༡༡
རྒྱལ་པོ་ཤ་ལོ་མོ་ཕར་ཨོ་ཡི་སྲས་མོ་ལ་ཆགས་པ་མ་ཟད། གཞན་ཕྱི་པའི་བུད་མེད་ལས་མོ་ཨབ་མ་རྣམས་དང་། ཨམ་མོན་མ་རྣམས་དང་། ཨེ་དོམ་མ་རྣམས་དང་། ཚི་དོན་མ་རྣམས་དང་། ཧེད་མ་རྣམས་ལ་ཡང་ཆགས་སོ། ༢ མི་རིགས་དེ་རྣམས་ཀྱི་སྐོར་ལ་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ལ། ཁྱོད་ཅག་དེ་དག་གི་ནང་དུ་མ་འཛུལ་ཞིག དེ་དག་ཀྱང་ཁྱོད་ཅག་གི་ནང་དུ་འཛུལ་དུ་མ་ཆུག་ཅིག དེ་མིན། ཁྱོད་ཅག་གི་སྙིང་རྣམས་བདེན་དག་པར་དེ་དག་གི་ལྷའི་ཕྱོགས་སུ་སྒྱུར་བར་བྱའོ། ཞེས་གསུངས་ཤིང་བཀའ་སྩལ་ཀྱང་། ཤ་ལོ་མོའི་སེམས་དེ་དག་ལ་སོང་ནས་འབྱར་ཏོ། ༣ ཁོང་ལ་བཙུན་མོ་བདུན་བརྒྱ་དང་། གྲོགས་མོ་སུམ་བརྒྱ་ཡོད་པ་ལས། ཆུང་མ་དེ་རྣམས་ཀྱིས་དེའི་སྙིང་འགྱུར་དུ་བཅུག་གོ། ༤ དེ་ཅིའི་ཕྱིར་ཞེ་ན། ཤ་ལོ་མོ་སྐུ་ན་བགྲེས་པ་དང་། ཆུང་མ་རྣམས་ཀྱིས་དེའི་སྙིང་ནི་ཕྱི་པའི་ལྷ་རྣམས་ཀྱི་ཕྱོགས་སུ་བསྒྱུར་ནས། དེའི་སྙིང་ནི་ཡབ་དཱ་བིད་ཀྱི་ཐུགས་དང་འདྲ་བར་རང་གི་དཀོན་མཆོག་ཡ་ཧོ་ཝཱའི་དྲུང་དུ་ཕུལ་དུ་མ་ཕྱིན་ཏོ། ༥ དེ་བས་ན་ཤ་ལོ་མོ་་ཚི་དོན་པའི་ལྷ་མོ་ཨས་ཐཱ་རོད་དང་། ཨམ་མོན་པའི་རྫས་མི་གཙང་བའི་ལྷ་མོ་མིལ་ཀོམ་ལ་འབྲངས་ཏེ། ༦ ཤ་ལོ་མོས་ཡ་ཧོ་ཝཱའི་གཟིགས་ངོར་ལོག་པར་བྱས་ཤིང་། རང་གི་ཕ་དཱ་བིད་དང་འདྲ་བར་ཡ་ཧོ་ཝཱའི་ཞབས་རྗེས་སུ་སྙིང་ཧྲིལ་ནས་མ་འབྲངས་སོ། ༧ དེ་ནས་ཤ་ལོ་མོས་ཡེ་རུ་ཤ་ལེམ་གྱི་མདུན་དུ་ཡོད་པའི་རི་ལ། མོ་ཨབ་པའི་རྫས་མི་གཙང་བའི་ལྷ་ཀེ་མོས་དང་། ཨམ་མོན་པའི་རྫས་མི་གཙང་བའི་ལྷ་མོ་ལེག་གི་ཆེད་དུ་མཐོ་གླིང་རེ་བཞེངས་སོ། ༨ དེ་བཞིན་དུ་ཁོང་གིས་རང་གི་ཕྱི་པའི་ཆུང་མ་ཐམས་ཅད་ཀྱི་ཕྱིར་བྱས་པ་དང་། དེ་དག་གིས་རང་གི་ལྷ་རྣམས་ཀྱི་དྲུང་དུ་སྤོས་བདུག་ཅིང་། མཆོད་པ་ཕུལ་ཏོ༎༩ ཡ་ཧོ་ཝཱས་ཐེངས་གཉིས་དེ་ལ་མཇལ་ཁ་གནང་ཡང་། དེའི་སྙིང་ཨིས་ར་ཨེལ་གྱི་དཀོན་མཆོག་ལས་འདས་པར་གྱུར་ཏོ། དེའི་ཕྱིར་ཡ་ཧོ་ཝཱའི་ཐུགས་ཤ་ལོ་མོ་ལ་ཁྲོས་པར་གྱུར་ཏོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་དེ་ལ། ཁྱོད་ཕྱི་པའི་ལྷའི་རྗེས་སུ་འབྲང་མི་ཆོག་ཅེས་བཀའ་སྩལ་ཀྱང་། དེས་ཡ་ཧོ་ཝཱའི་བཀའ་དེ་མ་བསྲུངས་སོ། ༡༡ དེའི་ཕྱིར་ཡ་ཧོ་ཝཱས་ཤ་ལོ་མོ་ལ་གསུངས་པ། ཁྱོད་ཀྱིས་དེ་ལྟར་སྤྱད་ཅིང་། ངའི་ཞལ་ཆད་དང་། ངས་ཁྱོད་ལ་བསྒོ་བའི་བཀའ་རྒྱ་རྣམས་མ་བསྲུངས། དེའི་ཕྱིར་ཁྱོད་ལས་རྒྱལ་སྲིད་བཅད་ནས། ཁྱོད་ཀྱི་བྲན་པོ་ལ་སྟེར་བར་བྱ། ༡༢ འོན་ཀྱང་ཁྱོད་ཀྱི་ཕ་དཱ་བིད་ཀྱི་ངོར། ངས་ཁྱོད་རང་གི་དུས་སུ་དེ་ལྟར་མི་བྱ་ཡང་། ཁྱོད་ཀྱི་བུའི་ལག་ནས་གཅད་དོ། ༡༣ ད་དུང་ཡང་རྒྱལ་སྲིད་ཐམས་ཅད་མི་གཅད་ཀྱི། ངའི་བྲན་པོ་དཱ་བིད་ཀྱི་ངོ་དང་། ངས་འདམས་པའི་ཡེ་རུ་ཤ་ལེམ་གྱི་ཕྱིར་དུ། སྡེ་གཅིག་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱའོ་ཞེས་གསུངས་སོ༎
༡༤ དེ་ནས་ཡ་ཧོ་ཝཱས་ཨེ་དོམ་པ་ཧ་དད་བྱ་བ་དེ་ཤ་ལོ་མོའི་དགྲ་རུ་བསླངས་སོ། དེ་ནི་ཨེ་དོམ་གྱི་རྒྱལ་བརྒྱུད་ལས་ཆད་པ་ཞིག་སྟེ། ༡༥ དཱ་བིད་་ཨེ་དོམ་དུ་ཡོད་པ་དང་། དམག་དཔོན་ཡོ་ཨབ་ཀྱིས་བསད་པ་རྣམས་སྐུང་བ་ལ་དེར་ཕྱིན་པའི་ཚེ། ཁོས་ཨེ་དོམ་དུ་ཡོད་པའི་སྐྱེས་པ་ཐམས་ཅད་བསད་དོ། ༡༦ དེ་ཅིའི་ཕྱིར་ཞེ་ན། ཨེ་དོམ་གྱི་སྐྱེས་པ་ཐམས་ཅད་མ་བསད་པའི་བར་དུ། ཡོ་ཨབ་ནི་ཨིས་ར་ཨེལ་པ་ཐམས་ཅད་དང་མཉམ་དེར་ཟླ་བ་དྲུག་བསྡད་དོ། ༡༧ དེའི་ཚེ་ཧ་དད་ནི་རང་གི་ཕའི་གཡོག་པོ་ཡིན་པའི་ཨེ་དོམ་པ་ཁ་ཤས་དང་བཅས་སུ་མི་སེར་དུ་བྲོས་སོ། དེའི་དུས་ན་ཧ་དད་ནི་ན་སོ་ཕྲ་བ་ཡོད་པ་ཡིན། ༡༨ དེ་ནས་དེ་དག་མིད་ཨན་ནས་ཐོན་ཏེ། ཕ་རན་དུ་ཕྱིན་ནས། ཕ་རན་ནས་མི་འགའ་ཞིག་འཁྲིད་ཅིང་། མི་སེར་དུ་མི་སེར་གྱི་རྒྱལ་པོ་ཕར་ཨོ་ཡི་དྲུང་དུ་ཕྱིན་པ་དང་། དེས་དེ་རྣམས་ལ་ཁང་པ་དང་། ཁ་ཟས་དང་། གཞིས་ཀ་ཡང་བྱིན་ཏེ། ༡༩ ཧ་དད་ནི་ཕར་ཨོ་ཡི་མིག་ལ་ཤིན་ཏུ་ངོ་ཅན་དུ་གྱུར་ནས། དེས་རང་གི་བཙུན་མོའི་ནུ་མོའམ། རྒྱལ་མོ་ཐག་ཕེ་ནེས་ཀྱི་ནུ་མོ་ཁོ་ལ་བག་མར་བསྟེར་ཏོ། ༢༠ དེ་ནས་ཐག་ཕེ་ནེས་ཀྱི་ནུ་མོ་དང་དེའི་བར་ལ་བུ་ཞིག་བཙས་ནས། མིང་དུ་གེ་ནུ་བད་བཏག་སྟེ། ཐག་ཕེ་ནེས་ཀྱིས་དེ་ནི་ཕར་ཨོ་ཡི་ཁྱིམ་དུ་ཁྱེར་ནས་ནུ་ཞོ་བཅད། ཡང་གེ་ནུ་བད་ཕར་ཨོ་ཡི་ཁྱིམ་དུ་ཕར་ཨོ་ཡི་སྲས་རྣམས་དང་ལྷན་ཅིག་ཏུ་བསྲེལ་ཏོ། ༢༡ ཡང་ཧ་དད་་མི་སེར་ཡུལ་དུ་ཡོད་པའི་ཚེ། དཱ་བིད་ནི་རང་གི་ཕ་མེས་ཀྱི་ཁྲོད་དུ་ཉལ་བ་དང་། དམག་དཔོན་ཡོ་ཨབ་ཤི་ཟིན་པར་ཐོས་ནས། དེས་ཕར་ཨོ་ལ། བདག་རང་གི་ཡུལ་དུ་འགྲོ་བའི་དགོངས་པ་གནོང་ཞིག ཅེས་ཞུས་པ་ལས། ༢༢ ཕར་ཨོས་དེ་ལ། ཁྱོད་ནི་རང་གི་ཡུལ་དུ་འགྲོར་འདོད་པས། ངའི་རྩར་ཁྱོད་ལ་ཐབས་སྡུག་ཅི་ཞིག་བྱུང་ངམ། ཞེས་འདྲིས་པའི་ལན་དུ་དེ་ན་རེ། ཅིའང་མ་བྱུང་། འོན་ཀྱང་བདག་ལ་ཅི་ནས་ཀྱང་དགོངས་པ་གནོང་ཞིག ཅེས་ཞུས་སོ༎
༢༣ ཡང་དཀོན་མཆོག་གིས་ཨེལ་ཡ་དཱ་ཡི་བུ་རེ་ཟོན་བྱ་བ་དེ་ཡང་ཤ་ལོ་མོའི་དགྲར་བསླངས་པ་དང་། དེ་ནི་རང་གི་དཔོན་པོ་ཙོ་བཱ་ཡི་རྒྱལ་པོ་ཧ་དད་ཨེ་ཟེར་གྱི་དྲུང་ནས་བྲོས་སོང་བ་དེ་ཡིན། ༢༤ དེས་རང་གི་ཕྱིར་མི་བསྡུས་སོ། དཱ་བིད་ཀྱིས་ཙོ་བཱ་པ་རྣམས་འགུམ་པའི་དུས་སུ་དེ་ནི་རུ་དཔོན་ཞིག་ཏུ་གྱུར་ཟིན་ཏེ། ད་མཱ་སེག་ཏུ་སོང་ནས། དེར་གཞིས་ཕབ་སྟེ། ད་མཱ་སེག་ལ་སྲིད་བྱས་སོ། ༢༥ ཧ་དད་ཀྱིས་བསྐྱེལ་བའི་གནོད་པ་མ་ཟད་པར། དེས་ཀྱང་ཤ་ལོ་མོའི་མི་ཚེ་ལ་ཨིས་ར་ཨེལ་ལ་དགྲ་བྱས་ཤིང་། ཨིས་ར་ཨེལ་ལ་ཞེན་པ་ལོག་སྟེ། ཨ་རམ་གྱི་དཔོན་པོ་བྱས་སོ༎
༢༦ ཡང་ཙེ་རེ་དཱ་ཡི་ཨེབ་རད་པ། ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་་ཤ་ལོ་མོའི་ཞབས་ཕྱི་ཡིན་པ་དེས་ཀྱང་། རྒྱལ་པོ་ལ་རྒོལ་དུ་ལག་པ་བཏེགས་སོ། དེའི་མ་མོ་རང་མོའི་མིང་ནི་ཙེ་རུ་ཡཱ་བྱའོ། ༢༧ དེས་རྒྱལ་པོ་ལ་རྒོལ་དུ་ལག་པ་བཏེགས་པའི་རྒྱུ་མཚན་ནི། ཤ་ལོ་མོས་མིལ་ལཱོ་རྩིག་ཅིང་། རང་གི་ཕ་དཱ་བིད་ཀྱི་གྲོང་ཁྱེར་གྱི་ལྕགས་རི་ལ་ཞིག་གསོས་བྱས་པ་དང་། ༢༨ ཡེ་རོབ་ཨམ་ནི་སྟོབས་དང་ལྡན་པའི་གྱད་པ་ཡིན་པས་ན། ཤ་ལོ་མོས་གཞོན་ནུ་དེ་གཅང་པོར་མཐོང་ནས། ཡོ་སེབ་ཀྱི་སྡེའི་ལས་ཁག་ཀུན་གྱི་ཕྱག་མཛོད་དུ་བཅུག་གོ། ༢༩ དེའི་རྗེས་སུ་ཡེ་རོབ་ཨམ་་ཡེ་རུ་ཤ་ལེམ་གྱི་ཕྱི་རོལ་ཏུ་འགྲོ་བའི་ཚེ་ན། ཤི་ལོ་པ་ཨ་ཧི་ཡཱ་བྱ་བའི་ལུང་སྟོན་པས་དེ་ལམ་དུ་ཕྲད་དེ། བླ་གོས་གསར་པ་ཞིག་གྱོན་ཡོད་པ་ཡིན། དེ་གཉིས་གཅིག་པུར་ཞིང་ཁར་ཡོད་པ་ལས། ༣༠ ཨ་ཧི་ཡཱས་རང་གི་ཁར་ཡོད་པའི་བླ་གོས་གསར་པ་དེ་བཟུང་ནས་བཤགས་ཏེ། དུམ་བུ་བཅུ་གཉིས་སུ་ཕུད་དེ། ༣༡ ཡེ་རོབ་ཨམ་ལ། དུམ་བུ་བཅུ་ཁྱོད་ཀྱིས་ཐོགས་ཤིག ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ངས་ཤ་ལོ་མོའི་ལག་ནས་རྒྱལ་སྲིད་ཕྲོགས་ནས། སྡེ་བཅུ་ཁྱོད་ལ་སྦྱིན་པར་བྱའོ། ༣༢ འོན་ཀྱང་ངའི་བྲན་པོ་དཱ་བིད་དང་། ཨིས་ར་ཨེལ་གྱི་སྡེ་ཀུན་ལས་འདམས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་གྱི་ཆེད་དུ། སྡེ་གཅིག་ནི་ཁོས་བདོག་པར་བྱའོ། ༣༣ དེ་དག་གིས་ང་བསྐྱུར་ཏེ། ཚི་དོན་པའི་ལྷ་མོ་ཨས་ཐཱ་རོད་དང་། མོ་ཨབ་པའི་ལྷ་ཀེ་མོས་དང་། ཨམ་མོན་གྱི་བུ་རྣམས་ཀྱི་ལྷ་མིལ་ཀོམ་རྣམས་ལ་རིམ་གྲོ་བྱས་ཏེ། དེའི་ཕ་དཱ་བིད་དང་འདྲ་བར་ངའི་གཟིགས་ངོར་ལས་བཟང་པོ་ཡིན་པ་རྣམས་བྱེད་པ་དང་། ངའི་བཀའ་རྒྱ་དང་། བཀའ་ཁྲིམས་རྣམས་སྲུང་བའི་ཕྱིར། ངའི་གཤེགས་ལམ་གྱི་ཁར་མ་འགྲུལ་ཏོ། ༣༤ ད་དུང་ཡང་ངས་རྒྱལ་སྲིད་ཐམས་ཅད་དེའི་ལག་ནས་མི་བླང་གི། ངའི་བཀའ་ཁྲིམས་དང་བཀའ་རྒྱ་རྣམས་བསྲུངས་པའམ། ངས་འདམས་པའི་བྲན་པོ་དཱ་བིད་ཀྱི་ངོར། ངས་དེ་གསོན་རིང་བར་དུ། ཇོ་བོར་འཇོག་པར་བྱའོ། ༣༥ འོན་ཀྱང་དེའི་བུའི་ལག་ནས་རྒྱལ་སྲིད་བླངས་ཏེ། སྡེ་བཅུ་ཁྱོད་ལ་སྦྱིན་པར་བྱའོ། ༣༦ ཡང་ངའི་མིང་འཇོག་པ་དང་། འདམས་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ་དུ་ངའི་བྲན་པོ་དཱ་བིད་ཀྱི་སྒྲོན་མེ་དུས་གཏན་གྱི་བར་དུ་ངའི་དྲུང་དུ་སྣང་བའི་ཕྱིར་དུ། ངས་སྡེ་གཅིག་ཁོའི་བུ་ལ་སྦྱིན་པར་བྱའོ། ༣༧ ཡང་ངས་ཁྱོད་སླང་བ་དང་། ཁྱོད་ཀྱིས་རང་གི་སྙིང་གི་འདོད་པ་ཅི་ཡོད་པ་བཞིན་དུ་སྲིད་བྱེད་ཅིང་། ཨིས་ར་ཨེལ་གྱི་རྒྱལ་པོར་འགྱུར་བར་འགྱུར་རོ། ༣༨ གལ་ཏེ་ཁྱོད་ངས་སྒོ་བ་ལ་ཉན་ཅིང་། ངའི་བྲན་པོ་དཱ་བིད་ཀྱིས་བསྲུངས་པ་བཞིན་དུ། ཁྱོད་ཀྱིས་ངའི་སྤྱད་མཚམས་དང་། ངའི་བཀའ་རྒྱ་རྣམས་སྲུང་བའི་ཕྱིར་དུ། ངའི་གཤེགས་ལམ་གྱི་ཁར་འགྲུལ་ཞིང་། ངའི་དྲུང་དུ་ལས་བཟང་པོ་བྱེད་ན། ང་ཁྱོད་དང་འགྲོགས་ཤིང་། ངས་དཱ་བིད་ཀྱི་ཕྱིར་བརྩིགས་པ་དང་འདྲ་བའི་ཁྱིམ་ཞིག་ཁྱོད་ལ་ཡང་རྩིག་པར་བྱའོ། དེ་མ་ཟད། ཨིས་ར་ཨེལ་ཀྱང་ཁྱོད་ལ་གཏད་པར་བྱའོ། ༣༩ དེ་བས་ན་ངས་དཱ་བིད་ཀྱི་བརྒྱུད་ལ་སྡུག་བསྔལ་མྱོང་དུ་འཇུག་ཀྱང་། རྒྱུན་དུ་མི་འཇུག ཅེས་གསུངས་སོ། ༤༠ ཤ་ལོ་མོས་ནི་ཡེ་རོབ་ཨམ་གསོད་ཐབས་བྱས་ཀྱང་། ཡེ་རོབ་ཨམ་ལངས་ནས། མི་སེར་རྒྱལ་པོ་ཤི་ཤཱག་གི་དྲུང་དུ་བྲོས་ནས། ཤ་ལོ་མོ་ཚེ་མ་འདས་པའི་བར་དུ་མི་སེར་ན་བསྡད་དོ༎
༤༡ ཡང་ཤ་ལོ་མོས་བྱས་པའི་བྱ་བ་དང་། གཞན་བྱ་བ་ཐམས་ཅད་དང་། དེའི་ཤེས་རབ་ནི། ཤ་ལོ་མོའི་མཛད་རྒྱའི་མདོའི་ནང་ན་བྲིས་པ་མེད་དམ། ༤༢ ཤ་ལོ་མོས་ཡེ་རུ་ཤ་ལེམ་དུ་ཨིས་ར་ཨེལ་ཡོངས་ལ་སྲིད་བསྐྱངས་པའི་ལོ་གྲངས་ནི་ལོ་ངོ་བཞི་བཅུའོ། ༤༣ དེ་ནས་ཤ་ལོ་མོ་རང་གི་ཕ་མེས་རྣམས་དང་ལྷན་ཅིག་ཏུ་ཉལ་བ་དང་། དེའི་ཕ་དཱ་བིད་ཀྱི་གྲོང་ཁྱེར་ན་དུར་དུ་བཙུད་དོ། ཡང་དེའི་སྲས་རེ་ཧབ་ཨམ་གྱིས་དེའི་ཚབ་ཏུ་སྲིད་བྱས་སོ༎