དེ་ནས་ཤ་ལོ་མོས་དཱ་བིད་ཀྱི་གྲོང་ཁྱེར་རམ། ཙི་ཨོན་བྱ་བ་ནས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་ཡར་འདྲེན་པའི་དོན་དུ། ཨིས་ར་ཨེལ་གྱི་རྒན་པོ་རྣམས་དང་། སྡེ་དཔོན་རྣམས་དང་། ཨིས་ར་ཨེལ་གྱི་བུ་བརྒྱུད་ཁུངས་བཙུན་པའི་ཇོ་བོ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་རྒྱལ་པོ་ཤ་ལོ་མོའི་དྲུང་དུ་བསྡུས་སོ།  ཡང་ཨེ་ཐ་ནིམ་བྱ་བའི་ཟླ་བ་བདུན་པའི་དུས་ཆེན་གྱི་དུས་སུ། ཨིས་ར་ཨེལ་པ་ཐམས་ཅད་རྒྱལ་པོ་ཤ་ལོ་མོའི་དྲུང་དུ་འཛོམ་ནས།  ཨིས་ར་ཨེལ་གྱི་རྒན་པོ་ཐམས་ཅད་འོངས་པ་དང་། བླ་མ་རྣམས་ཀྱིས་སྒྲོམ་བཀུར་ཏོ།  ཡང་དེ་དག་གིས་ཡ་ཧོ་ཝཱའི་སྒྲོམ་དང་། འདུན་མའི་གུར་མཆོག་དང་། གུར་མཆོག་གི་ནང་དུ་ཡོད་པའི་མཆོད་རྫས་དམ་པ་རྣམས་ཡར་དྲངས་ཏེ། དེ་ཐམས་ཅད་བླ་མ་དང་ལེ་ཝི་པ་རྣམས་ཀྱིས་ཡར་ཁྱེར་ཏོ།  ཡང་རྒྱལ་པོ་ཤ་ལོ་མོ་དང་། ཁོང་གི་དྲུང་དུ་ལྷགས་པའི་ཨིས་ར་ཨེལ་གྱི་ཆོས་ཚོགས་ཐམས་ཅད་དང་བཅས་པ་སྒྲོམ་གྱི་མདུན་དུ་འགྲེང་བ་ལས། ལུག་དང་གླང་མང་དྲགས་སྟབས་ཀྱིས་འགྲང་བ་དང་རྩིས་སུ་མི་འཐེབས་པའི་མཆོད་པ་ཕུལ་ཏོ།  ཡང་བླ་མ་རྣམས་ཀྱིས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་སྦུགས་མའི་ཁང་མིག་གམ། དམ་པའི་དམ་པ་ཡི་གནས་ཀྱི་ཀེ་རུབ་གཉིས་ཀྱི་འདབ་ཤོག་གི་ལྐོག་ཏུ་རང་གི་མལ་དུ་བཞག་གོ།  དེ་ཅིའི་ཕྱིར་ཞེ་ན། ཀེ་རུབ་གཉིས་ཀྱིས་རང་གི་ཤོག་པ་སྒྲོམ་གྱི་གོང་ནས་བརྐྱང་ཞིང་། ཀེ་རུབ་གཉིས་ཀྱིས་སྒྲོམ་དང་དེའི་མདའ་རྣམས་གཡོགས་སོ།  དེའི་མདའ་རྣམས་རིང་བ་ཡིན་ཏེ། མདའི་མགོ་རྣམས་སྦུགས་མའི་ཁང་མིག་གི་འདུན་ས་དམ་པ་ནས་མཐོང་བར་ནུས་ཀྱང་། ཕྱི་ནས་མི་མཐོང་ངོ་། ཡང་དེ་རྣམས་དེ་རིང་གི་བར་དུ་དེར་ཡོད་དོ།  ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་ནས་ཐོན་སྐབས་སུ། ཡ་ཧོ་ཝཱས་ཧོ་རེབ་ཏུ་ཞལ་ཆད་མཛད་པའི་དུས་སུ། མོ་ཤེས་སྒྲོམ་དེ་ལ་བཅུག་པའི་རྡོ་ལེབ་དེ་གཉིས་མ་གཏོགས་པར། གཞན་ཅིའང་སྒྲོམ་གྱི་ནང་ན་མེད་དོ། ༡༠ བླ་མ་རྣམས་གནས་དམ་པ་ནས་འཐོན་པ་ལས། ཡ་ཧོ་ཝཱའི་ཕོ་བྲང་སྤྲིན་གྱིས་འཁྱིམས་ཤིང་། ༡༡ ཡ་ཧོ་ཝཱའི་གཟི་བརྗིད་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་དེ་ཁྱབ་པས། བླ་མ་རྣམས་ཞབས་ཏོག་ཞུ་བའི་ཕྱིར་འགྲེང་དུ་མ་སྤོབས་སོ༎
༡༢ དེ་ནས་ཤ་ལོ་མོས་སྨྲས་པ། ཡ་ཧོ་ཝཱས། ང་ནི་སྤྲིན་འཐུག་པའི་ནང་དུ་གནས་པར་དགའོ་ཞེས་གསུངས་པས། ༡༣ ངས་ཁྱེད་མཆིས་པའི་དོན་དུ་ཕོ་བྲང་ཞིག་དང་། ཁྱེད་རྟག་ཏུ་མཆིས་པའི་ཕྱིར་བཞུགས་གནས་ཡང་དག་བཞེངས།
༡༤ ཡང་རྒྱལ་པོས་ཞལ་བསྒྱུར་ནས། ཨིས་ར་ཨེལ་གྱི་ཆོས་ཚོགས་ཐམས་ཅད་ལ་བྱིན་གྱིས་བརླབས་ཏེ། ཨིས་ར་ཨེལ་གྱི་ཆོས་ཚོགས་ཀུན་ཡར་ལངས་སོ། ༡༥ དེ་ན་རེ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་བཀྲ་ཤིས་ཤོག ཁོང་གི་ཞལ་ནས་ངའི་ཕ་དཱ་བིད་ལ་གསུང་གླེང་མཛད། ཁོང་ཉིད་ཕྱག་གིས་དེ་ནི་བསྒྲུབ་པར་མཛད། དེ་ལ་འདི་སྐད་དུ། ༡༦ ངས་ཉིད་ཀྱི་མི་ཚོགས་ཨིས་ར་ཨེལ་དེ་མི་སེར་ཡུལ་ནས་བཏོན་པའི་ཉིན་མོ་ནས་ཕྱིན་དུ། ངའི་མཚན་དང་ལྡན་པའི་ཕོ་བྲང་བཞེང་བའི་དོན་དུ། ཨིས་ར་ཨེལ་གྱི་སྡེ་རྣམས་ཀྱི་ནང་ནས། ངས་སྡེ་གང་ཡང་མ་འདམས་ཀྱང་། ངའི་མི་ཚོགས་ཨིས་ར་ཨེལ་ལ་སྲིད་བྱེད་དུ་དཱ་བིད་ནི་འདམས་པ་ཡིན། ཞེས་གསུངས་སོ། ༡༧ ཡང་ངའི་ཡབ་དཱ་བིད་ཀྱིས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་གྱི་དོན་དུ་ཕོ་བྲང་ཞིག་བཞེང་བར་དགོངས་པས། ༡༨ ཡ་ཧོ་ཝཱས་ངའི་ཡབ་དཱ་བིད་ལ། ངའི་མཚན་དང་ལྡན་པའི་ཕོ་བྲང་ཞིག་བཞེང་བའི་འདུན་པ་ཁྱོད་ཀྱི་སྙིང་ན་ཡོད་པ་དེ་ལེགས་སོ། ༡༩ འོན་ཀྱང་ཁྱོད་རང་གིས་ཕོ་བྲང་དེ་མི་རྩིག ཁྱོད་ཀྱི་དཔྱི་ལས་འབྱུང་བའི་བུ་དེས་ངའི་མཚན་གྱི་ཕོ་བྲང་དེ་རྩིག་པར་འགྱུར་རོ། ཞེས་བཀའ་སྩལ་ཏོ། ༢༠ དེའང་ཡ་ཧོ་ཝཱས་གསུངས་པའི་གསུང་དེ་གྲུབ་པར་མཛད་དེ། བདག་ནི་རང་གི་ཡབ་དཱ་བིད་ཀྱི་ཚབ་ཏུ་ལྡངས་ཏེ། ཡ་ཧོ་ཝཱས་ཞལ་གྱིས་བཞེས་པའི་བཞིན་དུ་བདག་ཨིས་ར་ཨེལ་གྱི་རྒྱལ་ཁྲིའི་ཐོག་ཏུ་བསྡད་ནས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་དང་ལྡན་པའི་ཕོ་བྲང་འདི་བརྩིགས་པ་ཡིན། ༢༡ ངེད་ཀྱི་ཕ་མེས་རྣམས་མི་སེར་ཡུལ་ནས་བྱུང་སྐབས་སུ། ཡ་ཧོ་ཝཱས་གནང་བའི་ཞལ་ཆད་ཀྱི་སྒྲོམ་དེའི་ཕྱིར་དུ། ངས་གདན་ས་ཞིག་བཞེངས་པ་ཡིན།
༢༢ དེ་ནས་ཤ་ལོ་མོ་ནི་ཨིས་ར་ཨེལ་ཐམས་ཅད་ཀྱི་ཆོས་ཚོགས་ཀྱི་དངོས་སུ་ཡ་ཧོ་ཝཱའི་མཆོད་ཁྲིའི་མདུན་དུ་ལངས་ནས། ཕྱག་ནམ་མཁའི་ཕྱོགས་སུ་བཏེགས་ནས། འདི་སྐད་དུ། ༢༣ ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ལྟ་བུའི་དཀོན་མཆོག་ཅིག་སྟེང་གི་ནམ་མཁའ་ན་ཡང་མེད། འོག་གི་ས་ལ་ཡང་མེད། ཁྱེད་ཀྱི་སྤྱན་སྔར་སྙིང་ཀུན་བཏང་ནས་སྤྱོད་པའི་བྲན་པོ་རྣམས་ལ་ཁྱེད་ཀྱིས་ཞལ་ཆད་དྲན་ཞིང་ཐུགས་བརྩེར་གཟིགས། ༢༤ ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་དཱ་བིད་བདག་གི་ཕ་ལ་ཞལ་ཆད་མཛད་པར་དྲན་ཏེ། ཁྱེད་ཀྱི་ཞལ་ནས་གསུངས་པ་དེ་བཞིན་དེ་རིང་གི་ཉིན་མོར་ཡོད་པ་དང་འདྲ་བར་ཁྱེད་ཀྱི་ཕྱག་གིས་སྒྲུབ་པར་མཛད། ༢༥ དེ་བས་ན་ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་ཕ་དཱ་བིད་ལ། ཁྱོད་ངའི་སྤྱན་སྔར་སྤྱད་པ་བཞིན་དུ། ཇི་སྟེ་ཁྱོད་ཀྱི་བུ་བརྒྱུད་ཀྱིས་ཀྱང་རང་གི་ལམ་ལ་མ་གཡེངས་པར་ལྟ་ན། ཁྱོད་ཀྱི་ཚབ་ཏུ་ཨིས་ར་ཨེལ་གྱི་ཁྲིར་སྡོད་པའི་བུ་བརྒྱུད་དེ་ངའི་སྤྱན་སྔར་ནས་འདོར་བར་མི་བྱའོ། ཞེས་གསུངས་པ་དེ་ཐུགས་སུ་འདོགས་སུ་གསོལ། ༢༦ ད་ཀྱེ་ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་བདག་གི་ཕ་དཱ་བིད་ལ་གསུངས་པའི་གསུང་ལ་ཆ་འཇོག་པར་མཛོད།
༢༧ འོན་ཀྱང་དཀོན་མཆོག་ནི་ས་གཞིར་ངེས་པར་བཞུགས་པར་བྱའམ། ཀྱེ་ཧོ། ནམ་མཁའ་དང་། ནམ་མཁའ་རྣམས་ཀྱི་ནམ་མཁའ་ལ་ཁྱེད་མི་ཤོང་བས་ན། བདག་གིས་བརྩིགས་པའི་ཁང་པ་འདི་ལ་བཞུགས་པར་ག་ལ་སྲིད། ༢༨ ཀྱེ་ཡ་ཧོ་ཝཱ། བདག་གི་དཀོན་མཆོག ཉིད་ཀྱི་བྲན་པོའི་སྨོན་ལམ་དང་ཞུ་བ་འབུལ་བ་ལ། སྙན་ཐོད་ཅིག་དང་། དེ་རིང་གི་ཉིན་མོར་ཁྱེད་ཀྱི་བྲན་པོས་ཁྱེད་ཀྱི་སྤྱན་ལམ་དུ་འབུལ་བའི་འོ་དོད་དང་གསོལ་བ་འདེབས་པ་ལ་གསན་དུ་གསོལ། ༢༩ ཁྱེད་ཀྱིས་གནས་འདི་ལ། ངའི་མཚན་འདིར་གནས་པར་འགྱུར། ཞེས་གསུངས་པས། ཉིན་མཚན་མེད་པར་ཁྱེད་ཀྱི་སྤྱན་ཕོ་བྲང་འདིའི་ཕྱོགས་སུ་ཕྱེས་ལ་ཞོག་ཅིག་དང་། ཁྱེད་ཀྱི་བྲན་པོས་གནས་འདི་རུ་བཏབ་པའི་གསོལ་བ་དེ་གསན་པར་མཛོད། ༣༠ ཡང་ཁྱེད་ཀྱི་བྲན་པོ་དང་ཁྱེད་ཀྱི་འབངས་ཨིས་ར་ཨེལ་གྱིས་གནས་འདིར་སྨོན་ལམ་འདེབས་པའི་ཚེ། དེ་དག་གི་སློང་བ་ལ་སྙན་ཐོད་ཅིག་དང་། ཉིད་ཀྱི་བཞུགས་གནས་ནམ་མཁའ་ནས་གསན་ཏེ། གསན་པར་ཙམ་གྱིས་སྡིག་པ་སེལ་བར་མཛོད།
༣༡ གལ་ཏེ་མི་ཞིག་གིས་རང་གི་ཁྱིམ་མཚེས་པ་ལ་ངན་བྱས་ནས། དེས་མནའ་འཁུར་བའི་ཕྱིར་མནའ་བཀལ་ཏེ། ཕོ་བྲང་འདིར་ཁྱེད་ཀྱི་མཆོད་ཁྲིའི་མདུན་དུ་མནའ་སླེབས་ན། ༣༢ ཁྱེད་ཀྱིས་ནམ་མཁའ་ནས་གསན་ཞིང་། ཁྱེད་ཀྱི་བྲན་པོ་རྣམས་ཀྱི་གཤགས་མཛོད་ལ། མི་ངན་པ་ནི་ངན་པར་རྩི་ཞིང་དེའི་མགོ་ལ་དེ་རང་གི་ལམ་ངན་ཕོབ་ལ། ཆོས་དྲང་པོ་ནི་དྲག་པོར་རྩི་ཞིང་དེའི་དྲང་བ་ཉིད་བཞིན་དུ་གནོང་ཞིག
༣༣ ཁྱེད་ཀྱི་འབངས་ཨིས་ར་ཨེལ་གྱིས་ཁྱེད་ཀྱི་སྤྱན་སྔར་སྡིག་པ་བྱས་པའི་རྐྱེན་གྱིས་ཕ་རོལ་པོའི་མདུན་དུ་འཕམ་པར་འགྱུར་བའི་ཚེ། དེ་དག་ཁྱེད་ཀྱི་ཕྱོགས་སུ་ལོག་ཅིང་ཁྱེད་ཀྱི་མཚན་བརྗོད་དེ། ཕོ་བྲང་འདིའི་ནང་དུ་སློང་བ་དང་སྨོན་ལམ་འདེབས་ན། ༣༤ ཁྱེད་ཀྱིས་ནམ་མཁའ་ནས་གསན་ཞིང་། ཁྱེད་ཀྱི་འབངས་ཨིས་ར་ཨེལ་གྱི་སྡིག་པ་ལ་འགྱོད་མི་རྨོ་བར། དེ་དག་གི་ཕ་མེས་རྣམས་ལ་གནང་བའི་ཡུལ་འདིར་སླར་འཁྲིད་པར་མཛོད།
༣༥ ཡང་དེ་དག་གིས་ཁྱེད་ཀྱི་དྲུང་དུ་སྡིག་པ་བྱས་པའི་རྐྱེན་གྱིས་གནམ་འགགས་ནས་ཆར་པ་མི་འབབ་པའི་དུས་སུ། ཁྱེད་ཀྱིས་དེ་དག་ལ་སྡུག་བསྔལ་གནང་བའི་ཕྱིར་གནས་འདིར་སྨོན་ལམ་འདེབས་ཤིང་། ཁྱེད་ཀྱི་མཚན་ལ་མོས་ཤིང་། རང་གི་སྡིག་པའི་ལམ་ལས་སེམས་སྒྱུར་ན། ༣༦ ཁྱེད་ཀྱིས་ནམ་མཁའ་ནས་གསན་ཏེ། འགྲུལ་དུ་རིགས་པའི་ལམ་བཟང་པོ་དེ་ནི་དེ་དག་ལ་སྟོན་ཞིང་། ཁྱེད་ཀྱི་མི་བརྒྱུད་ཨིས་ར་ཨེལ་གྱི་སྡིག་པ་ལ་འགྱོད་མ་རྨོ་ཞིག ཡང་ཉིད་ཀྱི་མི་བརྒྱུད་ཀྱི་ནོར་སྐལ་དུ་གནང་བའི་སར་ཆར་ཆུ་འབབ་པར་གནོང་ཞིག
༣༧ ཇི་སྟེ་ཡུལ་དུ་མུ་གེའམ། རིམས་ནད་དམ། འབྲུ་སྐེམ་པའི་རླུང་ངམ། ལྷགས་པའམ། སྙེ་དཀར་རམ། ཆ་ག་འབུའམ། མིད་པའི་འབུ་འབྱུང་སྟེ། ཕ་རོལ་པས་ཡུལ་གྱི་གྲོང་ཁྱེར་བསྐོར་ཞིང་། བར་ཆད་དམ། ནད་འབྱུང་བའི་ཚེ། ༣༨ མི་གང་རུང་ངམ། ཁྱེད་ཀྱི་མི་བརྒྱུད་ཨིས་ར་ཨེལ་ཐམས་ཅད་ཀྱིས་རེ་རང་གི་སྙིང་ནད་རྟོགས་ནས། སྨོན་ལམ་དང་འོ་དོད་འདོན་ཞིང་། ཕོ་བྲང་འདི་ན་རང་གི་ལག་པ་འདེགས་ན། ༣༩ ཁྱེད་ཉིད་ཀྱི་བཞུགས་གནས་ནམ་མཁའ་ལས་གསན་ཞིང་། སྡིག་པ་སེལ་བར་མཛོད། ཁྱེད་ཀྱིས་མི་རེའི་སྙིང་ནི་མཁྱེན་པས། དེའི་སྤྱོད་པའི་ལམ་བཞིན་དུ་གནོང་ཞིག དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཉིད་གཅིག་འབའ་ཞིག་གིས་མིའི་བུ་རྣམས་ཀྱི་སྙིང་མཁྱེན་པའི་ཕྱིར་རོ། ༤༠ དེ་བཞིན་དུ་ཁྱེད་ཀྱིས་བདག་ཅག་གི་ཕ་མེས་ལ་གནང་བའི་ཡུལ་གྱི་ནང་ན་ནམ་འཚོའི་བར་དུ་ཁྱེད་ལ་འཇིགས་བཞིན་གནས་པར་ཤོག
༤༡ དེས་མ་ཟད། ཁྱེད་ཀྱི་མི་བརྒྱུད་ཨིས་ར་ཨེལ་ལས་མ་ཡིན་པའི་མི་ཡན་ཞིག་ཀྱང་ཡུལ་ཐག་རིང་པོ་ནས། ཁྱེད་ཀྱི་མཚན་གྱི་དོན་དུ་འོངས་ཏེ། ༤༢ གང་ལ་ཞེ་ན། དེ་དག་གིས་ཁྱེད་ཀྱི་འཕགས་པའི་མཚན་དང་། ཁྱེད་ཀྱི་མཐུ་ལྡན་གྱི་ཕྱག་དང་། ཁྱེད་ཀྱི་བརྐྱང་བའི་ཕྱག་གི་ཕྲིན་ཐོས་པར་འགྱུར་རོ། དེ་དག་འོངས་ནས། ཕོ་བྲང་འདིར་སྨོན་ལམ་འདེབས་པའི་ཚེ། ༤༣ ཁྱེད་ཀྱིས་ཉིད་ཀྱི་བཞུགས་གནས་ནམ་མཁའ་ནས་གསན་ཏེ། མི་ཡན་དེས་སློང་བའི་ཞུ་བ་ཐམས་ཅད་བཞིན་དུ་སྐོང་བར་མཛོད་ཅིག དེ་ནས་ས་གཞི་འདིའི་མི་བརྒྱུད་ཀུན་གྱིས་ཁྱེད་ཀྱི་མཚན་ངོ་འཕྲོད་ཅིང་། ཁྱེད་ཀྱི་འབངས་ཨིས་ར་ཨེལ་བཞིན་དུ་ཁྱེད་ལ་བག་བྱེད་ཅིང་། བདག་གིས་བརྩིགས་པའི་ཕོ་བྲང་འདི་ནི་ཁྱེད་ཀྱི་མཚན་དང་ལྡན་པར་ངོ་འཕྲོད་པར་འགྱུར་རོ༎
༤༤ ཡང་ཁྱེད་ཀྱིས་ཉིད་ཀྱི་འབངས་གང་དུ་མངགས་པའི་སར་རང་གི་ཕ་རོལ་པ་ལ་དམག་འདེགས་ཤིང་། ཁྱེད་ཀྱིས་འདམས་པའི་གྲོང་ཁྱེར་དང་། བདག་གིས་བཞེངས་པའི་ཕོ་བྲང་འདིའི་ཕྱོགས་སུ་བལྟས་ནས། ཁྱེད་ཡ་ཧོ་ཝཱ་ལ་སྨོན་ལམ་འདེབས་ན། ༤༥ ཁྱེད་ཀྱིས་ནམ་མཁའ་ལས་དེ་དག་གི་སྨོན་ལམ་དང་སློང་བ་ལ་གསན་པར་མཛད་དེ། ཁྲིམས་དེའི་ནང་དུ་དེ་དག་ལ་གཤགས་གནོང་ཞིག
༤༦ ཇི་སྟེ་དེ་དག་གིས་ཁྱེད་ཀྱི་དྲུང་དུ་སྡིག་པ་བྱེད་ཅིང་། [གང་ལ་ཞེ་ན། སྡིག་པ་མི་བྱེད་པའི་མི་ནི་གང་ཡང་མེད་དོ།] ཁྱེད་དེ་དག་ལ་ཐུགས་འཁྲོ་སྟེ། དེ་དག་ཕ་རོལ་པོའི་ལག་ཏུ་བཏད་ནས། ཕ་རོལ་པས་དེ་དག་བཙོན་དུ་ཐག་ཉེ་རིང་གང་རུང་དུ་ཁྱེར་ཏེ། ༤༧ དེ་དག་བཙོན་དུ་ཡོད་པའི་ཡུལ་ན་ལོགས་བསམ་སྐོར་ཞིང་། འགྱོད་ཚངས་བྱེད་དེ། བཙོན་དུ་ཁྲིད་མཁན་རྣམས་ཀྱི་ཡུལ་ན་དེ་དག་གིས། བདག་ཅག་གིས་ཉེས་སྡིག་བྱས། བདག་ཅག་གིས་མགོ་རྒྱལ་བྱས། བདག་ཅག་གིས་ལོག་པར་བྱས་སོ། ཞེས་སྨྲ་ཞིང་། གསོལ་བ་འདེབས་ཏེ། ༤༨ དེ་དག་བཙོན་དུ་ཁྱེར་པའི་ཕ་རོལ་པའི་ཡུལ་ནས་རང་གི་སྙིང་ཚང་མ་དང་། ཡིད་ཚང་མ་ནས་ཁྱེད་ཀྱི་ཕྱོགས་སུ་སྒྱུར་ཏེ། ཁྱེད་ཀྱིས་དེ་དག་གི་ཕ་མེས་ལ་གནང་བའི་ཡུལ་དང་། ཁྱེད་ཀྱིས་འདམས་པའི་གྲོང་ཁྱེར་དང་། ཁྱེད་ཀྱི་མཚན་གྱི་ཕྱིར་བདག་གིས་བཞེངས་པའི་ཕོ་བྲང་གི་ཕྱོགས་སུ་བལྟས་ཤིང་སྨོན་ལམ་འདེབས་ན། ༤༩ ཁྱེད་ཀྱི་བཞུགས་གནས་ནམ་མཁའ་ནས་དེ་དག་གི་གསོལ་བ་དང་འོ་དོད་ལ་གསན་ཏེ། བྱ་བ་དེའི་ནང་དུ་དེ་དག་གི་སྟོངས་གྲོགས་མཛོད། ༥༠ ཡང་ཁྱེད་ཀྱི་འབངས་ཀྱིས་ཁྱེད་ཀྱི་སྤྱན་སྔར་བྱས་པའི་སྡིག་པ་དང་། ཁྱེད་ལ་ལོག་པར་བྱས་པའི་ངན་ཐམས་ཅད་སེལ་བར་མཛོད། དེ་དག་བཙོན་དུ་ཁྱེར་པ་རྣམས་ཀྱི་མདུན་དུ་དེ་དག་ལ་སྙིང་རྗེ་རྙེད་པའི་ཕྱིར་ཐུགས་རྗེས་གཟིགས། ༥༡ དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ཁྱེད་ཀྱིས་མི་སེར་ཡུལ་ནས་མེའི་ལྕགས་བཞུན་ཐབ་ཀྱི་དཀྱིལ་ནས་བཏོན་ནས་ཁྱེར་མཁན་ནམ། ཁྱེད་ཀྱིས་བདག་ཏུ་མཛད་པའི་མི་བརྒྱུད་ལགས། ༥༢ དེ་བས་ན་དེ་དག་གིས་ཁྱེད་ལས་ཞུ་བ་ཐམས་ཅད་གསན་པའི་སླད་དུ། ཁྱེད་ཀྱི་བྲན་པོའི་སློང་བ་དང་། ཁྱེད་ཀྱི་མི་བརྒྱུད་ཨིས་ར་ཨེལ་གྱི་ཞུ་སྒྲ་ཡི་ཕྱོགས་སུ་ཁྱེད་ཀྱི་སྤྱན་འབྱེད་པར་མཛོད། ༥༣ དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་བདག་ཅག་གི་ཕ་མེས་རྣམས་མི་སེར་ཡུལ་ནས་ཁྲིད་པའི་དུས་སུ། ཉིད་ཀྱི་བྲན་པོ་མོ་ཤེའི་ངང་ནས་གསུངས་པ་བཞིན་དུ། ས་གཞིའི་མི་ཚོགས་ཀུན་གྱི་ཁྲོད་ལས་ཁྱེད་ཀྱིས་དེ་དག་ཉིད་ཀྱི་བདག་ཏུ་མཛད་པའི་དོན་དུ་ཕྱེས་པར་མཛད་པའི་ཕྱིར་རོ། ཀྱེ་ཡ་ཧོ་ཝཱ། ཇོ་བོ་ལགས། ཞེས་ཞུས་སོ༎
༥༤ དེ་ནས་ཤ་ལོ་མོས་ཡ་ཧོ་ཝཱའི་དྲུང་དུ་སྨོན་ལམ་དང་སློང་བ་དེ་ཐམས་ཅད་རྫོགས་པ་དང་། ཡ་ཧོ་ཝཱའི་མཆོད་ཁྲིའི་མདུན་དུ་པུས་མོ་བཏུད་ཅིང་། ལག་པ་གནམ་གྱི་ཕྱོགས་སུ་བརྐྱང་ནས། ཡར་ལངས་ཏེ། ༥༥ ཀྱེར་ལངས་ཤིང་། ཨིས་ར་ཨེལ་གྱི་ཆོས་ཚོགས་ཐམས་ཅད་ལ་བྱིན་གྱིས་བརླབས་ཤིང་། སྐད་ཆེན་པོས་འདི་སྐད་དུ། ༥༦ ཉིད་ཀྱི་བྲན་པོ་མོ་ཤེའི་ངང་ནས་མཛད་པའི་ཞལ་བཞེས་བཟང་པོའི་ནང་ནས་ཚིག་གཅིག་ཀྱང་མ་བཞིག་པར། ཁོང་ཉིད་ཀྱི་འབངས་ཨིས་ར་ཨེལ་ལ་དུས་བདེ་གནང་བའི་ཡ་ཧོ་ཝཱ་ལ་བཀྲ་ཤིས་ཤོག ༥༧ བདག་ཅག་གི་ཕ་མེས་རྣམས་དང་ཡ་ཧོ་ཝཱ་འགྲོགས་པ་ལྟར། བདག་ཅག་དང་འགྲོགས་པར་ཤོག ཁོང་གིས་བདག་ཅག་མི་འབོར་བར་ཤོག བདག་ཅག་མི་འདོར་བར་ཤོག ༥༨ དེས་མ་ཟད། བདག་ཅག་རྣམས་ཁོང་གི་གཤེགས་ལམ་གྱི་ནང་དུ་འགྲུལ་བ་དང་། ཕ་མེས་རྣམས་ལ་གནང་བའི་བཀའ་རྒྱ་དང་། སྤྱད་མཚམས་དང་། བཀའ་ཁྲིམས་རྣམས་སྲུང་བའི་ཕྱིར་དུ། ཁོང་གིས་བདག་ཅག་གི་སྙིང་རྣམས་ཉིད་ཀྱི་ཕྱོགས་སུ་སྒྱུར་བར་ཤོག ༥༩ ཡང་བདག་གིས་ཡ་ཧོ་ཝཱའི་སྤྱན་ལམ་དུ་ཕུལ་བའི་གཏམ་འདི་རྣམས་ནི་མཚན་ཉིན་དུ་ཡ་ཧོ་ཝཱ་བདག་ཅག་གི་དཀོན་མཆོག་དང་ཐག་ཉེ་བར་ལུས་པར་ཤོག་ཅིག ཡང་དུས་སྐབས་དང་མཚུངས་པར། ཁོང་གིས་ཉིད་ཀྱི་བྲན་པོ་དང་། ཉིད་ཀྱི་མི་བརྒྱུད་ཨིས་ར་ཨེལ་གྱི་སྟོངས་གྲོགས་མཛད་པར་ཤོག་ཅིག ༦༠ དེ་ཅིའི་ཕྱིར་ཞེ་ན། ས་གཞིའི་མི་བརྒྱུད་ཐམས་ཅད་ཀྱིས་ཡ་ཧོ་ཝཱ་ནི་དཀོན་མཆོག་ལགས་ཤིང་། ཁོང་མ་གཏོགས་པར་གཞན་དཀོན་མཆོག་གང་ཡང་མེད་པར་རྟོགས་པའི་ཕྱིར་དུའོ། ༦༡ ཁྱོད་ཅག་ཁོང་གི་སྤྱད་མཚམས་བཞིན་དུ་འགྲུལ་བ་དང་། དེ་རིང་བཞིན་དུ་ཁོང་གི་བཀའ་རྒྱ་རྣམས་སྲུང་བའི་དོན་དུ། ཁྱོད་ཀྱི་སྙིང་རྣམས་ངེད་ཀྱི་དཀོན་མཆོག་ཡ་ཧོ་ཝཱའི་དྲུང་དུ་ཕུན་སུམ་ཚོགས་པར་གྱུར་ཅིག ཅེས་བསྐུལ་ནས།
༦༢ རྒྱལ་པོ་དང་། ཁོང་དང་ལྷན་ཅིག་ཏུ་ཨིས་ར་ཨེལ་ཐམས་ཅད་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་མཆོད་པ་ཕུལ་བ་ནི། ༦༣ ཤ་ལོ་མོས་གླང་སྟོང་ཚོ་ཉེར་གཉིས་དང་། ལུག་འབུམ་ཚོ་གཅིག་དང་སྟོང་ཚོ་ཉི་ཤུ་བདེ་བའི་མཆོད་པར་ཡ་ཧོ་ཝཱ་ལ་ཕུལ་ཏེ། རྒྱལ་པོ་དང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱའི་མཆོད་ཁང་གི་རབ་གནས་བྱས་སོ། ༦༤ ཉིན་དེ་ཉིད་ལ་རྒྱལ་པོས་ཡ་ཧོ་ཝཱའི་ཕོ་བྲང་གི་མདུན་དུ་ཡོད་པའི་ཚོམས་ཀྱི་དབུས་ཆ་དེ་དམ་པར་བྱས་ཏེ། སྦྱིན་སྲེག་དང་། ཞལ་ཟས་ཀྱི་མཆོད་པ་དང་། བདེ་བའི་མཆོད་པའི་ཚིལ་རྣམས་ཕུལ་ཏོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་དྲུང་དུ་ཡོད་པའི་ར་གན་གྱི་མཆོད་ཁྲི་དེ་ཆུང་བ་ལགས་པས། སྦྱིན་སྲེག་དང་། ཞལ་ཟས་ཀྱི་མཆོད་པ་དང་། བདེ་བའི་མཆོད་པའི་ཚིལ་རྣམས་མ་ཆུད་དོ༎
༦༥ ཡང་དེའི་དུས་སུ་ཤ་ལོ་མོ་དང་། ཧ་མད་དུ་འཇུག་པའི་ས་ཆ་ནས་བཟུང་སྟེ། མི་སེར་གྱི་གཙང་པོའི་བར་གྱི་ཨིས་ར་ཨེལ་ཐམས་ཅད་དམ། མི་ཚོགས་ཤིན་ཏུ་ཆེ་བ་ཞིག་གིས། ཁོང་དང་བཅས་པར་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་སྤྱན་སྔར་ཉིན་བདུན་མཚན་བདུན་ཉི་མ་བཅུ་བཞིའི་རིང་དུ་དགའ་སྟོན་བྱས་སོ། ༦༦ ཞག་བརྒྱད་པར་ཁོང་གིས་མི་ཚོགས་འགྲོར་བཅུག་སྟེ། དེ་དག་གིས་རྒྱལ་པོ་ལ་ཤིས་པར་བརྗོད་ཅིང་། ཡ་ཧོ་ཝཱས་ཁོང་ཉིད་ཀྱི་གཡོག་པོ་དཱ་བིད་དང་། ཁོང་གི་འབངས་ཨིས་ར་ཨེལ་ལ་མཛད་པའི་ཕྲིན་ལས་བཟང་པོའི་ཕྱིར་སྤོ་བ་སྐྱེད་ཅིང་། སྙིང་དགའ་ཞིང་རེ་རང་གི་གུར་དུ་སོང་ངོ་༎