༡༠
དེ་ནས་ཤེ་བཱ་ཡི་རྒྱལ་མོས་ཡ་ཧོ་ཝཱའི་མཚན་ལ་རག་ལས་པའི་ཤ་ལོ་མོའི་སྙན་གྲགས་ཐོས་ནས། ཚོད་ལེན་གྱི་གཏམ་གྱིས་ཉམས་སད་དུ་འོངས་ཏེ། ༢ འཁོར་ཤིན་ཏུ་ཆེན་པོ་དང་། སྤོད་རིགས་དང་། གསེར་ཤིན་ཏུ་མང་པོ་དང་། རྡོ་བ་རིན་པོ་ཆེའི་ཁལ་བཀལ་བའི་རྔ་མོང་རྣམས་དང་བཅས་སུ་ཡེ་རུ་ཤ་ལེམ་དུ་འོངས་ཏེ། ཤ་ལོ་མོའི་དྲུང་དུ་ཕྱིན་ནས། སྙིང་ན་ཡོད་པའི་ཚིག་ཐམས་ཅད་ཀྱི་ཕྱིར་ཁོང་མཉམ་ལབ་པ་ལས། ༣ ཤ་ལོ་མོས་དེའི་འདྲི་བ་ཀུན་གྱི་ལན་བཏབ་ནས། དེའི་དྲི་བ་གང་ལའང་རྒྱལ་པོས་ལན་མ་བཏབ་པར་གང་ཡང་སྦས་ཏེ་མ་བཞག ༤ དེ་ནས་ཤེ་བཱ་ཡི་རྒྱལ་མོས་ཤ་ལོ་མོའི་ཤེས་རབ་ཐམས་ཅད་དང་། དེས་བཞེངས་པའི་ཕོ་བྲང་དང་། ༥ དེའི་ཁ་ཟས་ཀྱི་ལོངས་སྤྱོད་དང་། ཞབས་ཕྱི་རྣམས་ཀྱི་སྡོད་ལུགས་དང་། དྲུང་འཁོར་རྣམས་ཀྱི་འགྲེང་ལུགས་དང་། དེ་དག་གི་གོས་དང་། ཁོང་གི་འདེགས་དཔོན་རྣམས་དང་། ཡ་ཧོ་ཝཱའི་མཆོད་ཁང་དུ་འབུལ་བའི་སྦྱིན་སྲེག་གི་མཆོད་པ་རྣམས་མཐོང་ནས། དྲན་པ་སྟོར་ཏེ། ༦ རྒྱལ་པོ་ལ། ངས་རང་གི་ཡུལ་དུ་ཐོས་པའི་ཁྱེད་ཀྱི་མཛད་རྒྱ་དང་། ཁྱེད་ཀྱི་ཤེས་རབ་ཀྱི་ལོ་ནི་བདེན་པ་རང་ལགས་མོད། ༧ བདག་རང་འོངས་ནས། རང་གི་མིག་གིས་མ་མཐོང་བའི་བར་དུ་གཏམ་དེ་དག་ལ་བདེན་པར་མ་འཛིན་པ་ཡིན། ཀྱེ་ཧོ། ངས་ནི་ཕྱེད་ཀ་ཡང་མ་ཐོས་པར་འདུག ཁྱེད་ཀྱི་ཤེས་རབ་དང་། ལོངས་སྤྱོད་ནི་ངས་ཐོས་པར་གྱུར་པའི་གྲགས་པ་ལས་ལྷག་པར་ཆེའོ། ༨ ཁྱེད་ཀྱི་ནང་མི་རྣམས་བདེའོ། རྒྱུན་དུ་ཁྱེད་དྲུང་འགྲེང་ཞིང་ཁྱེད་ཀྱི་ཤེས་རབ་ཐོས་པའི་དྲུང་འཁོར་རྣམས་བདེའོ། ༩ ཁྱེད་ལ་མཉེས་ཤིང་། ཁྱེད་ཨིས་ར་ཨེལ་གྱི་རྒྱལ་ཁྲིར་བཀོད་པའི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་ཡང་བཀྲ་ཤིས་ཤོག ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་རྟག་ཏུ་བྱམས་ཤིང་། ཁྱེད་ཀྱིས་གཤགས་དང་ཁྲིམས་དྲང་པོར་གཅོད་པའི་དོན་དུ། ཁོང་གིས་ཁྱེད་ནི་རྒྱལ་པོར་བཅུག་པ་ལགས། ཤེས་སྨྲས་སོ། ༡༠ ཡང་མོས་རྒྱལ་པོ་ལ་གསེར་གྱི་རྡོ་ཚད་ཆིག་བརྒྱ་ཉི་ཤུ་དང་། སྤོད་ཀྱི་ཕུང་པོ་དང་། རིན་པོ་ཆེ་མང་པོ་བྱིན་ཏོ། ཤེ་བཱའི་རྒྱལ་མོས་རྒྱལ་པོ་ཤ་ལོ་མོ་ལ་བྱིན་པའི་སྤོད་རིགས་རྒྱ་ཆེ་བ་ལྟ་བུ། ཕྱིས་སུ་ནམ་ཡང་གཞན་ལས་མ་བྱུང་ངོ་༎༡༡ ཡང་ཧི་རམ་གྱི་གྲུ་རྣམས་ཀྱིས་ཨོ་ཕིར་གྱི་གསེར་དང་། ཨོ་ཕིར་གྱི་ཙན་དན་ཤིང་མང་པོ་དང་། རྡོ་བ་རིན་པོ་ཆེ་བཀལ་ཏེ་སླེབས་བྱུང་བས། ༡༢ ཡ་ཧོ་ཝཱའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་གི་ཕྱིར་རྒྱལ་པོས་ནི་ཙན་དན་ལས་ཀ་བ་རྣམས་བཟོ་རུ་བཅུག་ནས། དབྱངས་ལེན་པ་རྣམས་ཀྱི་ཆེད་དུ་པི་ཝང་དང་སྒྲ་སྙན་ཡང་བཟོས་སོ། དེ་འདྲའི་ཙན་དན་ཤིང་མང་པོ་ནམ་དུ་ཡང་མ་བསླེབས་ཏེ། དེ་རིང་གི་བར་དུ་མཐོང་བར་ཡང་མ་གྱུར་ཏོ༎
༡༣ ཡང་རྒྱལ་པོ་ཤ་ལོ་མོས་ཤེ་བཱའི་རྒྱལ་མོའི་འདོད་པ་བཞིན་ཞུས་ཚད་བྱིན་པར་མ་ཟད། ཁོང་གིས་རྒྱལ་པོའི་ཚུལ་མཐུན་གྱི་གནང་སྦྱིན་ཡང་བྱིན་ཏོ། དེ་ནས་རྒྱལ་མོ་སོང་སྟེ། ཞབས་ཏོག་པ་རྣམས་དང་བཅས་རང་གི་ཡུལ་དུ་ལོག་གོ།
༡༤ ཤ་ལོ་མོ་ལ་ལོ་ལྟར་འབྱུང་བའི་གསེར་གྱི་བསྐར་ཀ་ནི་གསེར་གྱི་རྡོ་ཚད་དྲུག་བརྒྱ་དྲུག་ཅུ་རེ་དྲུག་གོ། ༡༥ དེས་མ་ཟད། འཁྱམ་པོ་དང་། ཁེ་ཚོང་བྱེད་མཁན་དང་། ཨ་རཱབ་ཀྱི་རྒྱལ་པོ་རྣམས་དང་། ཡུལ་གྱི་སྡེ་དཔོན་རྣམས་ཀྱི་ལག་ནས་ཁོང་ལ་ད་དུང་ཡང་གསེར་བརྙེད་དོ། ༡༦ དེའང་རྒྱལ་པོ་ཤ་ལོ་མོས་གསེར་ལྗང་རྡུང་གི་ཕུབ་ཆེན་ཉིས་བརྒྱ་བཟོས་པ་ལ། ཕུབ་རེ་རེ་ལ་གསེར་སྲང་དྲུག་བརྒྱ་རེ་སོང་ངོ་། ༡༧ ཡང་གསེར་ལྗང་གི་རྡུང་ཕུབ་ཆུང་གསུམ་བརྒྱ། ཕུབ་ཆུང་རེ་རེ་ལ་གསེར་རྡོ་ཚད་གསུམ་རེ་སོང་ངོ་། དེ་རྣམས་རྒྱལ་པོས་ལི་བ་ནོན་གྱི་ནགས་གསེབ་ཀྱི་ཁང་པར་བཞག་གོ། ༡༨ དེ་མ་བཏོགས་པར། རྒྱལ་པོས་བ་སོའི་ཁྲི་ཆེན་པོ་ཞིག་བཟོས་ནས། གསེར་བཟང་པོས་གཡོགས་སོ། ༡༩ རྒྱལ་ཁྲི་དེ་ལ་ཐེམ་སོ་དྲུག་དང་། རྒྱལ་ཁྲི་དེའི་རྒྱབ་རྟེན་གྱི་སྟོད་འཁྱོག་པོ་དང་། སྡོད་སའི་གཡས་གཡོན་གཉིས་ན་སྙེ་ས་དང་། སྙེ་སའི་གན་དུ་ཐེར་ལངས་པའི་སེང་གེ་གཉིས་ཡོད་པ་ཡིན། ༢༠ ཡང་ཐེམ་སོ་དྲུག་པོའི་གཡས་ན་སེང་གེ་དྲུག་དང་། གཡོན་ན་སེང་གེ་དྲུག་བཅས་སེང་གེ་བཅུ་གཉིས་ཡོད་པ་ཡིན། དེ་འདྲ་བ་ཞིག་རྒྱལ་ཁམས་གང་དུ་ཡང་མ་བཟོས་སོ། ༢༡ རྒྱལ་པོ་ཤ་ལོ་མོས་འཐུང་བྱའི་ཡོ་བྱད་ཐམས་ཅད་གསེར་ལས་ཡོད་པ་ཡིན། ལི་བ་ནོན་གྱི་ནགས་གསེབ་ཀྱི་ཁང་པའི་ཡོ་བྱད་ཐམས་ཅད་ཀྱང་གསེར་བཙོ་མ་ལས་ཡོད་ཅིང་། ཤ་ལོ་མོའི་དུས་སུ་དངུལ་ནི་ཅིའང་མ་བརྩིས་པས། དངུལ་ནས་གཅིག་ཀྱང་མེད་པ་ཡིན། ༢༢ དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་རང་ལ་ཧི་རམ་གྱི་གྲུ་དང་མཉམ་དུ་ཐར་ཤིས་ཀྱི་གྲུ་གཟིངས་ཀྱང་རྒྱ་མཚོ་ལ་ཡོད་པས། ལོ་གསུམ་བར་ལ་ཐར་ཤིས་ཀྱི་གྲུ་ཐེང་གཅིག་བསླེབས་ནས། གསེར་དང་། དངུལ་དང་། བ་སོ་དང་། སྤྲེའུ་དང་། རྨ་བྱ་རྣམས་བཀལ་ཏེ་འོངས་སོ༎
༢༣ དེ་ལྟར་ནོར་དབྱིགས་དང་། ཤེས་རབ་གཉིས་ཀྱི་ནང་ན་རྒྱལ་པོ་ཤ་ལོ་མོ་ནི་ས་གཞིའི་རྒྱལ་པོ་ཐམས་ཅད་ལས་དྲག་པར་གྱུར་ཏོ། ༢༤ ཡང་དཀོན་མཆོག་གིས་ཤ་ལོ་མོའི་སྙིང་དུ་བཅུག་པའི་རིག་པ་ལ་ཉན་པའི་ཕྱིར། ས་ཆེན་པོའི་མི་ཡོངས་ཀྱིས་བསྙེགས་སོ། ༢༥ དེ་དག་རེ་རང་གི་དངུལ་གྱི་ཡོ་བྱད་དང་། གསེར་གྱི་ཡོ་བྱད་དང་། གོས་དང་། གོ་ཁྲབ་དང་། སྤོད་རིགས་དང་། རྟ་དང་དྲེའུ་རྣམས་ལོ་ལྟར་ཕྱིར་བཀལ་བ་ནང་བཞིན་གྱི་ཕྱག་སྨན་འཁུར་ཏེ་འོངས་སོ༎
༢༦ ཡང་ཤ་ལོ་མོས་ཤིང་རྟ་དང་རྟ་པའི་དཔུང་བསགས་ཏེ། ཤིང་རྟ་ཆིག་སྟོང་བཞི་བརྒྱ་དང་། རྟ་པ་སྟོང་ཕྲག་བཅུ་གཉིས་ཡོད་པ་ལས། དེ་རྣམས་ཤིང་རྟའི་གྲོང་ཁྱེར་དང་། རྒྱལ་པོ་དང་མཉམ་དུ་ཡེ་རུ་ཤ་ལེམ་དུ་བཞག་གོ། ༢༧ ཡེ་རུ་ཤ་ལེམ་དུ་རྒྱལ་པོས་དངུལ་ནི་རྡོ་བ་ལྟར་མོད་པ་དང་། འགྱམ་ཤིང་ནི་ཡུལ་སྨད་དུ་སྐྱེ་བའི་འོ་སེ་ཤིང་ལྟར་མོད་པར་བྱས་སོ། ༢༨ ཡང་ཤ་ལོ་མོའི་ཕྱིར་མི་སེར་ཡུལ་ནས་རྟ་བཟང་པོ་བསྡུས་ཏེ། རྒྱལ་པོའི་ཚོང་པ་རྣམས་ཀྱིས་སྤུངས་པའི་རྟ་དེ་རྣམས་འཚོང་ཐག་བཅད་ཡོད་པའི་རིན་ལ་ཉོས་སོ། ༢༩ ཤིང་རྟ་རེ་ལ་དངུལ་སྲང་དྲུག་བརྒྱ་དང་། རྟ་རེ་ལ་དངུལ་སྲང་ཕྱེད་དང་ཉིས་བརྒྱའི་གོང་དུ་མི་སེར་ཡུལ་ནས་ཐོན་ཏེ་ཡར་ཁྲིད་དོ། དེ་བཞིན་དུ་ཧེད་པའི་རྒྱལ་པོ་རྣམས་དང་། ཨ་རམ་པའི་རྒྱལ་པོ་རྣམས་ཀྱི་ཆེད་དུ་ཡང་དེ་དག་རང་གི་ལག་པས་འཁྲིད་དེ་འོངས་སོ༎