༩
དེ་ནས་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་དང་། རྒྱལ་པོའི་ཁབ་དང་། ཤ་ལོ་མོས་སྒྲུབ་ཏུ་འདོད་པ་ཐམས་ཅད་སྒྲུབ་པའི་ཚེ། ༢ ཤ་ལོ་མོས་གི་བེ་ཨོན་དུ་ཡ་ཧོ་ཝཱ་མཇལ་བར་གྱུར་བ་ལྟར། སྐབས་གཉིས་པར་ཁོང་གི་མཇལ་ཁ་ཐོབ་པར་གྱུར་ཏེ། ༣ ཡ་ཧོ་ཝཱས་དེ་ལ་གསུངས་པ། ཁྱེད་ཀྱིས་ངའི་དྲུང་དུ་ཞུས་པའི་སྨོན་ལམ་དང་སློང་བ་རྣམས་ངས་གསན་ཏོ། ངའི་མཚན་རྟག་ཏུ་འདིར་གནས་པའི་ཕྱིར། ཁྱེད་ཀྱིས་བརྩིགས་པའི་ཕོ་བྲང་འདི་ངས་དམ་པར་བྱས་པས། ངའི་སྤྱན་དང་ངའི་ཐུགས་གཉིས་རྟག་ཏུ་དེར་མཆིས་པར་འགྱུར། ༤ ཁྱོད་ཀྱིས་ཕ་དཱ་བིད་ཀྱིས་སྙིང་དྲང་ཞིང་། དྲང་བ་ཉིད་ཀྱི་ངང་ནས་སྤྱད་པ་ལྟར། ཁྱོད་ཀྱིས་ཀྱང་བྱེད་ཅིང་། ངས་ཁྱོད་ལ་བསྒོ་བ་ཐམས་ཅད་དང་མཐུན་པར་སྤྱོད་དེ། ངའི་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་སྲུང་ན། ༥ ངས་ཁྱོད་ཀྱི་ཕ་དཱ་བིད་ལ་ཞལ་ཆད་བྱས་ཤིང་། ཁྱོད་ཀྱི་ནང་ནས་ཨིས་ར་ཨེལ་གྱི་རྒྱལ་ཁྲིར་སྡོད་པའི་མིའི་རྒྱུན་ཆད་པར་མི་འགྱུར་རོ། ཞེས་སྨྲས་པ་བཞིན་དུ། ངས་ཁྱོད་ཀྱི་རྒྱལ་ཁམས་ཀྱི་རྒྱལ་ཁྲི་ནི་ཨིས་ར་ཨེལ་གྱི་ཐོག་ཏུ་རྒྱུན་དུ་བརྟན་པོར་བྱེད་པར་བྱ། ༦ སླར་གལ་ཏེ་ཁྱོད་རང་ངམ། ཁྱོད་ཀྱི་བུ་རྣམས་ངའི་རྗེས་སུ་འབྲང་བ་ལས་འབྱོལ་ཞིང་། ངས་ཁྱོད་ཅག་གི་མདུན་དུ་བཞག་པའི་བཀའ་རྒྱ་དང་སྤྱད་མཚམས་རྣམས་མ་སྲུང་བར། ལྷ་གཞན་རྣམས་ཀྱི་དྲུང་དུ་སོང་སྟེ། དེ་དག་ལ་རྟེན་ཏེ། བསྙེན་བཀུར་བྱེད་ཅིང་ཕྱག་འཚལ་ན། ༧ ངས་ཨིས་ར་ཨེལ་ནི་བཏད་པའི་ཡུལ་འདིའི་ནང་ནས་མེད་པར་བྱ་བ་དང་། བདག་ཉིད་ཀྱི་མཚན་གྱི་ཕྱིར་དམ་པར་བྱས་པའི་ཕོ་བྲང་འདི་ཡང་བདག་ཉིད་ཀྱི་སྤྱན་ལམ་ནས་འདོར་བར་བྱ་བ་དང་། ཨིས་ར་ཨེལ་ནི་མི་བརྒྱུད་ཐམས་ཅད་ཀྱི་ནང་དུ་དཔེ་འབོར་དང་ཁ་ཚིག་ཏུ་འགྱུར་བར་འགྱུར། ༨ ཡང་ཕོ་བྲང་མཐོན་པོ་འདིའི་མདུན་ནས་ཆས་པ་ཐམས་ཅད་ཧ་ལས་ཤིང་། ཐུ་ཐུ་སྨྲ་ཞིང་། ཡ་ཧོ་ཝཱས་ཡུལ་འདི་དང་ཕོ་བྲང་འདི་ལ་ཅིའི་སླད་དུ་འདི་ལྟར་མཛད། ཅེས་སྨྲ་བས། ༩ དེ་དག་གིས་ལན་དུ། ཁོ་རྣམས་ཀྱིས་རང་གི་དཀོན་མཆོག་ཡ་ཧོ་ཝཱ་དེ་སྤངས་སོ། དེས་ནི་ཁོ་རྣམས་ཀྱི་ཕ་མེས་རྣམས་མི་སེར་ཡུལ་གྱི་ནང་ནས་བཏོན་པར་མཛད་ཀྱང་། ཁོ་རྣམས་ཀྱིས་ལྷ་གཞན་དག་ལ་བརྟེན་ནས། དེ་དག་ལ་ཕྱག་བཙལ་ཏེ། དེ་དག་བཀུར་བའི་རྐྱེན་གྱིས། ཡ་ཧོ་ཝཱས་ཁོ་རྣམས་ཀྱི་ཐོག་ཏུ་བར་ཆད་འདི་ཐམས་ཅད་ཕབ་པ་ལགས། ཅེས་སྙད་པར་འགྱུར་རོ༎༡༠ དེ་ནས་ལོ་ཉི་ཤུའི་འོག་ཏུ་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་དང་། རྒྱལ་པོའི་ཕོ་བྲང་གཉིས་ཀྱི་མཁར་ལས་གྲུབ་པའི་མཐར། ༡༡ རྒྱལ་པོ་ཤ་ལོ་མོས་ཧི་རམ་ལ་ག་ལིལ་ཡུལ་ནས་གྲོང་ཁྱེར་ཉི་ཤུ་ཐམ་པ་བྱིན་ཏོ། དེ་ཅིའི་ཕྱིར་ཞེ་ན། ཚོར་གྱི་རྒྱལ་པོ་ཧི་རམ་གྱིས་ཤ་ལོ་མོའི་འདོད་པ་ནང་བཞིན་གྱི་འགྱམ་ཤིང་དང་། ཐང་ཤིང་དང་། གསེར་རྣམས་སྦྱར་རོ། ༡༢ དེ་ནས་ཧི་རམ་ནི་ཤ་ལོ་མོས་བཏང་བའི་གྲོང་ཁྱེར་རྣམས་ལ་ལྟ་བའི་ཕྱིར་དུ་ཚོར་ནས་ཐོན་པ་ལས། དེའི་མིག་ཏུ་རན་པར་མ་གྱུར་ཏོ། ༡༣ ཁོང་ལ། ངའི་མཆེད་གྲོགས། ཁྱེད་ཀྱིས་བདག་ལ་བྱིན་པའི་གྲོང་ཁྱེར་འདི་རྣམས་ཅི་ཡིན། ཅེས་འདྲིས་སོ། དེས་དེ་དག་གི་མིང་དུ་ཀ་བུལ་གྱི་ཡུལ་ཞེས་མིང་བཏགས་པ་ནི། དེ་རིང་གི་བར་དུ་ལུས་སོ། ༡༤ དེ་ནས་ཧི་རམ་གྱིས་རྒྱལ་པོ་ལ་གསེར་གྱི་རྡོ་ཚད་ཆིག་བརྒྱ་ཉི་ཤུ་བརྫངས་སོ༎
༡༥ རྒྱལ་པོ་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་དང་། རང་གི་ཁབ་དང་། མིལ་ལཱོ་དང་། ཡེ་རུ་ཤ་ལེམ་གྱི་ལྕགས་རི་དང་། ཧ་ཙོར་དང་། མེ་གིད་དོ་དང་། གེ་ཟེར་རྣམས་རྩིག་པའི་ཁྲལ་བཀལ་བའི་རྒྱུ་མཚན་ནི། ༡༦ མི་སེར་ཡུལ་གྱི་རྒྱལ་པོ་ཕར་ཨོས་དམག་བཏེག་སྟེ། གེ་ཟེར་བླངས་ནས། མེས་བསྲེགས། གྲོང་ཁྱེར་དེར་གནས་པའི་ཀ་ན་ཨན་པ་རྣམས་བསད་དེ། ཤ་ལོ་མོའི་བཙུན་མོར་ཡོད་པའི་རང་གི་སྲས་མོ་ལ་གྲོང་ཁྱེར་དེ་གསོལ་རས་སུ་བཏང་ངོ་། ༡༧ ཤ་ལོ་མོས་གེ་ཟེར་དང་། བེད་ཧོ་རོན་འོག་མ་དང་། ༡༨ བ་ཨ་ལད་དང་། ཡུལ་དེའི་འབྲོག་སྟོང་གི་ཐད་མོར་བྱ་བ་དང་། ༡༩ ཤ་ལོ་མོས་མངའ་བའི་བང་མཛོད་ཀྱི་གྲོང་ཁྱེར་ཐམས་ཅད་དང་། ཤིང་རྟའི་གྲོང་ཁྱེར་དང་། རྟ་སྐྱ་པའི་གྲོང་ཁྱེར་རྣམས་བརྩིགས་ཏེ། ཡེ་རུ་ཤ་ལེམ་དང་། ལི་བ་ནོན་དང་། རང་གི་ཆབ་འོག་གི་ཡུལ་ཀུན་ཏུ་ཤ་ལོ་མོས་ཅི་དམིགས་པ་ཐམས་ཅད་བརྩིགས་སོ། ༢༠ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ལས་མ་ཡིན་པའི་ཨ་མོར་པ་དང་། ཧེད་པ་དང་། ཕེ་རི་ཟི་པ་དང་། ཧི་ཝི་པ་དང་། ཡེ་བུས་པ་རྣམས་ལས་ལུས་པ། ༢༡ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཁྱོན་ནས་བཅོམ་མ་ནུས་པའི་བུ་བརྒྱུད་ལུས་པ་རྣམས་ལ། ཤ་ལོ་མོས་འབངས་ཀྱི་ཁྲལ་བཀལ་པ་དང་། དེ་རིང་གི་བར་དུ་ཡང་ལེན་ནོ། ༢༢ འོན་ཀྱང་ཤ་ལོ་མོས་ཨིས་ར་ཨེལ་གྱི་བུ་རྣམས་ལས་གང་ཡང་བྲན་པོར་མ་བཅུག་པར། དེ་རྣམས་ནི་དམག་མི་དང་། ཞབས་ཕྱི་དང་། མི་དཔོན་དང་། དམག་དཔོན་དང་། ཁོང་གི་ཤིང་རྟ་དང་རྟ་པ་རྣམས་ཀྱི་དཔོན་པོར་བཅུག་གོ།
༢༣ ཤ་ལོ་མོའི་ལས་ཐོག་ཏུ་ཡོད་པའི་མགོ་བྱེད་རྣམས་ཀྱི་དཔོན་པོའི་སྡོམ་ལྔ་བརྒྱ་ལྔ་བཅུ་སྟེ། དེ་དག་གིས་ལས་བྱེད་པའི་མི་རྣམས་ལ་བལྟས་སོ༎
༢༤ ཡང་ཕར་ཨོའི་སྲས་མོ་ནི་དཱ་བིད་ཀྱི་གྲོང་ཁྱེར་ནས། ཤ་ལོ་མོས་དེའི་དོན་དུ་བརྩིགས་པའི་ཁྱིམ་དུ་འོངས་ནས། ཤ་ལོ་མོས་མིལ་ལཱོ་བརྩིགས་སོ༎
༢༥ ཡང་ཤ་ལོ་མོས་ཡ་ཧོ་ཝཱའི་དོན་དུ་བརྩིགས་པའི་མཆོད་ཁྲིའི་ཁར་ལོ་ལྟར་ལན་གསུམ་དུ་སྦྱིན་སྲེག་གི་མཆོད་པ་དང་། བདེ་བའི་མཆོད་པ་ཡང་ཕུལ་ཏེ། ཡ་ཧོ་ཝཱའི་དྲུང་དུ་བདུག་སྤོས་ཀྱང་བདུགས་ཤིང་། ཕོ་བྲང་དེ་ཆོམས་པོར་བྱས་སོ༎
༢༦ དེར་རྒྱལ་པོ་ཤ་ལོ་མོས་ཨེ་དོམ་ཡུལ་གྱི་རྒྱ་མཚོ་དམར་པོའི་འགྲམ་ན། ཨེ་ལོད་དང་ཐག་ཉེ་བའི་ཨེ་ཙོན་གེ་བེར་དུ། གྲུ་གཟིངས་རྣམས་བཟོས་ཏེ། ༢༧ ཧི་རམ་གྱིས་ཤ་ལོ་མོའི་གཡོག་པོ་དང་བཅས་སུ་རང་གི་གཡོག་པོ་རྒྱ་མཚོའི་ཆ་ཡོད་པའི་གྲུ་པ་རྣམས་བཏང་སྟེ། ༢༨ དེ་དག་ཨོ་ཕིར་བྱ་བ་རུ་ཕྱིན་ཏེ། ཡུལ་དེ་ནས་གསེར་གྱི་རྡོ་ཚད་བཞི་བརྒྱ་ཉི་ཤུ་བཀུར་ནས། རྒྱལ་པོ་ཤ་ལོ་མོའི་དྲུང་དུ་འོངས་སོ༎