་ཨམ་གྱི་ཆུང་མ་ཡིན་པར་ངོ་མི་ཤེས་པའི་ཕྱིར། རང་གི་ལུས་སྒྱུར་ཞིག་དང་། ཤི་ལོ་རུ་སོང་དང་། ཀྱེ་ཧོ། དེ་ན་ང་ལ་ཁྱོད་མི་བརྒྱུད་འདིའི་རྒྱལ་པོར་འགྱུར་བར་འགྱུར་རོ། ཞེས་གསུངས་པའི་ལུང་སྟོན་པ་ཨ་ཧི་ཡཱ་ཡོད་དེ། ༣ ཁྱོད་ཀྱིས་རང་གི་ལག་ཏུ་བག་ལེབ་བཅུ་དང་། སྣུམ་འཁུར་རེ་དང་། སྦྲང་རྩི་བུམ་པ་གཅིག་འཁུར་ལ། དེའི་མདུན་དུ་སོང་དང་། དེས་ཕྲུ་གུ་ལ་ཅི་འབྱུང་བར་འགྱུར་བ་དེ་ཁྱོད་ལ་འཆད་པར་འགྱུར་རོ། ཞེས་སྨྲས་པས།༤ ཡེ་རོབ་ཨམ་གྱི་ཆུང་མས་དེ་བཞིན་དུ་བྱས་ཏེ། ལངས་ནས། ཤི་ལོ་རུ་སོང་བ་དང་། ཨ་ཧི་ཡཱའི་ཁང་པ་རུ་ཕྱིན་ཏོ། ཨ་ཧི་ཡཱ་ནི་ན་སོ་རྒས་པའི་རྐྱེན་གྱིས་མིག་གིས་མཐོང་བར་མ་ནུས་ཏེ། ༥ ཡ་ཧོ་ཝཱས་ཨ་ཧི་ཡཱ་ལ། ལྟོས་ཤིག ཡེ་རོབ་ཨམ་གྱི་ཆུང་མ་ཁྱོད་ཀྱི་རྩར་དེའི་བུའི་སྐོར་ལ་ཅི་ཞིག་འདྲི་བར་འོང་གིན་འདུག ཅིའི་ཕྱིར་ཞེ་ན། དེ་ནི་ན་སྟེ། དེ་བས་ན་ཁྱོད་ཀྱིས་དེ་ལ་འདི་བཞིན་དང་འདི་ལྟར་སྨྲོས་ཤིག གང་ལ་ཞེ་ན། མོ་ནང་དུ་འོང་བའི་ཚེ། བུད་མེད་གཞན་ཞིག་ཡིན་པའི་ཚུལ་སྟོན་པར་བྱ། ཞེས་གསུངས་སོ༎
༦ དེ་ནས་མོ་སྒོ་འགྲམ་དུ་བསླེབས་པ་དང་། ཨ་ཧི་ཡཱས་དེའི་རྐང་སྒྲ་ཐོས་པར་ཙམ་གྱིས་དེ་ལ། ཀྱེ་ཡེ་རོབ་ཨམ་གྱི་བཙུན་མོ། ནང་དུ་ཕེབས་ཤིག ང་ནི་ཁྱོད་ཀྱི་མདུན་དུ་སྐད་ཆ་སྲ་བ་ཞིག་སྙད་དུ་མངགས་པས་ན། ཁྱོད་རང་གཞན་མ་ཞིག་ཡིན་རྫུན་ཅི་ལ་བྱེད། ༧ ད་ཞུད་ཅིང་། ཡེ་རོབ་ཨམ་ལ་འདི་སྙད་པར་བྱོས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཁྱོད་མི་བརྒྱུད་ཀྱི་ཁྲོད་ནས་ཡར་སྤར་ཏེ། ཉིད་ཀྱི་མི་བརྒྱུད་ཨིས་ར་ཨེལ་གྱི་རྒྱལ་པོར་བཅུག ༨ དཱ་བིད་ཀྱི་བརྒྱུད་ལས་རྒྱལ་སྲིད་བླངས་ཤིང་ཁྱོད་ལ་བཏད། ད་དུང་ཡང་ཁྱོད་ངའི་བྲན་པོ་དཱ་བིད་དང་འདྲ་བར་མ་ཐོན། དེས་ནི་ངའི་བཀའ་རྒྱ་རྣམས་བསྲུངས་ཏེ། ངའི་སྤྱན་ལ་གང་ལེགས་པ་དེ་བྱེད་པའི་ཕྱིར། རང་གི་སྙིང་ཚང་མ་ནས་ངའི་ཞབས་རྗེས་སུ་འབྲངས་པ་ཡིན། ༩ འོན་ཀྱང་ཁྱོད་རང་གི་གོང་མ་ཐམས་ཅད་པས་ཀྱང་ཁྱོད་ཀྱིས་ལྷག་པར་ལོག་པར་སྤྱད། ངའི་ཁོང་ཁྲོ་དཀྲུག་པའི་ཕྱིར་ཁྱོད་སོང་ནས། ལྷ་གཞན་དང་། བླུགས་སྐུ་རྣམས་བཟོས་ཏེ། ཁྱོད་ཀྱིས་ང་ནི་རྒྱབ་ཏུ་དབྱུགས། ༡༠ དེའི་ཕྱིར་ད་ལྟོས་ཤིག ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བར་ཆད་དབབ་བོ། ཡེ་རོབ་ཨམ་གྱི་ནང་ནས་ཕོ་སྐྱེས་ཐམས་ཅད་དང་། ཨིས་ར་ཨེལ་གྱི་ནང་ན་བཀར་ཡོད་པ་ལྷོད་དེ་ཡོད་པ་རྣམས་ཚར་གཅད་དོ། ཐམས་ཅད་ནི་གཙང་བར་མ་འགྱུར་བའི་བར་དུ། ལུད་སྐྱེལ་བ་ལྟར། ཡེ་རོབ་ཨམ་གྱི་བརྒྱུད་ཀྱི་ལྷག་མ་ཡང་སྐྱེལ་བར་བྱའོ། ༡༡ ཡེ་རོབ་ཨམ་གྱི་བརྒྱུད་ནས་གྲོང་ཁྱེར་དུ་ཤི་བ་ནི་ཁྱི་གཟན་དང་། ཐང་དུ་ཤི་བ་ནི་གནམ་གྱི་བྱ་གཟན་དུ་འགྱུར་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་དེ་ལྟར་གསུངས་པའི་ཕྱིར་རོ། ༡༢ ད་ཁྱོད་ལངས་ཏེ། རང་གི་ཁང་པའི་ལམ་ཟུང་ཞིག་དང་། ཁྱོད་ཀྱི་རྐང་པ་གྲོང་ཁྱེར་གྱི་ནང་དུ་ཆུད་པ་ཙམ་དུ་བུ་དེ་འཆི་བར་འགྱུར། ༡༣ ཡང་ཨིས་ར་ཨེལ་ཐམས་ཅད་ཀྱིས་དེའི་ཕྱིར་མྱ་ངན་བྱེད་ཅིང་སྐུང་བར་འགྱུར་རོ། ཡེ་རོབ་ཨམ་ལས་འདི་མ་གཏོགས་པར། གཞན་གཅིག་ལ་ཡང་དུར་མི་རྙེད་དོ། ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་དྲུང་དུ་ཡེ་རོབ་ཨམ་གྱི་བརྒྱུད་ལས་འདི་འབའ་ཞིག་གི་ནང་ན་བྱ་བ་བཟང་པོ་ཞིག་བརྙེད་པའི་ཕྱིར་རོ། ༡༤ དེ་ནས་ཡ་ཧོ་ཝཱས་ཉིད་ཀྱི་ཕྱོགས་ལས་ཨིས་ར་ཨེལ་གྱི་ཐོག་ཏུ་རྒྱལ་པོ་ཞིག་སྐོ་བར་བྱ། དེས་ཉིན་དེ་རང་དུ་ཡེ་རོབ་ཨམ་གྱི་བུ་བརྒྱུད་གཅོད་པར་བྱའོ། ནམ་ཞེ་ན། ད་ལྟ་ཉིད་དུའོ། ༡༥ དེ་ཅིའི་ཕྱིར་ཞེ་ན། ཆུའི་ནང་དུ་འདམ་བུ་སྤྲུག་པ་ལྟར། ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་རྡེག་པ་དང་། དེ་དག་གི་ཕ་མེས་ལ་གནང་བའི་ཡུལ་བཟང་པོའི་ནང་ནས། ཨིས་ར་ཨེལ་རྩད་ནས་བཏོན་ཏེ། གཙང་པོའི་ཕ་རོལ་ཏུ་གཏོར་བར་བྱའོ། གང་ལ་ཞེ་ན། དེ་དག་གིས་ཨ་ཤེ་རཱ་ཡི་སྐུ་བཟོས་ནས། ཡ་ཧོ་ཝཱའི་ཐུགས་ཁྲོ་དཀྲུགས་པའི་ཕྱིར་རོ། ༡༦ ཡེ་རོབ་ཨམ་རང་གིས་ཀྱང་སྡིག་པར་སྤྱད། ཨིས་ར་ཨེལ་ལ་ཡང་སྡིག་པར་སྤྱོད་དུ་བཅུག་པས། ཁོང་གིས་ཨིས་ར་ཨེལ་སྤོང་བར་བྱའོ་ཞེས་སྦྲན་ཏོ༎
༡༧ དེ་ནས་ཡེ་རོབ་ཨམ་གྱི་ཆུང་མ་ལངས་ནས་སོང་བ་དང་། ཐིར་ཙཱ་རུ་ཕྱིན་ཏེ། སྒོ་ཐེམ་ལ་བསླེབ་མ་ཐག་ཏུ་བུ་དེ་ཤིའོ། ༡༨ ཡང་ཡ་ཧོ་ཝཱས་ཉིད་ཀྱི་བྲན་པོ་ལུང་སྟོན་པ་ཨ་ཧི་ཡཱ་ཡི་ངང་ནས་གསུངས་པའི་བཀའ་མཆིད་བཞིན་དུ། དེ་དག་གིས་དེ་དུར་དུ་བཙུད་ནས། ཨིས་ར་ཨེལ་ཐམས་ཅད་ཀྱིས་དེ་ལ་མྱ་ངན་བྱས་སོ༎
༡༩ ཡང་ཡེ་རོབ་ཨམ་གྱི་གཞན་བྱ་བ་རྣམས་དང་། དེས་ཇི་ལྟར་དམག་བརྒྱབས་པ་དང་། ཇི་ལྟར་སྲིད་བསྐྱངས་པ་ནི། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད། ༢༠ ཡེ་རོབ་ཨམ་གྱིས་སྲིད་བྱས་པའི་རིང་ནི་ལོ་ཉེར་གཉིས་སོ། དེ་ནས་རང་གི་ཕ་མེས་ཀྱི་ཁྲོད་དུ་ཉལ་བ་དང་། དེའི་སྲས་ནཱ་དབ་ཀྱིས་དེའི་མལ་དུ་སྲིད་བསྐྱངས་སོ༎
༢༡ ཡང་ཤ་ལོ་མོའི་སྲས་རེ་ཧབ་ཨམ་གྱིས་ཡ་ཧུ་དཱ་ལ་སྲིད་བྱས། དེས་སྲིད་བྱེད་པར་བརྩམས་པའི་ཚེ། རེ་ཧབ་ཨམ་གྱི་ན་ཚོད་ནི་ལོ་ཞེ་གཅིག་ཡོད་པ་ཡིན། ཡ་ཧོ་ཝཱས་ཉིད་ཀྱི་མཚན་འཇོག་པར་ཨིས་ར་ཨེལ་གྱི་སྡེ་ཀུན་ལས་ཕྱེས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་དེས་ལོ་བཅུ་བདུན་གྱི་རིང་དུ་སྲིད་བསྐྱངས་སོ། དེའི་མ་ཨམ་མོན་མའི་མིང་དུ་ན་ཨ་མཱ་བྱའོ། ༢༢ དེ་ནས་ཡ་ཧུ་དཱས་ཡ་ཧོ་ཝཱའི་གཟིགས་ངོར་ལས་ངན་བྱས་ཏེ། དེ་དག་གིས་རང་གི་ཕ་མེས་ལས་ཀྱང་ཐལ་བའི་ཉེས་སྡིག་བྱས་པས། ཁོང་གི་ཐུགས་ཁྲོ་དཀྲུགས་སོ། ༢༣ གང་ལྟར་ཞེ་ན། དེ་དག་གིས་རང་གི་ཕྱིར་དུ་རི་མཐོན་པོ་རེ་རེའི་སྟེང་དང་། ཤིང་སྔོན་པོ་རེ་རེའི་ལྐོག་ཏུ་མཐོ་གླིང་དང་། རྡོ་རིང་དང་། ཨ་ཤེ་རཱ་རྣམས་བཞེངས་པའི་ཕྱིར་རོ། ༢༤ ཡུལ་གྱི་ནང་ན་སོ་དོམ་པ་ལྟར་སྤྱོད་པ་ཡང་ཡོད་དེ། ཡ་ཧོ་ཝཱས་ཨིས་ར་ཨེལ་པ་རྣམས་ཀྱི་མདུན་ནས་བཏོན་པའི་མི་བརྒྱུད་ཀྱིས་བྱས་པའི་ཞེན་ལོག་གི་ལས་རྣམས་དེ་དག་གིས་ཀྱང་བྱས་སོ༎
༢༥ རྒྱལ་པོ་རེ་ཧབ་ཨམ་གྱིས་སྲིད་བྱེད་པའི་ལོ་ལྔ་པ་ལ། མི་སེར་གྱི་རྒྱལ་པོ་ཤི་ཤཱག་གིས་ཡེ་རུ་ཤ་ལེམ་དུ་དམག་དྲངས། ༢༦ དེས་ཡ་ཧོ་ཝཱའི་ཕོ་བྲང་གི་དཀོར་མཛོད་དང་། རྒྱལ་པོའི་ཁྱིམ་གྱི་གཏེར་མཛོད་རྣམས་བཅོམ་ནས། གང་ཡོད་པ་ཐམས་ཅད་བཀོག་གོ། ཤ་ལོ་མོས་བཟོ་བཅུག་པའི་གསེར་གྱི་ཕུབ་ཐམས་ཅད་ཀྱང་ཁྱེར་བས། ༢༧ རྒྱལ་པོ་རེ་ཧབ་ཨམ་གྱིས་དེ་རྣམས་ཀྱི་དོད་དུ་ར་གན་གྱི་ཕུབ་བཟོས་ནས། རྒྱལ་པོའི་ཁྱིམ་གྱི་སྒོ་སྲུང་པའི་དཔོན་པོའི་ལག་ཏུ་བཅོལ་ཏོ། ༢༨ རྒྱལ་པོ་ནི་ཡ་ཧོ་ཝཱའི་ཕོ་བྲང་དུ་འགྲོ་དུས་སུ། སྲུང་མཁན་རྣམས་ཀྱིས་ཕུབ་དེ་རྣམས་ཐོགས་ནས། སླར་སྲུང་མཁན་གྱི་མཛོད་དུ་བཞག་གོ།
༢༩ རེ་ཧབ་ཨམ་གྱི་གཞན་བྱ་བ་དང་། དེས་ཅི་བྱས་པ་ཐམས་ཅད་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་ཏེ་ཡོད་དོ། ༣༠ རེ་ཧབ་ཨམ་དང་ཡེ་རོབ་ཨམ་གཉིས་ཀྱི་བར་ལ་དེ་དག་གི་ཚེའི་དུས་ཀུན་ཏུ་དམག་འཐབ་ལུས་པ་ཡིན། ༣༡ དེ་ནས་རེ་ཧབ་ཨམ་རང་གི་ཕ་མེས་དང་མཉམ་ཉལ་བ་དང་། དཱ་བིད་ཀྱི་གྲོང་ཁྱེར་ན་རང་གི་ཕ་མེས་རྣམས་ཀྱི་ཁྲོད་དུ་དུར་དུ་བཙུད་དོ། དེའི་མ་ཨམ་མོན་མའི་མིང་དུ་ན་ཨ་མཱ་བྱ་སྟེ། དེའི་སྲས་ཨ་བི་ཨམ་གྱིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་༎