༡༢
ཡང་རེ་ཧབ་ཨམ་་སི་ཀེམ་དུ་སོང་ངོ་། ཅིའི་ཕྱིར་ཞེ་ན། དེ་ནི་རྒྱལ་པོར་སྐོ་བའི་ཕྱིར་ཨིས་ར་ཨེལ་ཐམས་ཅད་དེར་འཛོམ་མོ།  དེའི་བར་དུ་མི་སེར་ན་ཡོད་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱིས་གཏམ་དེ་ཐོས་སོ། ཡེ་རོབ་ཨམ་ནི་རྒྱལ་པོ་ཤ་ལོ་མོའི་དྲུང་ནས་བྲོས་ཏེ། མི་སེར་ཡུལ་དུ་གནས་པར་བྱས་སོ།  དེ་དག་གིས་དེའི་རྩར་མི་མངགས་ནས་བོས་སོ། དེ་ནས་ཡེ་རོབ་ཨམ་་ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་དང་བཅས་སུ་འོངས་ཏེ། རེ་ཧབ་ཨམ་ལ་ཞུས་པ།  ཁྱེད་ཀྱི་ཡབ་ཀྱིས་བདག་ཅག་ལ་གཉའ་ཤིང་ལྕི་བ་ཞིག་བཀལ་བས། ད་ཁྱེད་ཀྱིས་ཉིད་ཀྱི་ཡབ་ཀྱིས་བདག་ཅག་ལ་བཀལ་བའི་ཞབས་ཏོག་དང་གཉའ་ཤིང་ལྕི་བ་དེ་ཡང་མོར་མཛོད་ཅིག་དང་། བདག་ཅག་གིས་ཁྱེད་ཀྱི་འབངས་བྱའོ། ཞེས་ཞུས་པ་ལས།  དེ་ན་རེ། ད་ལྟ་ཁྱོད་རྣམས་སོང་ལ། ཞག་གསུམ་ནས་ངའི་མདུན་དུ་སླར་ཤོག་ཅིག བྱས་པས། མི་རྣམས་སོང་ངོ་༎
 དེ་ནས་རེ་ཧབ་ཨམ་གྱིས་རང་གི་ཡབ་ཤ་ལོ་མོ་གསོན་པོར་བཞུགས་པའི་བར་དུ། ཁོང་གི་དྲུང་དུ་འགྲེང་བའི་རྒན་རབས་རྣམས་ལས་གྲོས་འདྲིས་ནས་སྨྲས་པ། ཁྱོད་ཅག་གིས་གྲོས་ཅི་ཞིག་འདེབས། ངས་མི་དེ་རྣམས་ལ་ལན་ཅི་འདྲ་འདེབས་པར་རུང་འདྲིས་པས།  དེ་དག་གིས་ལན་དུ། ཇི་སྟེ་དེ་རིང་གི་ཉིན་མོར་ཁྱེད་ཀྱིས་དེ་རྣམས་ལ་བདག་རྐྱེན་མཛད་ནས། དེ་རྣམས་ཀྱི་ལས་དོན་མཛད་ཅིང་ལན་འདེབས་ཏེ། ཚིག་བཟང་པོས་གཏམ་གླེང་མཛད་ན། དེ་དག་གཏན་དུ་ཁྱེད་ཀྱི་བྲན་ཁོལ་དུ་ལུས་པར་འགྱུར། ཞེས་སྨྲས་ཀྱང་།
 དེས་རྒད་པོ་དེ་རྣམས་ཀྱིས་བསྟན་པའི་གྲོས་དེ་དོར་ནས། ཁོང་མཉམ་ཆེར་སྐྱེས་པའི་གཞོན་གསར་རང་གི་དྲུང་དུ་འགྲེང་བ་རྣམས་ལས་གྲོས་དྲིས་ཏེ།  དེ་དག་ལ། ཁྱོད་ཀྱི་ཕས་བདག་ཅག་གི་ཁར་བཀལ་བའི་གཉའ་ཤིང་དེ་ཡང་མོར་མཛོད་ཅིག་ཅེས་ང་ལ་སྨྲས་པའི་མི་དེ་རྣམས་ལ་ལན་ཇི་ལྟར་འདེབས་པ། ཁྱོད་ཚོས་ང་ལ་གང་གྲོས་འདེབས་ཤེས་དྲིས་པ་ལས། ༡༠ དེ་དང་མཉམ་དུ་ཆེར་སྐྱེས་པའི་གཞོན་གསར་རྣམས་ཀྱིས་དེ་ལ། ཁྱེད་ཀྱི་ཡབ་ཀྱིས་བདག་ཅག་གི་གཉའ་ཤིང་ལྕི་བར་བྱས་པ་དེ་ཡང་མོར་མཛོད་ཅིག་ཅེས་ཞུས་པའི་མི་རྣམས་ལ་འདི་འདྲ་སྒོ་བར་གྱིས་ཤིག ངའི་ཡབ་ཀྱི་སྐུ་རྐེད་པས་ངའི་མཐེའུ་ཆུང་སྦོམ་པོ་ཡོད་པར་བྱ། ༡༡ དེའང་ངའི་ཡབ་ཀྱིས་ཁྱོད་ཅག་ལ་གཉའ་ཤིང་ལྕི་བ་བཀལ་བས། ངས་ཁྱོད་ཅག་གི་གཉའ་ཤིང་ལྷག་པར་ལྕི་བར་བྱ། ངའི་ཡབ་ཀྱིས་ཁྱོད་ཅག་ལ་རྟ་ལྕག་གིས་བཅུན་པས། ངས་སྡིག་པ་རྭ་ཅན་གྱིས་གཞུན་ནོ། ཞེས་པའི་བཀའ་ལན་གནང་མཛོད། ཅེས་སྨྲས་སོ༎
༡༢ རྒྱལ་པོས་ཉིན་གསུམ་པར་ངའི་མདུན་དུ་ཕྱིར་འོང་ཞིག་སྨྲས་པ་བཞིན་དུ། ཡེ་རོབ་ཨམ་དང་མི་ཐམས་ཅད་ཉིན་གསུམ་པར་རེ་ཧབ་ཨམ་གྱི་དྲུང་དུ་ཕྱིན་ཏོ། ༡༣ དེ་ནས་རྒྱལ་པོས་རྒན་པོ་རྣམས་ཀྱིས་གདམས་པའི་གདམས་ངག་དེ་དོར་ནས། མི་ཚོགས་ལ་ཚིག་རྩུབ་ཀྱི་ལན་བཏབ་ནས། ༡༤ དེ་དག་ལ་གཞོན་གསར་རྣམས་ཀྱི་གྲོས་བཞིན་དུ། ངའི་ཕས་ཁྱོད་ཅག་ལ་གཉའ་ཤིང་ལྕི་བ་བཀལ་བས། ངས་ཁྱོད་ཅག་གི་གཉའ་ཤིང་ལྷག་པར་ལྕི་བར་བྱ། ངའི་ཕས་ཁྱོད་ཅག་ལ་རྟ་ལྕག་གིས་བཅུན་པས། ངས་སྡིག་པ་རྭ་ཅན་གྱིས་གཞུན་ནོ། ཞེས་སྨྲས་སོ། ༡༥ དེ་ལྟར་རྒྱལ་པོས་འབངས་ཀྱི་ཞུ་བ་ལ་མ་གསན་ཏོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཤི་ལོ་པ་ཨ་ཧི་ཡཱ་ཡི་ངང་ནས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་ལ་གསུངས་པ་བཞིན་དུ་སྒྲུབ་པའི་ཕྱིར་དེ་ལྟར་མཛད་དོ༎
༡༦ དེར་ཨིས་ར་ཨེལ་ཐམས་ཅད་ཀྱིས། རྒྱལ་པོས་འབངས་ཀྱི་ཞུ་བ་ལ་མི་ཉན་པར་མཐོང་ནས། རྒྱལ་པོ་ལ་ལན་ཟློག་ཅིང་ན་རེ། དཱ་བིད་མཉམ་ང་རྣམས་ལ་དོན་ཅི་ཡོད། ཨི་ཤཱ་ཡི་བུ་མཉམ་ང་རྣམས་ཀྱི་ནོར་སྐལ་ཅི་ཡོད། རེ་རང་གི་གུར་དུ་དོང་ཞིག ཀྱེ་ཨིས་ར་ཨེལ། ཁྱོད་ཀྱིས་རང་གི་ཁྱིམ་ལ་ཉ་ར་བྱོས་ཤིག་ཀྱེ་དཱ་བིད། ཞེས་སྨྲས་ནས། དེ་དག་རེ་རང་གི་གུར་དུ་གྱེས་སོ། ༡༧ དེའང་རེ་ཧབ་ཨམ་གྱིས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ན་གནས་པའི་ཨིས་ར་ཨེལ་གྱི་བུ་རྣམས་འབའ་ཞིག་ལ་སྲིད་བྱས་ཏེ། ༡༨ རྒྱལ་པོ་རེ་ཧབ་ཨམ་གྱིས་ཁྲལ་དཔོན་ཨ་དོ་རམ་མངགས་པ་དང་། ཨིས་ར་ཨེལ་པ་ཀུན་གྱིས་དེ་ལ་རྡོ་རུབ་བཏང་བ་ལས་དེ་ཤིའོ། དེར་རྒྱལ་པོ་རེ་ཧབ་ཨམ་འཁྱུག་གིས་ཤིང་རྟ་འཁོར་ལོ་ལ་ཞུགས་ནས། ཡེ་རུ་ཤ་ལེམ་དུ་བྲོས་སོ། ༡༩ དེ་ལྟར་ཨིས་ར་ཨེལ་གྱིས་དཱ་བིད་ཀྱི་བརྒྱུད་ལ་ངོ་ལོག་བྱས་ནས། ད་ལྟའི་བར་དུ་ཡང་དེ་ལྟར་གནས་སོ། ༢༠ དེ་ནས་ཨིས་ར་ཨེལ་ཡོངས་ཀྱིས་ཡེ་རོབ་ཨམ་ཕྱིར་ལོག་བསླེབ་པར་ཐོས་ནས། མི་ཚོགས་ཀྱི་དྲུང་དུ་འོང་བའི་ཕྱིར་འབོད་དུ་བཏང་ནས། ཨིས་ར་ཨེལ་ཐམས་ཅད་ཀྱི་རྒྱལ་པོར་བསྐོས་པས། ཡ་ཧུ་དཱའི་སྡེ་གཅིག་པོ་དེ་མ་གཏོགས་པར། སུའང་དཱ་བིད་ཀྱི་བརྒྱུད་ཀྱི་རྗེས་སུ་མ་འབྲངས་སོ༎
༢༡ རེ་ཧབ་ཨམ་་ཡེ་རུ་ཤ་ལེམ་དུ་ཕྱིན་པའི་ཚེ། ཨིས་ར་ཨེལ་གྱི་བུ་བརྒྱུད་ལ་འཐབ་མོ་བྱ་བ་དང་། ཤ་ལོ་མོའི་བུ་རེ་ཧབ་ཨམ་གྱི་ལག་ཏུ་རྒྱལ་སྲིད་རྙེད་པའི་དོན་དུ། དེས་ཡ་ཧུ་དཱའི་སྡེ་དང་བཅས་པར་བེན་ཡ་མིན་གྱི་སྡེ་ལས་འདམས་པའི་དམག་གི་སྐྱེ་བོ་ཆིག་འབུམ་བརྒྱད་ཁྲི་བསགས་སོ། ༢༢ དེའི་ཚེ་དཀོན་མཆོག་གི་སྐྱེས་བུ་ཤེ་མ་ཡཱ་བྱ་བ་ལ་དཀོན་མཆོག་གི་བཀའ་བྱུང་ནས་འདི་སྐད་དུ། ༢༣ ཡ་ཧུ་དཱའི་རྒྱལ་པོ་ཤ་ལོ་མོའི་བུ་རེ་ཧབ་ཨམ་དང་། ཡ་ཧུ་དཱ་དང་བེན་ཡ་མིན་གཉིས་ཀྱི་བུ་བརྒྱུད་དང་། མི་བརྒྱུད་ལྷག་ལུས་རྣམས་ལ་འདི་ལྟར་སྨྲོས་ཤིག ༢༤ ཡ་ཧོ་ཝཱས་འདི་སྐད་དུ། བྱ་བ་འདི་ངའི་ཕྱོགས་ལས་ཡིན་པས་ན། ཁྱོད་རྣམས་ཀྱིས་དམག་མ་དྲོངས་ཤིག རང་གི་སྤུན་ཨིས་ར་ཨེལ་གྱི་བུ་རྣམས་ལ་མ་རྒོལ་ཞིག རེ་རང་གི་ཁྱིམ་དུ་ལོག་ཅིག ཅེས་གསུངས་པ་ལས། དེ་རྣམས་ཡ་ཧོ་ཝཱའི་བཀའ་ལ་ཉན་ཏེ། ཡ་ཧོ་ཝཱའི་བཀའ་བཞིན་ལོག་ནས་སོང་ངོ་༎
༢༥ དེ་ནས་ཡེ་རོབ་ཨམ་གྱིས་ཨེབ་ར་ཨིམ་གྱི་རི་ལ་སི་ཀེམ་བརྩིགས་ནས། དེར་གཞིས་ཕབ། དེའི་འོག་ཏུ་དེ་ནས་འཐོན་ཏེ་ཕེ་ནུ་ཨེལ་བརྩིགས་སོ། ༢༦ དེར་ཡེ་རོབ་ཨམ་གྱིས་རང་གི་སྙིང་ན། རྒྱལ་སྲིད་ནི་དཱ་བིད་ཀྱི་ཁྱིམ་ལ་ཕྱིར་ལྡོག་པར་འགྱུར་རམ་མི་འགྱུར། ༢༧ ད་ཇི་སྟེ་མི་འདི་རྣམས་ཡ་ཧོ་ཝཱའི་ཕོ་བྲང་ཡེ་རུ་ཤ་ལེམ་དུ་མཆོད་པ་འབུལ་བའི་ཕྱིར་ཡར་འགྲོ་ན། དེ་རྣམས་ཀྱི་སྙིང་རང་གི་ཇོ་བོའམ། ཡ་ཧུ་དཱའི་རྒྱལ་པོ་རེ་ཧབ་ཨམ་གྱི་ཕྱོགས་སུ་དྲིལ་ནས། དེ་རྣམས་ཀྱིས་ང་བསད་དེ། ཡ་ཧུ་དཱའི་རྒྱལ་པོ་རེ་ཧབ་ཨམ་གྱི་ཕྱོགས་སུ་ཕྱིར་ལོག་པར་འགྱུར། ༢༨ ཞེས་སྨྲས་པ་དང་། རྒྱལ་པོ་དེས་གྲོས་བྱས་ནས། གསེར་གྱི་བེའུ་གཉིས་བཟོས་ཏེ། མི་རྣམས་ལ། ཁྱོད་ཅག་དོན་མེད་དུ་ཡེ་རུ་ཤ་ལེམ་དུ་འགྲོའོ། ཀྱེ་ཨིས་ར་ཨེལ། ཁྱོད་ཅག་མི་སེར་ཡུལ་ནས་ཁྲིད་པའི་ལྷ་རྟེན་ལ་ལྟོས་ཤིག ཅེས་སྨྲས་ནས། ༢༩ དེ་དག་ལས་གཅིག་བེད་ཨེལ་དུ་བཙུགས། ཡང་གཞན་དེ་དཱན་དུ་བཞག་གོ། ༣༠ མི་རྣམས་དཱན་གྱི་བར་དུའང་གཅིག་དེ་ལ་བསྙེན་བཀུར་བྱེད་དུ་ཕྱིན་པས། དེ་ནི་ཉེས་ལྟུང་གི་རྒྱུ་རུ་གྱུར་ཏོ། ༣༡ ཡང་དེས་མཐོ་གླིང་གི་ཁྱིམ་ཞིག་བྱས་ནས། ལེ་ཝིའི་བུ་བརྒྱུད་ལས་མ་ཡིན་པའི་སྐྱ་བོ་རྣམས་བླ་མར་བསྐོས་ཏེ།
༣༢ དེས་ཀྱང་ཡ་ཧུ་དཱ་ལ་ཡོད་པའི་དུས་ཆེན་དང་འདྲ་བའི་དུས་ཆེན་ཞིག་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་པར་བཙུགས་ཏེ། མཆོད་ཁྲི་ལ་མཆོད་པ་ཕུལ་ཏོ། དེ་བཞིན་དུ་བེད་ཨེལ་དུའང་བྱས་སོ། རང་གིས་བཟོས་པའི་བེའུ་ཡི་མདུན་དུ་མཆོད་པ་ཕུལ་ནས། དེས་བེད་ཨེལ་དུ་བརྩིགས་པའི་མཐོ་གླིང་རྣམས་ལ་བླ་མ་བཞག་གོ། ༣༣ ཡང་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་པའམ། དེ་རང་གི་སྙིང་ལ་བརྩམས་པའི་ཚེས་ལ། བེད་ཨེལ་དུ་བཞེངས་པའི་མཆོད་ཁྲིའི་ཁར་མཆོད་པ་ཕུལ་ནས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་དུས་ཆེན་ཞིག་བཙུགས་ཏེ། མཆོད་ཁྲི་ལ་མཆོད་པ་འབུལ་ཞིང་བསངས་བཏང་ངོ་༎