༡༣
ཀྱེ་ཧོ། ཡེ་རོབ་ཨམ་སྤོས་བདུག་པའི་ཕྱིར་མཆོད་ཁྲིའི་མདུན་དུ་ལངས་པ་དང་། ཡ་ཧོ་ཝཱའི་བཀའ་བཞིན་དུ་དཀོན་མཆོག་གི་སྐྱེས་བུ་ཞིག་ཡ་ཧུ་དཱ་ནས་བེད་ཨེལ་དུ་ཕྱིན་ནས།  དེས་ཡ་ཧོ་ཝཱའི་བཀའ་མཆིད་ཀྱིས་མཆོད་ཁྲི་ལ་སྡིག་མོ་བྱེད་ཅིང་སྐད་ཆེན་པོས། ཀྱེ་མཆོད་ཁྲི། མཆོད་ཁྲི། ཡ་ཧོ་ཝཱས་འདི་སྐད་དུ། ཀྱེ་ཧོ། དཱ་བིད་ཀྱི་ཁྱིམ་ལས་ཡོ་ཤི་ཡཱ་བྱ་བའི་བུ་ཞིག་བཙའ་བ་དང་། དེས་ཁྱོད་ཀྱི་ཁར་སྤོས་བདུག་པའི་མཐོ་གླིང་གི་བླ་མ་རྣམས་མཆོད་པར་ཕུལ་ནས། ཁྱོད་ཀྱི་ཁར་མིའི་རུས་པ་སྲེག་པར་བྱའོ། ཞེས་འབོད་གྲགས་སོ།  ཡང་ཉིན་དེ་ཉིད་དུ་དེས་མངོན་རྟགས་སྟོན་ཅིང་འདི་སྐད་དུ། འདི་ནི་ཡ་ཧོ་ཝཱས་གསུངས་པའི་མངོན་རྟགས་ཡིན། ཀྱེ་ཧོ། མཆོད་ཁྲི་འགས་ཏེ། དེའི་ཁར་ཡོད་པའི་གོག་ཐལ་འབོ་བར་འགྱུར་རོ། ཞེས་སྨྲས་པ་ལས།  དཀོན་མཆོག་གི་སྐྱེས་བུས་བེད་ཨེལ་གྱི་མཆོད་ཁྲི་ལ་སྡིག་མོ་བྱེད་ཅིང་བོས་པའི་ཚིག་དེ་ཡེ་རོབ་ཨམ་གྱིས་ཐོས་པས། དེས་མཆོད་ཁྲིའི་གོང་ནས་ལག་པ་བརྐྱང་སྟེ། མི་དེ་ཟུང་ཞིག་བསྒོ་བས། སྐྱེས་བུའི་ཕྱོགས་སུ་བརྐྱངས་པའི་ལག་པ་དེ་སྐམས་ཏེ། རང་གི་ཕྱོགས་སུ་སྐུམ་མ་ནུས་སོ།  དཀོན་མཆོག་གི་སྐྱེས་བུ་དེས་ཡ་ཧོ་ཝཱའི་བཀའ་མཆིད་ཀྱིས་མངོན་པར་ཕྱུང་བའི་རྟགས་ནང་བཞིན་དུ། མཆོད་ཁྲི་འགས་ཏེ། མཆོད་ཁྲི་ལས་གོག་ཐལ་བོས་སོ།  དེ་ནས་རྒྱལ་པོས་དཀོན་མཆོག་གི་སྐྱེས་བུ་དེ་ལ། ད་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བཅོལ་ཏེ། ངའི་ལག་པ་སླར་གསོ་བའི་ཕྱིར་དུ་ངའི་དོན་དུ་སྨོན་ལམ་ཐོབ་ཅིག བྱས་པ་དང་། དཀོན་མཆོག་གི་སྐྱེས་བུས་ཡ་ཧོ་ཝཱ་ལ་གསོལ་བ་བཏབ་ནས། རྒྱལ་པོའི་ལག་པ་སླར་གསོས་པར་གྱུར་ཏེ། སྔར་བཞིན་གྱུར་ཏོ།  དེར་རྒྱལ་པོས་དཀོན་མཆོག་གི་སྐྱེས་བུ་དེ་ལ། ང་མཉམ་ཁྱིམ་དུ་འདོང་ལ། སྐྱོ་སངས་པར་མཛོད་དང་། ངས་ཁྱེད་ལ་བྱ་དགའ་བསྟེར་རོ། ཞེས་སྨྲས་ཀྱང་།  དཀོན་མཆོག་གི་སྐྱེས་བུ་དེས་རྒྱལ་པོ་ལ། ཇི་སྟེ་ཁྱེད་ཀྱིས་ང་ལ་རང་གི་ཁང་པའི་ཕྱེད་ཀ་སྟེར་ན་ཡང་། ང་ཁྱེད་དང་མཉམ་མི་འགྲོ། ས་ཆ་འདིར་ངས་བག་ལེབ་ཀྱང་མི་ཟ། ཆུ་ཡང་མི་འཐུང་།  གང་ལ་ཞེ་ན། ཡ་ཧོ་ཝཱས་བཀའ་མཆིད་ཀྱི་ངང་ནས་ང་ལ། བག་ལེབ་ཀྱང་མ་ཟ། ཆུ་ཡང་མ་འཐུང་ཞིག གང་ལམ་ནས་འོང་བའི་ལམ་དེ་ནས་ཕྱིར་མ་འཁོར་ཞིག ཅེས་ནན་གྱིས་བསྐུལ་ཏོ། ཞེས་སྨྲས་སོ། ༡༠ དེའི་ཕྱིར་བེད་ཨེལ་དུ་འོངས་པའི་ལམ་ནས་མ་ལོག་པར། གཞན་ལམ་དུ་ཞུགས་སོ༎
༡༡ དེའི་དུས་སུ་ལུང་སྟོན་པ་རྒད་པོ་ཞིག་བེད་ཨེལ་ན་གནས་ཏེ། དེའི་བུ་རྣམས་འོངས་ནས། དཀོན་མཆོག་གི་སྐྱེས་བུ་དེས་ཉིན་དེ་ཉིད་དུ་བེད་ཨེལ་དུ་མཛད་པའི་བྱ་བ་རྣམས་དེ་ལ་བཤད་དེ། རྒྱལ་པོ་ལ་སྨྲས་པའི་ཚིག་རྣམས་ཀྱང་བསྙད་དོ། ༡༢ དེར་དེ་དག་གི་ཕས། སྐྱེས་བུ་དེ་གང་ལམ་དུ་ཞུགས་ཤེས་དྲིས་པས། དེའི་བུ་རྣམས་ཀྱིས་ཡ་ཧུ་དཱ་ནས་འོངས་པའི་དཀོན་མཆོག་གི་སྐྱེས་བུ་དེ་གང་ལམ་ནས་ལོག་སོང་བ་དེ་བསྟན་ཏོ། ༡༣ ཡང་དེས་རང་གི་བུ་རྣམས་ལ། ངའི་ཕྱིར་བོང་བུ་ལ་སྒ་སྟོད་ཅིག བྱས་ནས། དེ་དག་གིས་དེའི་ཕྱིར་བོང་བུ་ལ་སྒ་བསྟད་པ་དང་། ཁོ་དེ་ལ་ཞོན་ཏེ། ༡༤ དཀོན་མཆོག་གི་སྐྱེས་བུའི་ཕྱི་བཞིན་སོང་བས། བེ་ཤིང་གི་ལྐོག་ན་བསྡད་མཁན་དེ་དང་ཕྲད་ཅིང་སྨྲས་པ། ཁྱེད་ཡ་ཧུ་དཱ་ནས་བྱོན་པའི་དཀོན་མཆོག་གི་སྐྱེས་བུ་དེ་ཡིན་ནམ། བྱས་པ་དང་། ཁོས། ང་ནི་དེའོ། ཞེས་སྨྲས་སོ། ༡༥ དེས་ཁོ་ལ། བདག་མཉམ་ཁྱིམ་དུ་འདོང་ལ། བག་ལེབ་བཞེས་ཤིག བྱས་ཀྱང་། ༡༦ དེ་ན་རེ། བདག་ཁྱོད་མཉམ་ལོག་པའི་མི་རིགས། ནང་དུ་ཡང་འགྲོ་བའི་མི་རིགས། ས་ཆ་དེར་བདག་ཁྱོད་དང་ལྷན་ཅིག་ཏུ་བག་ལེབ་ཀྱང་མི་ཟ། ཆུ་ཡང་མི་འཐུང་། ༡༧ གང་ལ་ཞེ་ན། ཡ་ཧོ་ཝཱས་བཀའ་མཆིད་ཀྱི་ངང་ནས་བདག་ལ། ཁྱོད་དེར་བག་ལེབ་ཀྱང་མ་ཟ། ཆུ་ཡང་མ་འཐུང་ཞིག གང་ནས་འོངས་པའི་ལམ་དེ་ནས་ཕྱིར་མ་ལོག་ཅིག ཅེས་པའི་བཀའ་གནང་ངོ་། ཞེས་བསྙད་པས། ༡༨ དེས་ཁོ་ལ། ང་ཡང་ཁྱེད་དང་འདྲ་བའི་ལུང་སྟོན་པ་ཞིག་ཡིན། ཡ་ཧོ་ཝཱའི་བཀའ་མཆིད་ཀྱི་ངང་ནས་ནམ་མཁའི་ཕོ་ཉ་ཞིག་གིས་ང་ལ། མི་དེས་བག་ལེབ་ཟ་བ་དང་ཆུ་འཐུང་དུ་ཁོ་ཁྱོད་མཉམ་རང་གི་ཁྱིམ་དུ་ཕྱིར་ཟློག་ཅིང་ཁྲིད་ཤོག་ཅེས་གསུངས་སོ། སྨྲས་ཏེ་རྫུན་བརྒྱབས་སོ། ༡༩ དེ་བས་ན་ཁོ་དང་མཉམ་དུ་ལོག་ནས། དེའི་ཁྱིམ་དུ་བག་ལེབ་ཀྱང་ཟོས། ཆུ་ཡང་འཐུངས་སོ། ༢༠ དེ་ནས་མི་དེ་གཉིས་ཀ་བཟའ་མའི་མདུན་དུ་བསྡད་པའི་ཚེ། མི་དེ་ཟློག་པའི་ལུང་སྟོན་པ་ལ་ཡ་ཧོ་ཝཱའི་བཀའ་བྱུང་སྟེ། ༢༡ ཡ་ཧུ་དཱ་ནས་འོངས་པའི་དཀོན་མཆོག་གི་སྐྱེས་བུ་དེ་ལ་སྐད་ཆེན་པོས། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའི་འབངས་མ་བྱས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་གསུངས་པའི་བཀའ་ཡང་མ་བསྲུངས། ༢༢ དེ་མ་ཟད་པར། ཡ་ཧོ་ཝཱས་ཁྱོད་ལ། བག་ལེབ་ཀྱང་མ་ཟ། ཆུ་ཡང་མ་འཐུང་ཞིག་ཅེས་བསྒོ་བའི་གནས་འདི་རང་དུ་ཁྱོད་ཕྱིར་འོངས་ནས། བག་ལེབ་ཀྱང་ཟོས། ཆུ་ཡང་འཐུངས་པའི་ཕྱིར། ཁྱོད་ཀྱི་རོ་ནི་ཁྱོད་ཀྱི་ཕ་མེས་ཀྱི་དུར་ས་རུ་སླེབ་པར་མི་འགྱུར་རོ། ཞེས་སྨྲས་སོ༎
༢༣ དེས་བག་ལེབ་ཟོས་ཟིན་ཏེ། ཆུ་ཡང་བཏུང་ཟིན་པ་དང་། ཟློགས་ནས་དྲངས་པའི་ལུང་སྟོན་པ་དེའི་ཕྱིར་བོང་བུ་ལ་སྒ་བསྟད་དེ། ༢༤ ལམ་དུ་ཞུགས་པ་དང་། ལམ་བར་དུ་སེང་གེ་ཞིག་དང་ཕྲད་ནས། དེས་ཁོ་འགུམ་པས། དེའི་རོ་ལམ་ཁར་ལུས་ཏེ། དེ་དང་ཐག་ཉེ་བར་བོང་བུ་ཀྲོང་ངེར་བསྡད། སེང་གེ་ཡང་རོའི་མདུན་དུ་ཙོང་ངེར་བསྡད་དོ། ༢༥ ཡང་ལྟོས་ཤིག་དེའི་འཁོར་ནས་མི་རྣམས་ཆས་ཏེ། མི་དེ་དག་གིས། རོ་ནི་ལམ་ཁར་ཕངས་ཏེ། རོའི་སྟེང་དུ་སེང་གེ་ཙོང་ངེར་བསྡད་མཁན་མཐོང་ངོ་། དེ་ནས་དེ་རྣམས་ལུང་སྟོན་པ་རྒད་པོ་དེ་གང་ན་བའི་གྲོང་ཁྱེར་དུ་ཕྱིན་ནས། གཏམ་བཤད་པས།
༢༦ དེ་ལམ་ནས་ཟློགས་ནས་དྲངས་པའི་ལུང་སྟོན་པ་དེས་གཏམ་དེ་ཐོས་ནས་ན་རེ། འདི་ནི་ཡ་ཧོ་ཝཱའི་བཀའ་ལས་འགལ་བའི་དཀོན་མཆོག་གི་སྐྱེས་བུ་དེ་ཡིན། ཡ་ཧོ་ཝཱས་དེ་ལ་གསུངས་པའི་གསུང་བཞིན་དུ། ཡ་ཧོ་ཝཱས་ཁོ་སེང་གེ་ལ་བཏད་པར་མཛད་ནས། དེས་ཁོ་རལ་ཏེ་བཀུམ་པ་ལགས་སོ། ༢༧ ཡང་དེས་རང་གི་བུ་རྣམས་ལ། ངའི་ཕྱིར་བོང་བུ་ལ་སྒ་རྒྱོབ་ཅིག སྨྲས་ནས། དེ་དག་གིས་སྒ་བརྒྱབས་སོ། ༢༨ མི་དེ་ཆས་པ་དང་། རོ་ནི་ལམ་ཁར་ཕངས་ཏེ། བོང་བུ་སེང་གེ་གཉིས་པོ་རོའི་མདུན་དུ་ཀྲོང་ངེར་ཀྲོང་ངེར་ཡོད་པ་དང་། རོ་ནི་སེང་གེས་མ་ཟོས་ཏེ། བོང་བུ་ཡང་མ་རལ་བཞིན་དུ་བརྙེད་དོ། ༢༩ དེར་ལུང་སྟོན་པ་དེས་དཀོན་མཆོག་གི་སྐྱེས་བུ་དེའི་རོ་བླངས་ཏེ། བོང་བུ་ལ་བཀལ་ནས། དེའི་ཕྱིར་མྱ་ངན་བྱས་ཏེ། དུར་དུ་བཙུད་དུ་ལུང་སྟོན་པ་རྒད་པོ་དེ་གྲོང་ཁྱེར་དུ་ཕྱིན་ཏོ། ༣༠ ཡང་དེས་དེའི་རོ་རང་གི་དུར་ཁུང་དུ་བཞག་ནས། དེ་དག་གིས། ངེད་ཅག་གི་སྤུན། ཀྱེ་ཧུད། སྨྲ་ཞིང་། དེའི་ཕྱིར་མྱ་ངན་བྱས་སོ། ༣༡ དེ་ནས་སྐུང་ཟིན་ཏེ། དེས་རང་གི་བུ་རྣམས་ལ། ང་ནི་ཚེ་ལས་འདས་པའི་ཚེ། དཀོན་མཆོག་གི་སྐྱེས་བུ་དེ་བསྐུངས་པའི་དུར་ཁུང་དེའི་ནང་དུ་ང་ཡང་སྐུངས་ཤིག ངའི་རུས་པ་དེའི་རུས་པའི་གན་དུ་ཞོག་ཅིག ༣༢ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་བཀའ་མཆིད་ཀྱིས་བེད་ཨེལ་དུ་ཡོད་པའི་མཆོད་ཁྲི་དང་། ས་མར་ཡཱའི་གྲོང་ཁྱེར་ཐམས་ཅད་དུ་ཡོད་པའི་མཐོ་གླིང་གི་ཁྱིམ་རྣམས་ལ་གནོད་པའི་གཏམ་དེས་བསྒྲགས་པ་བཞིན་ངེས་པར་འབྱུང་བར་འགྱུར་བའི་ཕྱིར་རོ། ཞེས་སྨྲས་སོ༎
༣༣ བྱ་བ་དེའི་རྗེས་སུ་ཡང་། ཡེ་རོབ་ཨམ་གྱིས་རང་གི་སྤྱོད་པ་ངན་པའི་ལམ་མ་སྤངས་ཏེ། མི་སྐྱ་བོ་རྣམས་ཀྱི་ནང་ནས་རང་དགའ་བར་མཐོ་གླིང་གི་བླ་མར་བསྐོས་ཏེ། མཐོ་གླིང་གི་བླ་མར་གྱུར་ཏོ། ༣༤ ཡང་བྱ་བ་དེ་ནི་ཡེ་རོབ་ཨམ་གྱི་བུ་བརྒྱུད་ཀྱི་ཉེས་ལྟུང་དུ་གྱུར་ནས། ཁོ་ནི་བཏུབ་ཅིང་། སའི་ངོས་ནས་སྟོངས་པའི་རྒྱུ་རུ་གྱུར་ཏོ༎